བཅུ་བདུན་པ། དཀའ་བ་སྤྱད་པའི་ལེའུ།
དགེ་སློང་དག་ཡང་དེའི་ཚེ་རངས་བྱེད་ཀྱི་བུ་ལྷག་སྤྱོད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གནས་བཅས་ནས་སློབ་མའི་ཚོགས་ཆེན་པོ་སློབ་མ་བདུན་བརྒྱ་དང་ལྷན་ཅིག་ཏུ་གནས་ཏེ། དེ་དེ་དག་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་ཏོ། །དགེ་སློང་
དག་བྱང་ཆུབ་སེམས་དཔའ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཚོགས་དང་ལྡན་པ་ཚོགས་ཅན། ཚོགས་ཀྱི་སློབ་དཔོན། གྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ། ཀུན་གྱིས་ཤེས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་འདི་ཚོགས་དང་ལྡན་པ། ཚོགས་ཅན། ཚོགས་ཀྱི་སློབ་དཔོན། གྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ་ཀུན་གྱིས་ཤེས་པ་ཡིན་ན། གལ་ཏེ་བདག་དེའི་དྲུང་དུ་སོང་སྟེ། བརྟུལ་ཞུགས་དང་དཀའ་ཐུབ་མ་བརྩམས་ན་ནི། འདི་བདག་ལ་ཁྱད་པར་དུ་འཕགས་པའི་འདུ་ཤེས་ཀྱང་མི་སྐྱེད་ལ། མངོན་སུམ་གྱི་ཤེས་པས་ཀྱང་ཤེས་པར་མི་འགྱུར་བ་དང་། འདུས་བྱས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་ཀྱང་སུན་ཕྱུང་བར་མ་གྱུར་གྱིས། གང་གིས་ན་དེ་ལ་བསམ་གཏན་གྱི་སྤྱོད་ཡུལ་དག་དང་སྙོམས་པར་འཇུག་པའི་དམིགས་པ་དག་མངོན་སུམ་དུ་འགྱུར་བ་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་དག་ཀྱང་འབྱུང་བ་མ་ཡིན་པར་བསྟན་པར་འགྱུར་བ་དེ་ལྟ་བུའི་ཐབས་ཤིག་བསྟན་པར་བྱའམ། བདག་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་དུ་སོང་སྟེ། བདག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་དེའི་སློབ་མར་ཁས་བླངས་ལ། འདུས་བྱས་ཀྱི་ཏིང་ངེ་འཛིན་སྙིང་པོ་མེད་པར་བསྟན་པར་བྱའམ་སྙམ་མོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དོན་དེའི་དབང་དུ་བྱས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་ཀྱི་སྟོན་པ་ནི་སུ་ཞིག །སུས་ཆོས་བསྟན་པ་ཀུན་ཤེས། དེ་སྐད་ཅེས་སྨྲས་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁོ་བོ་ལ་སྟོན་པ་གང་ཡང་མེད་དེ། འོན་ཀྱང་ཁོ་བོ་རང་གིས་འདི་ཡང་དག་པར་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་ཅི་ཁོང་དུ་ཆུད། སྨྲས་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ལམ་མོ། །བྱང་
ཆུབ་སེམས་དཔས་སྨྲས་པ། བདག་གིས་ཁྱོད་ལས་ཏིང་ངེ་འཛིན་གྱི་ལམ་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་པར་འཚལ་ལོ། །སྨྲས་པ། དེ་ལྟར་བྱའོ་ཞེས་བྱ་བ་ནས་གདམས་ངག་བྱིན་པའི་བར་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་གཅིག་ཏུ་སོང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ །འདུག་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་དང་། སྔོན་སྤྱད་པ་ལེགས་པར་སྤྱད་པའི་འབྲས་བུའི་ཁྱད་པར་དང་། ཏིང་ངེ་འཛིན་ཐམས་ཅད་ལ་འདྲིས་པའི་ཁྱད་པར་དང་། དེ་སེམས་ལ་དབང་སྒྱུར་བའི་ཕྱིར་བསམ་གཏན་ལ་སོགས་པའི་འཇིག་རྟེན་པའི་སྙོམས་པར་འཇུག་པ་བརྒྱ་སྟོང་ཐམས་ཅད་རྣམ་པ་དང་བཅས། བྱེ་བྲག་དང་བཅས་པར་མངོན་སུམ་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་དང་ཤེས་བཞིན་དུ་སྟན་ལས་ལངས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལམ་ལས་གོང་ན་གཞན་འགའ་ཞིག་ཡོད་དམ། དེས་སྨྲས་པ། མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལྷག་སྤྱོད་འབའ་ཞིག་ལ་དད་པ་ཡོད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པ་མ་ཡིན་གྱི། བདག་ལ་ཡང་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་དོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་གང་དུ་ངེས་པར་བྱུང་བའི་ཆོས་དེ་ཁོ་བོས་ཀྱང་ཁོང་དུ་ཆུད་དོ། །དེས་སྨྲས་པ། དེ་བས་ན་འདོང་ཁྱོད་དང་ཁོ་བོས་ཚོགས་འདི་དག་ལ་རྗེས་སུ་བསླབ་བོ་ཞེས་བྱང་ཆུབ་སེམས་དཔའ་དོན་འཐུན་པ་དང་། སློབ་དཔོན་གྱི་གནས་སུ་བཞག་གོ །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་ལམ་འདི་ནི་ཡིད་འབྱུང་བར་འགྱུར་བ་མ་ཡིན། འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན། འགོག་པར་འགྱུར་བ་མ་ཡིན། ཉེ་བར་ཞི་བར་འགྱུར་བ་མ་ཡིན། མངོན་པར་ཤེས་པར་འགྱུར་བ་མ་ཡིན། རྫོགས་པར་བྱང་ཆུབ་པར་འགྱུར་བ་མ་ཡིན།
