Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
ཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་།next

ཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་།


DNG003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་མ་ན་ཡ་སུ་ཀ་ནཱ་མ། བོད་སྐད་དུ། ཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་སྟོབས་ཀྱིས་རྣམ་པར་འཇོམས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་རྟ་མཆོག་གིས། བར་ཆད་ཐམས་ཅད་ཟློག་པ་འདི་གསུངས་སོ། །ཀྱེ་ཀྱེ་གསང་སྔགས་འཆང་བའི་རིགས། །ལེགས་པར་ཉོན་ཅིག་རྡོ་རྗེ་འཛིན། །བར་ཆད་ཐམས་ཅད་བཟློག་འདོད་ན། །ང་ཡི་གསང་སྔགས་འདི་ལ་ཞུགས། །གསང་སྔགས་བཟླས་པ་བརྩོན་འདོད་ན། །དབེན་པའི་གནས་སུ་རབ་ཕྱིན་ལ། །རང་ཉིད་ཡི་དམ་ལྷར་བསྐྱེད་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ། །ཉི་ཟླ་གསལ་བའི་དལ་བསྐྱེད་ཅིང་། །རྡོ་རྗེ་སེམས་དཔའི་ཐུགས་ཀའི་དལ། །ཨོཾ་བཛྲ་སཏྭ་ཧཱུཾ། སྔགས་དེ་རབ་ཏུ་གསལ་བར་བསྐྱེད། །ཐུགས་ཀའི་དལ་གྱི་སྟེང་དག་དུ། །ཡི་གེ་ཧྲཱྀཿའབར་བཞི་བསྐྱེད་དེ། །དེ་ལྟར་རབ་ཏུ་གསལ་བར་བསྐྱེད། །དེ་ནས་བསྐྱེད་པའི་སྔགས་འདི་བཟླས། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་


DNG003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧཱུཾ། གསང་སྔགས་དེ་ཉིད་བཟླས་པ་ཡིས། །ཧྲཱྀཿབཞི་འོད་དུ་རབ་ཞུ་ནས། །ཡི་གེ་གསུམ་ནི་ཞལ་གསུམ་སྟེ། །བཅོམ་ལྡན་དབང་ཆེན་དེ་ཉིད་ནི། །གཡས་དཀར་གཡོན་སྔོ་དབུས་ལྗང་ཞལ། །ཧྲཱྀཿགསུམ་སྟེང་དུ་ཆགས་པ་ལས། །རྟ་མགོ་ལྗང་གུ་གསུམ་དུ་བསམ། །རྟ་སྐད་དྲག་ཏུ་འཚེར་བར་བསམ། །གཡས་གཡོན་དང་པོ་ལྕགས་སྒྲོག་འཛིན། །གཡས་ཀྱི་བར་མ་རལ་གྲི་ལ། །དགྲ་སྟྭ་དག་ནི་ཐ་མའོ། །གཡོན་གྱི་བར་མས་གཤོལ་ལམ་གཏན། །ཐ་མས་ཐོ་བ་རབ་ཏུ་བསྣམས། །ཞབས་བཞིས་ས་བདག་ཀླུ་དབང་གནོན། །སྦྲུལ་དང་ཐོད་པའི་རྒྱན་ཆ་ལྡན། །དུར་ཁྲོད་རྒྱན་ཆས་རྣམ་པའོ། །དེ་ལྟར་གསལ་བར་བསྒོམ་པའོ། །ཤིན་ཏུ་གསང་བའི་སྔགས་འདིའོ། །ཨོཾ་པདྨཱནྟ་ཀྲྀཏ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གསང་སྔགས་དེ་ཉིད་བཟླས་པ་ཡིས། །རྟ་མགྲིན་བསམ་གྱིས་མི་ཁྱབ་པས། །ས་གཞི་བར་སྣང་གང་བར་བསམ། །སྟོང་གསུམ་འཇིག་རྟེན་ཁེངས་པའོ། །དེ་ལྟར་རབ་ཏུ་བསམ་རྫོགས་ནས། །དབང་ཆེན་གསང་བའི་ཐུགས་ཀ་རུ། །ཕྱག་ན་རྡོ་རྗེ་གསལ་བར་བསྒོམ། །སྐུ་མདོག་སྔོན་པོ་ཞལ་གཅིག་པའོ། །དེ་ལྟར་ལྷ་གསུམ་བསྒོམ་བྱས་ལ། །ཀླུ་ལ་སོགས་པའི་གདོན་རྣམས་བསྐྲད། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །རྣལ་འབྱོར་དགེ་སྦྱོར་དོན་ལ་བརྩོན། །གང་དག་མི་ཡི་རིགས་རྣམས་ལ། །ས་བདག་ལ་སོགས་གདོན་ཞུགས་ན། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །བརྟག་པ་དག་དང་བཅས་འདིའོ། །ཁ་དང་སྣ་དང་མིག་དག་དང་། །དབང་པོ་ལྔ་ནས་ཞུགས་པ་དང་། །མགོ་དང་རྐང་པ་ལག་པ་དང་། །ཡན་ལག་ལྔ་ལ་འཇུག་པའི་ས། །གསང་བའི་གནས་དང་སྙིང་ག་དང་། །ཕོ་ཁ་སྨིན་ཕྲག་པུས་མོ་ནི། །ཀླུ་རྣམས་འཇུག་པའི་གནས་སུ་བཤད། །དབང་པོ་ལྔ་ལ་ཞུགས་པ་དང་། །འབྲས་བུ་སྣ་རྩེར་འབྱུང་བར་ངེས། །རང་ངམ་གཞན་དག་གང་ཞུགས་ཀྱང་། །དེ་ཉིད་རབ་ཏུ་བཅོས་པའི་ཐབས། །སྔགས་ཀྱིས་བཅོས་དང་རྫས་ཀྱིས་