དགེ་སྦྱོང་ཉིད་དུ་འགྱུར་བ་མ་ཡིན། མྱ་ངན་ལས་འདས་པར་འགྱུར་བ་མ་ཡིན་ནོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷག་སྤྱོད་སློབ་མ་དང་བཅས་པ་འདུན་པར་བྱས་ནས། དེ་ཙམ་གྱིས་ཆོག་གོ་ཞེས་བྱ་བ་ནས་ཆོག་པར་བྱས་ཏེ་སོང་བའི་བར་དུའོ། །དེའི་ཚེ་ལྔ་སྡེ་བཟང་པོ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་ཚངས་པར་སྤྱད་པ་སྤྱོད་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདིའི་ཕྱིར་ཡུན་རིང་པོར་བཙལ་ཅིང་བརྩོན་པར་བྱས་ཀྱང་མཐའ་དང་མུ་ཁོང་དུ་ཆུད་པར་མ་ནུས་ཀྱི། དགེ་སྦྱོང་གཽ་ཏ་མས་ཚེགས་ཆུང་ངུས་ཁོང་དུ་ཆུད་ཅིང་མངོན་དུ་བྱས་ལ་དེ་དེ་ཡང་མི་འདོད་ཅིང་། དེ་ལས་གོང་དུ་ཚོལ་བ་ལས་ཐེ་ཚོམ་མེད་པར་དེ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་རོ། །གང་དེས་མངོན་དུ་བྱེད་པར་འགྱུར་བ་དེ་བདག་ཅག་ལ་ཡང་འགེད་པར་འགྱུར་རོ་སྙམ་མོ། །དེ་ལྟར་དཔྱད་ནས་ལྔ་སྡེ་བཟང་པོས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་ནས་དོང་སྟེ། བྱང་ཆུབ་སེམས་དཔའི་ཕྱི་བཞིན་འབྲང་ངོ་། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་རྒྱལ་པོའི་ཁབ་ཏུ་གནས་ནས་ལྔ་སྡེ་བཟང་པོ་དང་ལྷན་ཅིག་ཏུ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་སོང་སོང་ངོ་། །ཡང་དེའི་ཚེ་རྒྱལ་པོའི་ཁབ་དང་། རི་ག་ཡཱའི་བར་ན་ཚོགས་གཞན་དག་ཅིག་དུས་སྟོན་བྱེད་དེ། ཚོགས་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལྔ་སྡེ་བཟང་པོ་དང་ལྷན་ཅིག་ཏུ་གནས་པར་བྱ་བ་དང་། ཟས་ལ་འགྲོན་དུ་བོས་སོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་ཡུལ་མ་ག་དྷཱའི་རི་ག་ཡཱ་ག་ལ་བ་དེར་སོང་སྟེ། དེར་ཕྱིན་པར་གྱུར་ཏོ། །རི་ག་ཡཱའི་རྩེ་མོ་དེར་བྱང་ཆུབ་སེམས་དཔས་སྤོང་བའི་ཕྱིར་གནས་ཏེ། དེ་དེར་གནས་པའི་ཚེ། སྔོན་མ་ཐོས་པ་དང་། སྔོན་མི་ཤེས་པའི་དཔེ་གསུམ་མངོན་དུ་གྱུར་ཏོ། །གསུམ་གང་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་འདོད་པ་དག་ལས་ལུས་དབེན་པར་མི་གནས་འདོད་པ་དག་ལས་སེམས་དབེན་པར་མི་གནས་ཤིང་། དེ་དག་གི་འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་བརྐམ་པ་དང་། འདོད་པ་ལ་ཡོངས་སུ་གདུང་བ་དང་། འདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ་མ་ཡིན་ལ། དེ་དག་བདག་
ཉིད་ཀྱིས་གནོད་པ་བྱེད་ཅིང་ལུས་ལ་གདུང་བར་བྱེད་པས། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་ཚ་བ་མྱོང་སྟེ། འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱེད་མི་ནུས་སོ། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་མེ་འདོད་ལ་ཤིང་རློན་པའི་གཙུབ་སྟན་དང་། ཤིང་རློན་པའི་གཙུབ་ཤིང་ཐོགས་ལ་ཆུར་བཅུག་སྟེ་གཙུབས་ན་དེས་མེ་ཕྱིན་པར་མི་ནུས་སོ། །དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་དེ་དག་འདོད་པ་རྣམས་ལས་ལུས་དབེན་པར་མི་གནས། འདོད་པ་རྣམས་ལས་སེམས་དབེན་པར་མི་གནས་ཏེ།དེ་དག་གི་འདོད་པ་ལ་དགའ་བ་དང་། འདོད་པ་ལ་སྲེད་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་བརྐམ་པ་དང་། འདོད་པ་ལ་ཡོངས་སུ་གདུང་བ་དང་། འདོད་པ་ལ་བརྒྱལ་བ་དང་། འདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ་མ་ཡིན་གྱི། དེ་དག་བདག་ཉིད་ཀྱིས་གནོད་པར་བྱེད་ཅིང་། ལུས་ལ་གདུང་བར་བྱེད་པས། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་ཚ་བ་མྱོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱེད་མི་ནུས་སོ་སྙམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལ་དཔེ་མངོན་དུ་གྱུར་པ་དང་པོའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། གང་དགེ་སྦྱོང་དང་། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཀྱང་། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་མེ་ཚོལ་བ་ཞེས་བྱ་བའི་བར་དུ་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། དེས་ཤིང་རློན་པའི་གཙུབ་སྟན་ཐོགས་ལ་ཐང་ལ་བཞག་སྟེ། ཤིང་རློན་པའི་གཙུབ་ཤིང་གིས་གཙུབས་ན་དེས་མེ་ཕྱིན་པར་མི་ནུས་སོ། །དེ་བཞིན་དུ་གང་དགེ་སྦྱོང་དང་བྲམ་ཟེ་འདི་དག་ཅེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་མི་ནུས་སོ་སྙམ་སྟེ། འདི་ནི་སྔོན་མ་ཐོས་ཤིང་མི་ཤེས་པའི་དཔེ་མངོན་དུ་གྱུར་པ་གཉིས་པའོ། །གཞན་ཡང་གང་དགེ་སྦྱོང་དང་། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཤིང་། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་
སྦྱར་ཏེ་དེ་དག་གི་དེ་ནི་ཉེ་བར་ཞི་བ་ཡིན་ཏེ། དེ་དག་བདག་ཉིད་ཀྱིས་གནོད་པ་བྱེད་ཅིང་ལུས་ལ་གདུང་བར་བྱེད་པས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་མྱོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མངོན་དུ་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ། །འདི་ལྟ་སྟེ་དཔེར་ན་སྐྱེ་བུ་ཞིག་མེ་འདོད་ཅིང་འོད་འདོད་པ་དང་། འོད་ཚོལ་བར་གྱུར་ལ། དེས་ཤིང་སྐམ་པོའི་གཙུབ་སྟན་དང་། གཙུབ་ཤིང་ཐོགས་ཤིང་ཐང་ལ་བཞག་སྟེ་གཙུབས་ན། དེས་མེ་དབྱུང་བ་དང་འོད་འབར་བར་བྱེད་ནུས་སོ། །དེ་བཞིན་དུ་གང་དགེ་སྦྱོང་དང་བྲམ་ཟེ་འདི་དག་ཅེས་བྱ་བ་ནས། ཚོར་བ་མྱོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འོན་ཀྱང་དེ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ་སྙམ་སྟེ། འདི་ནི་སྔོན་མ་ཐོས་ཤིང་སྔོན་མི་ཤེས་པའི་དཔེ་གསུམ་པའོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་ད་ལྟར་འདོད་པ་རྣམས་ལས་ལུས་དབེན་པར་གནས། འདོད་པ་རྣམས་ལས་སེམས་དབེན་པར་གནས་ལ། བདག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། བདག་གི་དེ་ཡང་ཉེ་བར་ཞི་བ་ཡིན་ལ་བདག་ཉིད་ཀྱིས་གནོད་པར་བྱས་ཤིང་ལུས་ལ་གདུང་བར་བྱེད་པས་སྡུག་བསྔལ་ཞེས་བྱ་བ་ནས་ཚོར་བ་མྱོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། འོན་ཀྱང་བདག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ་སྙམ་མོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་ག་ཡཱའི་རིར་ག་ཡཱའི་རྩེ་མོ་ལ་གནས་ཏེ། རྐང་གིས་ཡུལ་རྒྱུ་ཞིང་སྡེ་དཔོན་གྱི་གྲོང་ལྟེང་རྒྱས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་ན་ཀླུང་ནཻ་རན་ཛ་ན་ཆུ་གསལ་བ་འབབ་སྟེགས་བདེ་བ། ཤིང་དང་ཤིང་གེལ་པ་མཛེས་པ་དག་གིས་བརྒྱན་པ་ཉེ་འཁོར་ན་སྤྱོད་ཡུལ་གྱི་གྲོང་ཡོད་པ་མཐོང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཡིད་ཤིན་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། ཨེ་མའོ་ས་ཕྱོགས་འདི་ནི་མཉམ་ཤིང་ཉམས་དགའ་བ། ནང་དུ་ཡང་དག་འཇོག་
དང་འཐུན་པ་སྟེ། རིགས་ཀྱི་བུ་སྤོང་བ་དོན་དུ་གཉེར་བ་ལ་ནི་འདིས་ཆོག་གོ །བདག་ཀྱང་སྤོང་བ་དོན་དུ་གཉེར་བ་ཡིན་གྱིས་བདག་འདི་ཉིད་དུ་གནས་པར་བྱའོ་སྙམ་མོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་ནི་འཛམ་བུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབ་ཅིང་སེམས་ཅན་རྣམས་དམན་པ་ལ་མོས་པ་དང་། མུ་སྟེགས་ཅན་གྱི་སྡེས་གང་བ་དང་། ལྟ་བ་སྣ་ཚོགས་ལ་ཞུགས་པ་དང་། ལུས་ལ་རིལ་པོར་འཛིན་པ་ལ་ཞེན་པའི་ཚེ་འོངས་ཏེ། བླུན་པོ་དག་གདུང་བས་ཡོངས་སུ་གདུང་བ་རྣམ་པ་སྣ་ཚོགས་ཀྱིས་དག་པ་ཚོལ་ཞིང་སྟོན་པ་འདི་ལྟ་སྟེ། སྔགས་སྤྱོད་པ་དང་ལག་པ་ལ་ལྡག་པ་དང་། མི་སློང་བ་དང་། མི་སྨྲ་བ་དང་། རྩ་བ་དུ་མ་ཟ་བ་དང་། ཤ་དང་ཉ་མི་ཟ་བ་དང་། དབྱར་མི་འབྱུང་བ་དང་། ཆང་དང་། ཕུབ་མ་དང་། ཆུ་ཡོངས་སུ་སྤངས་པ་དང་། ཁྱིམ་གཅིག་དང་། གསུམ་དང་། ལྔ་དང་བདུན་ནས་ཟས་ལེན་པ་དང་། རྩ་བ་དང་། འབྲས་བུ་དང་། ཉ་ལྕིབས་དང་། རྩྭ་ཀུ་ཤ་དང་། ལོ་མ་དང་། བ་ལང་གི་ལྕི་བ་དང་། བའི་གཅིན་དང་། འོ་ཐུག་དང་། ཞོ་དང་། མར་དང་། བུ་རམ་དང་། མ་བརྟགས་པ་ཟ་ཞིང་འཐུང་བ་དང་། བྱ་ངང་པ་དང་། ཕུག་རོན་གྱིས་ཟོས་ཏེ་བོར་བ་བཀྲུས་ཏེ་ཟ་བ་དང་། གྲོང་དང་དགོན་པས་འཚོ་བ་དང་། བ་ལང་གི་བརྟུལ་ཞུགས་དང་། རི་དགས་དང་། ཁྱི་དང་། ཕག་དང་། སྤྲེའུ་དང་། གླང་པོ་ཆེའི་བརྟུལ་ཞུགས་དང་། འགྲེང་བ་དང་། མི་སྨྲ་བ་དང་། དཔའ་བོའི་ཚུལ་དུ་འདུག་པ་དང་། ཁམ་གཅིག་ཟ་བ་དང་། ཁམ་བདུན་གྱི་བར་དུ་ཟ་བ་དང་། ཟས་ལན་གཅིག་ཟ་བ་དང་། ཉིན་ཞག་གཅིག་ཟ་བ་དང་། བཞི་དང་ལྔ་དང་དྲུག་གི་སྐབས་སྐབས་སུ་ཟ་བ་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་ཟ་བར་བྱེད་པ་དང་། ཟླ་བ་ལ་ལྟ་བ་དང་། བྱ་རྒོད་དང་། འུག་པའི་གཤོག་པ་ཐོགས་པ་དང་། ཤིང་ལེབ་དང་། རྩྭ་མུན་ཛ་དང་། ཟར་མའི་ཤུན་པ་དང་། རྩྭ་དཱུར་བ་དང་། གྲེས་མ་དང་། རྔ་བལ་གྱི་ལ་བ་དང་། ར་བལ་གྱི་ལ་བ་དང་། སྐྲའི་ལ་བ་དང་། ཀོ་ལྤགས་གྱོན་པ་དང་། གོས་གཤེར་བ་དང་། སྟེགས་བུའི་སྟེང་དང་། ཆུའི་ནང་ན་ཉལ་བ་དང་། ཐལ་བ་དང་། རྡོ་དང་། གྱོ་མོ་དང་། ཤིང་ལེབ་དང་། ཚེར་མ་དང་། རྩྭ་དང་།
གཏུན་ཤིང་གི་སྟེང་དུ་ཉལ་བ་དང་། མགོ་ཐུར་དུ་བསྟན་པ་དང་། ཙོག་ཙོག་པོར་འདུག་པ་དང་། ཐང་ལ་ཉལ་བ་དང་། གོས་གཅིག་དང་། གོས་གཉིས་དང་། གསུམ་དང་བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། གོས་མང་པོ་སྲེལ་བ་དང་། གཅེར་བུར་འདུག་པ་དང་། འཁྲུ་བ་དང་། མི་འཁྲུ་བའི་ཆོ་ག་ཅན་དང་། སྐྲ་དང་། སེན་མོ་དང་། ཨག་ཙོམ་རིང་པོར་འཇོག་པ་དང་། རལ་པའི་ཐོར་ཚུགས་འཆང་བ་དང་། རྒྱ་ཤུག་དང་། ཏིལ་དང་། འབྲས་འབྲུ་གཅིག་ཟ་བ་དང་། ཐལ་བ་དང་། སྣག་ཙ་དང་། མེ་ཏོག་སྤྱད་སྤྱད་པ་དང་རྡུལ་འཐུལ་བ་དང་། རྡུལ་ནག་པོ་དང་། ཕྱག་དར་དང་། རྫབ་ཀྱིས་ལུས་ལ་སྐུད་པ་དང་། བ་སྤུ་དང་། མིའི་ཐོད་པ་དང་། སྐྲ་དང་། སེན་མོ་དང་། ཚལ་བུའི་སྨད་གཡོགས་དང་། རྫབ་དང་། ཀེང་རུས་ཐོགས་པ་དང་། ཆུ་དྲོན་པོ་དང་། འབྲས་ཀྱི་ཁུ་བ་ལ་བར་བཙགས་པ་དང་། ཁྲུད་མ་འཐུང་བ་དང་། མདག་མ་དང་། ཚོན་རྩི་དང་། གོས་ངུར་སྨྲིག་དང་། ཁར་བ་གསུམ་དང་། མགོ་འདྲེག་པ་དང་། རིལ་བ་དང་། མིའི་ཐོད་པ་དང་། ཁྲིའི་ཟུར་ཤིང་འཆང་བས་བླུན་པོ་རྣམས་དག་པར་ཁོང་དུ་ཆུད་དོ། །དུ་བ་རྔུབ་པ་དང་། མེ་རྔུབ་པ་དང་། ཉི་མ་ལ་ལྟ་བ་དང་། གདུང་བ་ལྔ་བྱེད་པ་དང་། རྐང་པ་གཅིག་དང་། ལག་པ་གཅིག་བསྟོད་པ་དང་། རྐང་པ་གཅིག་བཙུགས་པ་དང་། གནས་གཅིག་ན་འདུག་པས་དཀའ་ཐུབ་ལ་སོགས་པ་དང་། ཕུབ་མ་ལ་སོགས་པ་དང་། མདག་མ་བསྲེགས་པ་དང་། བུམ་པ་བསྲེགས་པ་དང་། རྡོ་བསྲེགས་པ་དང་། མེ་འབར་བར་འཇུག་པ་དང་། ཟས་མི་ཟ་བ་དང་། མྱ་ངན་དང་། འབབ་སྟེགས་སུ་སོང་སྟེ་ཤི་བས་སྡུག་པའི་འགྲོ་བ་ཚོལ་ལོ། །རབ་བསྔགས་ཞེས་བྱ་བ་དང་། གཞི་མི་འགྲིབ་པ་ཞེས་བྱ་བ་དང་། གཞི་སྲུང་ཞེས་བྱ་བ་དང་། གཞི་ཚུགས་ཞེས་བྱ་བ་དང་། སྨོན་ལམ་དང་། བསྟོད་པ་དང་། སྦྱིན་སྲེག་དང་། དབབ་པ་དང་། སྔགས་ཀྱི་བཟླས་བརྗོད་དང་། ཀླག་པ་འཛིན་ཅིང་བྱེད་པས་དག་པར་ཁོང་དུ་ཆུད་དོ། །བདག་དག་པར་སེམས་ཤིང་དེ་དག་ལ་རྟེན་ཏེ། འདི་ལྟ་སྟེ་ཚངས་པ་དང་། དབང་པོ་དང་། གུ་ལང་དང་།
ཁྱབ་འཇུག་དང་། ལྷ་མོ་དང་། གཞོན་ནུ་དང་། མ་མོ་དང་། ཀ་ཏྱའི་བུ་དང་། ཟླ་བ་དང་། ཉི་མ་དང་། རྣམ་ཐོས་ཀྱི་བུ་དང་། ཆུ་ལྷ་དང་། ནོར་ཅན་གྱི་བུ་དང་། ཐ་སྐར་གྱི་བུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། འཁོར་དང་། ཚོགས་དང་། མཚུན་དང་། ཤ་ཟ་དང་། ལྷའི་དྲང་སྲོང་དང་། རྒྱལ་པོའི་དྲང་སྲོང་དང་། ཚངས་པའི་དྲང་སྲོང་དག་ལ་ཕྱག་འཚལ་ཞིང་དེ་དག་ལ་སྙིང་པོར་འདུ་ཤེས་སོ། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལ་ཡང་རྟེན། རི་དང་། རི་སུལ་དང་། ཀླུང་དང་། ཆུ་མིག་དང་། མཚོ་དང་། མཚེའུ་དང་། རྫིང་དང་། རྒྱ་མཚོ་དང་། ལྟེང་ཀ་དང་། ཁྲོན་པ་དང་། རྫིང་བུ་དང་། ཤིང་དང་། ཤིང་གེལ་པ་དང་། འཁྲི་ཤིང་དང་། རྩྭ་དང་། སྡོང་དུམ་དང་། ལྷས་དང་། དུར་ཁྲོད་དང་། བཞི་མདོ་དང་། སུམ་མདོ་དང་། སྲང་དག་ལ་ཡང་རྟེན་ཏོ། །ཁང་པ་དང་། ཀ་བ་དང་། རྡོ་བ་དང་། ཐོ་བ་དང་། རལ་གྲི་དང་། གཞུ་དང་། དགྲ་སྟ་དང་། མདའ་དང་། མདུང་ཐུང་དང་། རྩེ་གསུམ་པ་དག་ལའང་ཕྱག་འཚལ་ལོ། །ཞོ་དང་། མར་དང་། ཡུངས་ཀར་དང་། ནས་དང་། ཤིང་བལ་གྱི་ཕྲེང་བ་དང་། རྩྭ་དཱུར་བ་དང་། ནོར་བུ་དང་། གསེར་དང་། དངུལ་ལ་སོགས་པ་ལ་བཀྲ་ཤིས་པར་འཛིན་ཏེ། གཞན་མུ་སྟེགས་ཅན་འདི་དག་འཁོར་བས་འཇིགས་སྐྲག་ནས་རྣམ་པ་དེ་ལྟ་བུ་དག་བྱེད་ཅིང་རྟེན་ཏོ། །འདི་ན་ཁ་ཅིག་བདག་ཅག་གི་མཐོ་རིས་དང་ཐར་པ་ཡང་འདི་ལྟ་བུ་དག་ལས་འགྲུབ་པོ་སྙམ་དུ་སེམས་ཏེ། དེ་ལྟར་ལོག་པའི་ལམ་དུ་སོང་བས་སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་ཤིང་། བཀྲ་ཤིས་མ་ཡིན་པ་ལ་བཀྲ་ཤིས་པར་འདུ་ཤེས་ལ། དག་པ་མ་ཡིན་པ་ལ་དག་པར་སེམས་ཀྱིས་བདག་གིས་ཅི་ནས་ཀྱང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་པར་འགྱུར་བ་དང་། སེམས་ཅན་ལས་དང་བྱ་བ་ཆུད་ཟོས་པ་རྣམས་ཀྱི་ལས་དང་བྱ་བ་ཆུད་མི་ཟ་བ་བསྟན་པར་བྱ་བ་དང་། གཟུགས་ན་སྤྱོད་པའི་ལྷ་བསམ་གཏན་སྤྱོད་ཡུལ་པ་རྣམས་ལ་བསམ་གཏན་གྱི་ཁྱད་པར་བསྟན་པས་
འདུན་པར་བྱེད་པ་དེ་ལྟ་བུའི་བརྟུལ་ཞུགས་དང་། དཀའ་ཐུབ་ཀྱི་ཁྱད་པར་བརྩམ་མོ་སྙམ་མོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་དེ་སྙམ་དུ་བསམས་ནས་ལོ་དྲུག་ཏུ་བརྟུལ་ཞུགས་དང་དཀའ་ཐུབ་ཤིན་ཏུ་དྲག་པོ་ཤིན་ཏུ་སྤྱད་པར་དཀའ་བ། ཤིན་ཏུ་བྱ་བར་དཀའ་བའི་དཀའ་བ་སྤྱད་པར་བརྩམས་སོ། །ཅིའི་ཕྱིར་དཀའ་བ་སྤྱད་པ་ཞེས་བྱ་ཞེ་ན། དེ་ནི་སྤྱད་པར་དཀའ་བ་སྟེ། དེ་བས་ན་དཀའ་བ་སྤྱད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གང་བསམ་གཏན་མཁའ་ཁྱབ་ལ་སྙོམས་པར་ཞུགས་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན་མིའམ་མི་མ་ཡིན་པ་སུས་ཀྱང་དཀའ་བ་སྤྱད་པ་དེ་ལྟ་བུ་སྤྱོད་པར་ནུས་པ་མེད་དོ། །ཅིའི་ཕྱིར་མཁའ་ཁྱབ་ཅེས་བྱ་ཞེ་ན། དེ་དང་པོ་ཉིད་དུ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ། དབུགས་ཕྱི་ནང་དུ་རྒྱུ་བ་ཉེ་བར་འགོག་ཀུན་ཏུ་འགོག་སྟེ། བསམ་གཏན་དེ་ནི་རྟོག་པ་མེད། རྣམ་པར་རྟོག་པ་མེད། གཡོ་བ་མེད། སེམས་པ་མེད། འགྱུར་བ་མེད་ཅིང་ཐམས་ཅད་དུ་རྗེས་སུ་སོང་བ། ཐམས་ཅད་ལ་མི་རྟེན་པ་སྟེ། བསམ་གཏན་དེ་ལ་སྔོན་སློབ་པའམ། མི་སློབ་པའམ། རང་སངས་རྒྱས་སམ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སུས་ཀྱང་སྙོམས་པར་མ་ཞུགས་སོ། །མཁའ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ཁྱབ་པར་མི་བྱེད་པ་བྱེད་པ་མེད་པ། རྣམ་པར་མི་འཐོར་བ་སྟེ། དེས་ཐམས་ཅད་ཁྱབ་པར་བྱེད་པས་ན། བསམ་གཏན་དེ་ནམ་མཁའ་དང་མཉམ་པ་སྟེ། དེ་བས་ན་མཁའ་ཁྱབ་ཅེས་བྱའོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་པ་རྣམས་ལ་ངོ་མཚར་ཡང་དག་པར་བསྟན་པར་བྱ་བ་དང་། མུ་སྟེགས་ཅན་རྣམས་ཀྱི་རྒྱགས་པ་གཞིལ་བ་དང་། ཕས་ཀྱི་རྒོལ་བ་རྣམས་ཚར་གཅོད་པ་དང་། ལྷ་རྣམས་འདུན་པར་བྱ་བ་དང་། སེམས་ཅན་ཆད་པ་དང་། རྟག་པར་སྨྲ་བ། ལས་དང་བྱ་བ་ཆུད་ཟོས་པ་རྣམས་ལས་དང་བྱ་བ་ལ་གཟུད་པ་དང་། བསོད་ནམས་ཀྱི་འབྲས་བུ་བརྗོད་པ་དང་། ཡེ་ཤེས་ཀྱི་འབྲས་བུ་ཡང་དག་པར་བསྟན་པ་དང་། བསམ་གཏན་གྱི་ཡན་ལག་རྣམ་པར་དབྱེ་བ་དང་། ལུས་ཀྱི་སྟོབས་དང་།
མཐུ་ཡང་དག་པར་བསྟན་པ་དང་། སེམས་ཀྱི་དཔའ་བ་ཡང་དག་པར་བསྐྱེད་པའི་ཕྱིར། བྱི་དོར་མ་བྱས་པའི་ས་ཐ་མལ་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །འདུག་ནས་རང་གི་ལུས་སེམས་ཀྱིས་ཚར་བཅད་ཅིང་གཟིར་ཏོ། །དགེ་སློང་དག་དེ་ནས་ང་དགུན་གྱི་ཚེས་བརྒྱད་པའི་ནུབ་མོ་དེ་ལྟར་ལུས་ཚར་བཅད་ཅིང་གཟིར་བས། མཆན་ཁུང་ནས་ཀྱང་རྔུལ་བྱུང་སྟེ་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་སྟེ་ཟགས་ནས་ས་ལ་ལྷུང་སྟེ་ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་བྱུང་ངོ་། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་སྐྱེས་བུ་ཤིན་ཏུ་ཉམ་ཆུང་བ་ཞིག་མགྲིན་པ་ནས་བཟུང་སྟེ་བཙིར་བ་དེ་བཞིན་དུ་དགེ་སློང་དག་ལུས་འདི་སེམས་ཀྱིས་ཚར་བཅད་ཅིང་གཟིར་ན་མཆན་ཁུང་ནས་ཀྱང་རྔུལ་བྱུང་ཞིང་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་ཞིང་ཟགས་ནས་ས་ལ་ལྷུང་སྟེ། ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་བྱུང་ངོ་། །དགེ་སློང་དག་དེ་ནས་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ངས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱས་པ་དང་། ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་ཏེ། རྣ་བའི་བུ་ག་གཉིས་ནས་སྒྲ་དྲག་པོ་ཆེན་པོ་བྱུང་ངོ་། །འདི་ལྟ་སྟེ་དཔེར་ན། སྦུད་པ་བུས་པའི་ཚེ་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་བ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་པ་དང་། རྣ་བའི་བུ་ག་གཉིས་ནས་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་ངོ་། །དགེ་སློང་དག་དེ་ནས་ངས་འདི་སྙམ་དུ་བསམས་ཏེ་ཡང་བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་པ་དང་། དེ་ནས་ངའི་ཁ་དང་སྣ་དང་རྣ་བ་འགགས་པར་གྱུར་ཏོ། །དེ་དག་འགགས་པ་དང་། རླུང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་གིས་མདུང་ཐུང་རྟུལ་པོས་མགོའི་ཐོད་པ་ལ་བཏབ་པ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་དང་རྣ་བའི་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པ་དང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དེར་ལྷའི་བུ་གཅིག་གིས་བྱང་ཆུབ་སེམས་དཔའ་ན་བ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །
ཀྱེ་མའོ་ཀྱི་ཧུད་གཞོན་ནུ་དོན་གྲུབ་འདི་འཆི་བའི་དུས་བྱས་སོ། །གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། །འདི་འཆི་བའི་དུས་བྱས་པ་མ་ཡིན་གྱི་དགྲ་བཅོམ་པ་བསམ་གཏན་ལ་གནས་པ་རྣམས་ཀྱི་ཚུལ་ནི་དེ་ལྟ་བུའོ་ཞེས་སྨྲས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། །བརྣག་པ་མ་རྫོགས་དོན་ཀྱང་མ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་དགོན་འདིར་གྲོངས་པར་མི་འགྱུར་གྲང་། །ཀྱི་ཧུད་སེམས་ཅན་སྙིང་པོ་ཐུགས་དམ་བརྟན། །མགོན་པོས་སྔན་ཆད་བདག་ཅག་དགའ་ལྡན་དུ། །དམ་ཆོས་མཆོད་སྦྱིན་ལ་ནི་འགྲོན་དུ་བོས། །སེམས་ཅན་དག་ཁྱོད་དམ་བཅས་དེ་ག་རེ། །དེ་ནས་ལྷ་དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སོང་སྟེ་ལྷ་མོ་སྒྱུ་འཕྲུལ་ལ་གཞོན་ནུ་ནི་འཆི་བའི་དུས་བྱས་སོ་ཞེས་དོན་དེ་བརྗོད་དོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ནས། ནམ་ཕྱེད་ཙམ་ན་ཀླུང་ནཻ་རན་ཛ་ནའི་འགྲམ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་ལུས་སྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ་། །མཐོང་ནས་མཆི་མས་བརྣངས་ཤིང་ངུས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལུམ་བི་ནི་ཞེས་བྱ་བའི་ཚལ་དུ་ང་བུ་བཙས་པའི་ཚེ། །སེང་གེ་བཞིན་དུ་འཛིན་པ་མེད་པར་གོམ་བདུན་ཁྱོད་ཉིད་སོང་། །ཕྱོགས་བཞིར་བལྟས་ཤིང་འདི་ནི་ང་ཡི་སྐྱེ་བ་ཐ་མ་ཞེས། །ཁྱོད་ཀྱིས་ཚིག་སྙན་སྨྲས་པ་དེ་ཡང་ཁྱོད་ལ་ཡོང་མ་རྫོགས། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་དྲང་སྲོང་ནག་པོས་བསྟན་པ་ཡི། །དེ་ཡི་ལུང་བསྟན་པ་ཡང་ཉམས་ལ་མི་རྟག་དེས་མ་མཐོང་། །བུས་ནི་ཡིད་དགའ་འཁོར་ལོས་སྒྱུར་བའི་དཔལ་ཡང་མ་མྱོང་ལ། །བྱང་ཆུབ་ཀྱང་ནི་རྗེས་སུ་མ་ཐོབ་ཚུལ་དུ་ཤི་བར་གྱུར། །བུ་ཕྱིར་སུ་ལ་བསྒྲུབ་ཕྱིར་སྡུག་བསྔལ་སུ་ཡི་གན་དུ་མདུད། །བདག་གི་བུ་གཅིག་ཅུང་ཟད་གསོན་པའི་སྲོག་ནི་སུ་ཡིས་སྦྱིན། །བྱང་ཆུབ་སེམས་དཔས་སྨྲས་པ། ཤིན་ཏུ་སྙིང་རྗེ་བར་ནི་ངུ་བྱེད་ཅིང་། །སྐྲ་ཡང་བཤིག་ལ་མཛེས་པ་རྣམས་བོར་བ། །ཤིན་ཏུ་བུ་ཡི་སྨྲེ་སྔགས་འདོན་བྱེད་ལ། །ས་སྟེང་འདུག་ཅིང་འགྲེང་བ་འདི་སུ་
ཞིག །ལྷ་མོ་སྒྱུ་འཕྲུལ་གྱིས་སྨྲས་པ། །བདག་གིས་ཟླ་བ་བཅུ་བར་དུ། །རྡོ་རྗེ་འདྲ་བ་མངལ་དུ་བཅངས། །བུ་དེའི་མ་ནི་བདག་ཡིན་ཏེ། །རབ་ཏུ་སྡུག་བསྔལ་རྣམ་པར་སྨྲེ། །དེ་ནས་བྱང་ཆུབ་སེམས་དཔའ་མའི་དབུགས་འབྱིན་ཅིང་སྨྲས་པ། བུ་ལ་བྱམས་པ་ཁྱོད་ཀྱི་ངལ་བ་འབྲས་བུ་ཡོད་པར་བྱས། མ་འཇིགས་ཤིག །སངས་རྒྱས་པར་བྱ་བའི་ཕྱིར་ཡོངས་སུ་བཏང་བ་ནི་དོན་ཡོད་པ་སྟེ། དྲང་སྲོང་ནག་པོས་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། །མར་མེ་མཛད་ཀྱིས་ལུང་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། །ས་ནི་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད། །རིན་ཆེན་རྩེ་མོ་ལྷུན་པོ་ཆུར་འཕྱོ་སྲིད། །ཉི་ཟླ་སྐར་ཚོགས་ས་ལ་ལྟུང་འགྱུར་སྲིད། །སོ་སོའི་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །ལྷ་མོ་སྒྱུ་འཕྲུལ་གྱིས་ཐོས་མ་ཐག་ཏུ་རབ་ཏུ་དགའ་སྟེ་བ་སྤུ་གཡོས་ནས་བྱང་ཆུབ་སེམས་དཔའ་ལ་མེ་ཏོག་མན་དཱ་ར་བས་གཏོར་ཏེ། ལན་གསུམ་བསྐོར་བ་བྱས་ནས། ལྷའི་སིལ་སྙན་དཀྲོལ་ཞིང་། རང་གི་གནས་ག་ལ་བ་དེར་སོང་ངོ་། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ཟས་ཆུང་ངུས་དག་པར་སེམས་པ་ཡོད་ཀྱིས། ངས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ཟས་སུ་རྒྱ་ཤུག་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པར་ཟོས་སོ། །དགེ་སློང་དག་ཁྱེད་ཀྱི་བློ་འདི་སྙམ་དུ་དེའི་ཚེའི་རྒྱ་ཤུག་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ་དེའི་ཚེའི་རྒྱ་ཤུག་ཀྱང་འདི་ཉིད་ཙམ་མོ། །དགེ་སློང་དག་ངས་ཟས་སུ་རྒྱ་ཤུག་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟོས་པས་ལུས་ཤིན་ཏུ་ཉམ་ཆུང་ཞིང་རིད་པར་གྱུར་ཏོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང་། ཀ་ལི་ཀའི་ཚིགས་པ་ཅི་འདྲ་བར་ངའི་ཡན་ལག་དང་ཉིང་ལག་རྣམས་ཀྱང་དེ་འདྲ་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་སྲོག་ཆགས་ཀར་ཀ་ཏ་ཀའི་རྩིབ་ལོགས་ཅི་འདྲ་བར་ངའི་རྩིབ་ལོགས་ཀྱང་དེ་འདྲ་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་བཞོན་པའི་བྲེས་ཁང་ངམ། གླང་པོའི་བྲེས་ཁང་རྙིང་པ་ངོས་གཉིས་ཞིགས་པ་ནི་གདུང་རྟེན་གྱི་བར་སྣང་
ཞིང་མངོན་ནོ། །དེ་བཞིན་དུ་ངའི་རྩིབ་ལོགས་གཉིས་ཀ་ནས་ལུས་ཀྱི་ནང་སྣང་ཞིང་མངོན་ནོ། །འདི་ལྟ་སྟེ་དཔེར་ན་ལན་བུར་བླས་པ་ནི་མཐོན་དམན་དང་མཉམ་པ་དང་མི་མཉམ་པར་གྱུར་ཏོ། །དེ་བཞིན་དུ་ངའི་སྒལ་ཚིགས་ཀྱང་མཐོན་དམན་དང་མཉམ་པ་དང་མི་མཉམ་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ཀུ་བ་ཁ་བོ་གཞོན་ནུར་བཅད་པ་ནི་རྙིས་པ་དང་།ཀུན་ཏུ་རྙིས་པ་དང་རྩུམ་རྩུམ་པོར་འགྱུར་རོ། །དེ་བཞིན་དུ་ངའི་མགོ་ཡང་རྙིས་པ་དང་ཀུན་ཏུ་རྙིས་པ་དང་རྩུམ་རྩུམ་པོར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ་ཁྲོན་པའི་སྐར་མ་དམའ་བར་སོང་སྟེ་ཚེགས་ཆེན་པོས་སྣང་བར་འགྱུར་རོ། །དེ་བཞིན་དུ་ངའི་མིག་གི་འབྲས་བུ་ཡང་ཁུང་དུ་སོང་སྟེ་ཚེགས་ཆེན་པོས་སྣང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ངའི་རྐང་པའམ་རྔ་མོའི་རྐང་པ་ཅི་འདྲ་བར་ངའི་མཆན་ཁུང་དང་ལྟོ་དང་བྲང་ལ་སོགས་པ་ཡང་དེ་འདྲ་བར་གྱུར་ཏོ། །དགེ་སློང་དག་དེ་ནས་ང་གང་གི་ཚེ་ལག་པས་ལྟོ་བ་ལ་བྱུག་གོ་སྙམ་ན་སྒལ་ཚིགས་ཉིད་ལ་རེག་གོ །ལྡང་ངོ་སྙམ་ནས་ལངས་ན་ཡང་དེ་བཞིན་དུ་སྒུར་པོར་གྱུར་ཏེ་འགྱེལ་ཏོ། །ཤ་ཐང་སྟེ་ལངས་ནས་རྡུལ་གྱིས་ལུས་ཡོག་པ་ལག་པས་ཕྱིས་པ་དང་། བ་སྤུ་རུལ་བ་ཐམས་ཅད་ལུས་ལས་ལྷགས་སོ། །གང་སྔོན་ང་ཁ་དོག་མཛེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བས་མེད་པར་གྱུར་ཏོ། །ངའི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱང་ང་ལ་འདི་ལྟར། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་གནག་གོ །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་སྔོ་བསངས་སོ། །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཉ་མང་ཀུ་རའི་མདོག་འདྲའོ། །སྔོན་འདིའི་མདོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་སྙམ་དུ་ཤེས་སོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ་བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་འབྲས་འབྲུ་གཅིག་པུ་ཁོ་ན་སྟེ། གཉིས་སུ་མེད་པ་ཟོས་སོ། །དགེ་སློང་དག་ཁྱོད་འདི་སྙམ་དུ་དེའི་ཚེའི་འབྲས་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་འབྲས་ཀྱང་འདི་ཉིད་ཙམ་མོ། །དགེ་སློང་དག་ངས་ཟས་སུ་འབྲས་འབྲུ་གཅིག་ཟོས་པས་
ལུས་མྱུར་དུ་སྔ་མ་བཞིན་དུ་གྱུར་ཏེ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ཉ་མང་ཀུ་རའི་མདོག་འདྲའོ། །སྔོན་འདིའི་མདོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ཉིད་ལ་ནན་ཏན་བྱའོ་སྙམ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་ཏིལ་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟོས་པ་ནས། དེའི་ཁ་དོག་འཇམ་པོ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ཟས་མི་ཟ་བས་དག་པར་སེམས་ཏེ། བདག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བར་ནན་ཏན་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ཟས་མི་ཟ་བར་འདུག་གོ །དགེ་སློང་དག་ངས་ཟས་མ་ཟོས་པས་ལུས་ཤིན་ཏུ་སྐམས་ཤིང་ཉམ་ཆུང་བ་དང་རིད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང་། ཀ་ལི་ཀའི་ཚིགས་པ་བས་ཀྱང་ཉིས་འགྱུར་དང་། སུམ་འགྱུར་དང་། བཞི་འགྱུར་དང་། ལྔ་འགྱུར་དང་། བཅུ་འགྱུར་གྱིས་ངའི་ཡན་ལག་དང་། ཉིང་ལག་སྐེམས་པར་གྱུར་ཏེ། འདི་ལྟ་སྟེ་རྩིབ་ལོགས་ནི་སྲོག་ཆགས་ཀར་ཀ་ཏ་ཀའི་རྩིབ་ལོགས་དང་། བཞོན་པའི་བྲེས་ཁང་ལྟ་བུར་གྱུར་ཏོ། །སྒལ་ཚིགས་ནི་ལན་བུ་བླས་པ་ལྟ་བུར་གྱུར་ཏོ། །མགོའི་ཐོད་པ་ནི་ཀུ་བ་ཁ་བོ་ལྟ་བུར་གྱུར་ཏོ། །མིག་གི་འབྲས་བུ་ནི་ཁྲོན་པའི་སྐར་མ་ལྟ་བུར་གྱུར་ཏོ། །དགེ་སློང་དག་ང་ལེགས་པར་ལྡང་ངོ་སྙམ་ནས་ལུས་ཀྱིས་བསྐྱོད་ན། སྒུར་པོར་གྱུར་ཏེ་འགྱེལ་ཏོ། །ཤ་ཐང་སྟེ་ལངས་ནས་རྡུལ་གྱིས་ལུས་ཡོག་པ། ལག་པས་ཕྱིས་པ་དང་། བ་སྤུ་རུལ་པ་ཐམས་ཅད་ལུས་ལས་ལྷགས་སོ། །གང་སྔོན་ང་ཁ་དོག་མཛེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བའི་ཕྱིར་མེད་པར་གྱུར་ཏོ། །ངའི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱང་། འདི་ལྟར་ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་གནག་གོ །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་སྔོ་བསངས་སོ། །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཉ་མང་ཀུ་རའི་མདོག་འདྲའོ། །སྔོན་འདིའི་ཁ་དོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་
པར་གྱུར་ཏོ་སྙམ་དུ་ཤེས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མ་ཡང་ཉིན་རེ་ཞིང་བྱང་ཆུབ་སེམས་དཔའི་དྲུང་དུ་ཕོ་ཉ་གཏོང་ངོ་། །དགེ་སློང་དག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་འཇིག་རྟེན་དུ་བྱ་བ་རྨད་དུ་བྱུང་བ་བསྟན་པ་དང་། བྱ་བ་ཉམས་པའི་སེམས་ཅན་རྣམས་ལས་དང་བྱ་བ་ལ་གཟུད་པ་དང་། བསོད་ནམས་ཀྱི་ཚོགས་རྣམས་བརྗོད་པ་དང་། ཡེ་ཤེས་ཆེན་པོའི་ཡོན་ཏན་བསྟན་པ་དང་། བསམ་གཏན་གྱི་ཡན་ལག་རྣམས་རྣམ་པར་དབྱེ་བའི་ཕྱིར་ཏིལ་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་གིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་བསྟན་ཏེ་ཡིད་དམན་པ་མེད་དོ། །བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་སྐྱིལ་མོ་ཀྲུང་བཅས་ནས། ཇི་ལྟར་འདུག་པ་བཞིན་དུ་གནས་ཏེ། སྤྱོད་ལམ་ཉམས་པ་མེད་དོ། །ཉི་མས་བབ་ནས་ཀྱང་གྲིབ་མ་ལ་མ་སོང་ངོ་། །གྲིབ་མ་ལས་ཀྱང་ཉི་མ་ལ་མ་སོང་ངོ་། །རླུང་དང་ཉི་མ་དང་ཆར་པའི་སྐྱབས་མ་བཙལ་ཏོ། །ཤ་སྦྲང་དང་། སྦྲང་བུ་དང་། སྡིག་སྦྲུལ་མ་བསྐྲད་དོ། །བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་མ་བོར་རོ། །བསྐུམ་པ་དང་། སྨྱང་བ་མ་བྱས་སོ། །གློས་ཕབ་པའམ། ཁས་བུབ་འམ། གན་རྐྱལ་མ་ཡིན་པར་གནས་པས་གནས་སོ། །སྤྲིན་ཆེན་པོ་དང་། ཡུལ་ངན་ཆེན་པོ་དང་། ཆར་པ་དང་། སེར་བ་དང་། སྟོན་དང་། དཔྱིད་དང་། དགུན་གང་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ལ་མ་ཕོག་གོ །ཐ་ན་བྱང་ཆུབ་སེམས་དཔས་ལག་པས་ཀྱང་མ་བསྐྱབས་སོ། །དབང་པོ་ཡང་མ་བཀག་གོ །དབང་པོའི་ཡུལ་ཡང་མ་བླངས་སོ། །གང་དག་དེར་འོང་བ་གྲོང་གི་གཞོན་ནུའམ། གྲོང་གི་གཞོན་ནུ་མའམ། བ་ལང་རྫིའམ། ཕྱུགས་རྫིའམ། རྩྭ་ཐུན་ནམ།ཤིང་ཐུན་ནམ། ལྕི་ཐུན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་རྡུལ་ཁྲོད་ཀྱི་འདྲེ་ཡིན་པ་སྙམ་དུ་སེམས་ཤིང་དེ་ལ་རྩེན་ཏེ། དེ་ལས་ས་སྐུད་དོ། །དེར་བྱང་ཆུབ་སེམས་དཔའ་ལོ་དྲུག་པོ་དེ་དག་གིས་ལུས་ངན་པ་དང་། གོད་པ་དང་རིད་པར་གྱུར་ཏེ། དེའི་རྣ་བ་གཉིས་སུ་རྩྭའམ་ཤིང་བལ་བཅུག་ནས་སྣའི་བུ་ག་གཉིས་སུ་འབྱིན་ཏོ། །སྣའི་བུ་ག་གཉིས་སུ་བཅུག་ནས་རྣ་བའི་བུ་ག་གཉིས་སུ་འབྱིན་ཏོ། །རྣ་བའི་བུ་ག་གཉིས་སུ་བཅུག་ནས་ཁར་འབྱིན་ཏོ། །ཁར་
བཅུག་ནས་རྣ་བ་དང་སྣའི་བུ་གར་འབྱིན་ཏོ། །སྣར་བཅུག་ནས་རྣ་བ་དང་།སྣ་དང་ཁར་འབྱིན་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་སུམ་དུ་གྱུར་པ་དེ་དག་ཉིན་མཚན་དུ་གནས་ཤིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་དོ། །སྨོན་ལམ་ཡང་འདེབས་སོ། །དེ་ན་བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་སྟོན་ཅིང་ལྷ་དང་མི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཚང་བ་དག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་བྱུང་བ། །ཡོན་ཏན་དག་དང་ལྡན་པ་དེ། །སེམས་ཅན་དོན་དང་ཕན་པའི་ཕྱིར། །ཐབས་དང་ལྡན་པའི་བསམ་པ་སྐྱེས། །སྙིགས་མ་ལྔ་ཡི་དུས་ཀྱི་ཚེ། །ཆོས་དམའ་མོས་པའི་འཇིག་རྟེན་པོ། །ལས་དང་བྱ་བོར་འཇིག་རྟེན་དུ། །འཛམ་བུའི་གླིང་འདིར་སྐྱེས་པར་གྱུར། །མུ་སྟེགས་ཚོགས་ཀྱིས་རབ་ཏུ་གང་། །ལྟད་མོ་དང་ནི་ལྟས་སུ་ལྟ། །ལུས་ལ་གནོད་པ་བྱ་བ་བྱེད། །བྱིས་པ་དེ་དག་དག་པར་སེམས། །གཡང་ས་མེ་དང་མྱ་ངམ་འཇུག །སྒྲེན་མོ་ས་དང་ལྕི་བས་སྐུད། །ལུས་ནི་ཡོངས་སུ་གདུང་བའི་ཕྱིར། །གདུང་བ་ལྔ་ལ་བརྩོན་དང་ལྡན། །ལག་པ་བརྐྱང་སྟེ་རྒྱུ་བ་དང་། །མི་མཁས་ཁ་ཅིག་ལག་པ་ལྡག །བུམ་པ་ཁར་གཞོང་ལས་མི་ལེན། །སྒོ་དང་ཀ་བས་ཆོད་མི་ལེན། །གང་ན་ཁྱི་ཡོད་པ་ནས་མིན། །འདུག་ཅེའམ་ཚུར་ཤོག་ཅེས་ལས་མིན། །ཁྱིམ་ནས་ཁ་ཟས་གཅིག་ལེན་པས། །བདག་ནི་དག་པར་འགྱུར་སྙམ་སེམས། །མར་དང་འབྲུ་མར་བུ་རམ་ཞོ། །ཉ་དང་ཤ་དང་འོ་མ་སྤོང་། །ལྡམ་ལྡུམ་སྲེ་ད་པད་མའི་རྩ། །གཟེགས་དང་བ་ལང་ལྕི་བ་ཟ། །རྩ་བ་འབྲས་བུ་ལོ་མ་ཟ། །ཀུ་ཤ་ཚལ་བུ་ལ་བ་ལྤགས། །སྲེལ་བྱེད་ཁ་ཅིག་སྒྲེན་མོར་རྒྱུ། །གླེན་པ་འདི་བདེན་གཞན་བརྫུན་སྙམ། །ལག་པ་སྒྲེང་བར་བྱེད་པ་དང་། །སྐྲ་བསྒྲེང་རལ་པ་བསྒྲེང་བ་དག །ལམ་ལས་རབ་ཏུ་རྣམ་པར་ཉམས། །ལམ་མིན་གནས་ཤིང་བདེ་འགྲོ་འདོད། །རྩྭ་དང་གཏུན་ཤིང་ཐལ་བར་ཉལ། །ཚེར་མར་ཉལ་ཞིང་ཙོག་པུར་འདུག །ཁ་ཅིག་རྐང་པ་གཅིག་པུས་འགྲེང་། །
གདོང་བསྟོད་ཉི་དང་ཟླ་ལ་ལྟ། །ཆུ་མིག་མཚོ་དང་ལྟེང་ཀ་དང་། །རྒྱ་མཚོ་ཆུ་བོ་ཉི་ཟླ་དང་། ། ཤིང་དང་རི་ཡི་རྩེ་མོ་དང་། །རྫ་དང་ས་ལ་ཕྱག་ཀྱང་འཚལ། །གླེན་པ་དེ་དག་གནོད་མང་གིས། །ལུས་ནི་ཡོངས་སུ་སྐོམ་པར་བྱེད། །ལོག་པར་ལྟ་དང་ལྡན་པ་དག །མྱུར་དུ་ངན་སོང་རྣམས་སུ་ལྟུང་། །ང་ནི་དཀའ་ཐུབ་བརྟུལ་ཞུགས་དང་། །དཀའ་སྤྱད་གང་ཞིག་ལྷ་དང་མིས། །སྤྱད་པར་ནུས་པ་མ་ཡིན་པའི། །དཀའ་སྤྱད་དྲག་པོ་རྩོམ་སྙམ་སེམས། །བསམ་གཏན་གང་ཞིག་རང་རྒྱལ་གྱིས། །བལྟ་བར་ནུས་པ་མ་ཡིན་པའི། །རྡོ་རྗེ་ལྟ་བུར་བརྟན་གནས་པ། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །མུ་སྟེགས་བརྟུལ་ཞུགས་ངན་པ་ཡིས། །དགའ་བའི་ལྷ་མི་འདི་ན་ཡོད། །དེ་དག་ཡོངས་སུ་སྨིན་བྱའི་ཕྱིར། །དཀའ་སྤྱད་བརྟུལ་ཞུགས་དྲག་པོ་བརྩམས། །ས་སྟེང་ཅི་ཡང་མ་བཏིང་བར། །སྐྱིལ་མོ་ཀྲུང་ནི་བཅས་ཏེ་འདུག །རྒྱ་ཤུག་ཏིལ་དང་འབྲས་འབྲུ་གཅིག །ཟ་བའི་ཆོ་ག་རྣམ་པར་སྟོན། །དབུགས་དབྱུང་རྔུབ་པ་རྣམ་པར་སྤངས། །སྟོབས་དང་ལྡན་པ་གཡོ་བ་མེད། །ལོ་དྲུག་བར་དུ་བསམ་གཏན་མཆོག །ནམ་མཁའ་ཁྱབ་ལ་བསམ་གཏན་བྱེད། །རྟོག་དང་རྣམ་པར་རྟོག་མེད་པ། །གཡོ་བ་མེད་ཅིང་སེམས་རྒྱུ་མེད། །ནམ་མཁའི་ཁམས་སུ་ཁྱབ་པ་ཡི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དེ་ནི་ཉིན་ལས་གྲིབ་མར་རམ། །གྲིབ་ལས་ཉི་མར་སོང་མ་བྱས། །ལྷུན་པོ་ལྟ་བུར་མི་གཡོ་བའི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །རླུང་དང་ཆར་དང་ཤ་སྦྲང་དང་། །སྡིག་སྦྲུལ་སྦྲང་བུ་སྐྱོབ་མི་བྱེད། །རྣམ་པར་མ་འཁྲུགས་སྤྱོད་པ་ཡིས། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །བདག་ཉིད་གཅིག་པུའི་དོན་གྱི་ཕྱིར། །མཁའ་ཁྱབ་བསམ་གཏན་བྱེད་པ་མིན། །གཞན་དུ་སྙིང་རྗེ་སེམས་ཀྱིས་ནི། །འཇིག་རྟེན་དོན་མང་ཆེད་དུ་བསྒོམ། །གྲོང་གི་བྱིས་པ་བ་ལང་རྫི། །ཤིང་ཐུན་དག་དང་རྩྭ་ཐུན་དག །དེ་ལ་རྡུལ་ཁྲོད་འདྲེ་སྙམ་སེམས། །དེ་ལ་ས་ཡིས་སྐུད་བྱེད་ཅིང་། །མི་གཙང་བ་ཡང་འཐོར་བར་བྱེད། །དེ་དག་གནོད་པ་མང་བྱེད་ཀྱང་། །གཡོ་བ་མེད་ཅིང་འཁྲུགས་
མེད་པར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །མཐོ་བ་མེད་ཅིང་དམའ་བ་མེད། །ལུས་མ་བསྲུངས་པར་ཆོས་མ་རེག །བཤང་བ་མི་བྱེད་གཅི་མི་བྱེད། །སྒྲ་ཡིས་མི་འཇིགས་གཞན་མི་ལྟ། །ཤ་དང་ཁྲག་རྣམས་སྐམས་གྱུར་ཏེ།ལྤགས་པ་རྩ་རྒྱུས་རུས་པ་ལུས། །སྒལ་ཚིགས་དག་ནི་ལྟོ་བར་སྣང་། །ལན་བུ་བླས་པ་ཅི་བཞིན་ནོ། །གང་དག་ལྷག་པར་བྱས་ལྷ་དང་། །ལྷ་མིན་གནོད་སྦྱིན་དྲི་ཟ་ཀླུ། །ཡོན་ཏན་ལྡན་པ་མངོན་སུམ་བས། །ཉིན་དང་མཚན་དུ་མཆོད་པ་བྱེད། །ཇི་ལྟར་མཁའ་འདྲའི་སེམས་ལྡན་འདི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དེ་འདྲར་བདག་ཅག་མྱུར་གྱུར་ཅེས། །སྨོན་ལམ་དག་ཀྱང་འདེབས་པར་བྱེད། །སྙིང་རྗེའི་བློ་ཡིས་འཇིག་རྟེན་གྱི། །དོན་མང་ཕྱིར་བྱེད་མ་གཏོགས་པར། །བདག་ཕྱིར་མ་ཡིན་བདེ་བློས་མིན། །བསམ་གཏན་རོ་ནི་མྱང་ཕྱིར་མིན། །ཕས་ཀྱི་རྒོལ་བ་རབ་ཏུ་བཅོམ། །མུ་སྟེགས་བློ་ཉམས་ཟིལ་གྱིས་མནན། །མགོ་རེག་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་བསྐལ་མང་རྙེད་དཀའ་ཞེས། །འོད་སྲུང་ལ་ནི་ཚིག་སྨྲས་པའི། །ལས་དང་བྱ་བ་རབ་ཏུ་བསྟན། །སྐྱེ་བོ་དག་ནི་དགའ་བྱའི་ཕྱིར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །ལྷ་མི་ཁྲག་ཁྲིག་བཅུ་གཉིས་ཚང་། །ཐེག་པ་གསུམ་ལ་རབ་ཏུ་བཏུལ། །དེ་ཡི་ཆེད་དུ་བློ་གྲོས་བཟང་། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དཀའ་བ་སྤྱད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་པའོ།། །།