DNG003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས། །སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །གསང་སྔགས་གོང་མའི་རྗེས་དག་ཏུ། །དྲག་སྔགས་འདི་ཉིད་བཏགས་ལ་བཟླས། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་དེ་རབ་ཏུ་བཟླ་བྱ་ཞིང་། །དང་པོ་ཞི་བས་ཐར་བྱ་ཞིང་། །དེ་ཡིས་ཐར་བར་མ་གྱུར་ན། །བགེགས་རྣམས་བསྐྲད་པའི་སྦྱོར་བ་བྱ། །བག་ཟན་བཟང་པོ་དག་ལ་ཡང་། །རྨི་ལམ་དག་ཏུ་གང་བྱུང་བའི། །གཟུགས་བརྙན་རྒྱས་པར་བྱ་བའོ། །ཕྱི་དང་ནང་གི་ནད་རྣམས་ཀྱང་། །ཚ་གྲང་གཉིས་ལས་མ་འདས་ཕྱིར། །བདག་གམ་གཞན་དག་བསྲུང་བ་ཡི། །གང་ཡང་རུང་བའི་མི་དེ་ལ། །གྲང་བའི་ནད་དང་ལྡན་པ་ལ། །གཟུགས་དེ་སྔོ་སྐྱ་དག་གིས་བྱུག །བལ་ནག་སྐྲ་ཚུགས་ཐུར་དུའོ། །ཚ་བའི་ནད་ཉིད་ཤས་ཆེ་ན། །གཟུགས་ཀྱི་ཁ་དོག་དམར་སེར་ཏེ། །རལ་པ་སྐྲ་ཚུགས་གྱེན་ལ་བསྒྲེང་། །བདག་ཉིད་བསྲུང་བ་བྱེད་པ་ན། །བདག་གི་མལ་གྱི་འོག་ཏུ་ཡང་། །གྲུ་གསུམ་དག་ནི་གཏིང་དུ་བརྐོ། །ཁྲུ་གང་གཏིང་ལ་ཐུར་དུ་བྱ། །ཚུར་ལ་ཁྲུ་གང་ཚད་དུ་བྱ། །ཁྲུ་ཡི་ངོས་ལ་ཁྲུ་ཕྱེད་ཚད། །དུར་ཁྲོད་སོལ་བས་ནག་པོར་བྱུག །དོང་གི་ནང་དུ་གཟུགས་བརྙན་གཞག །དུར་ཁྲོད་ཐལ་བས་བྱུགས་ལ་ཤིང་གིས་ཁ་ཡང་བཅད། །ཤིང་ལ་རི་རབ་འཁོར་ཡུག་བྲི། །དེ་ཡི་སྟེང་དུ་མལ་བཅས་ལ། །རྣལ་འབྱོར་ལྷ་དང་ལྡན་པ་ཡིས། །གསང་སྔགས་བཟླས་ཤིང་གནན་པར་བྱ། །གཞན་གྱི་ལུས་བསྲུང་བྱེད་པ་ན། །དཀྱིལ་འཁོར་སྟེང་དུ་གཟུགས་དེ་བཞག །ཕྱག་ན་རྡོ་རྗེའི་གཟི་བརྗིད་ཀྱིས། །ནད་པའི་ལུས་ཀྱི་གདོན་བསྡུས་ནས། །རྨ་བྱ་མདོངས་དང་ལྡན་པའི་སྒྲོས། །ནད་པའི་ལུས་ལ་བྱབ་བྱ་ཞིང་། །གཟུགས་བརྙན་དེ་ལ་བསྡིམ་པར་བྱ། །བལ་ནག་སྐུད་པ་སུམ་བསྒྲིལ་གྱིས། །ནད་པའི་ལུས་ལ་བསྐོར་བྱ་ཞིང་། །གཟུགས་བརྙན་དག་གི་ལུས་ལ་བཅིངས། །དེ་ནས་ལྷ་ཡི་དཀྱིལ་འཁོར་སོགས། །ཞག་དགུ་བསྒྲུབ་པ་བྱས་ནས་ནི། །ལྷོའམ་ནུབ་ཏུ་སྦྱིན་བསྲེག་བྱ། །


DNG003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་བཟླས་པ་ནུས་ཚད་བྱའོ། །ཕུར་པ་དག་དང་རྡོ་རྗེ་ཡིས། །གཟུགས་དེ་དུམ་བུར་གཏུབ་བྱ་ཞིང་། །བཅོམ་ལྡན་མེ་ལྷའི་ཚོགས་ལ་འབུལ། །དེ་ཉིད་ལ་ནི་བརྒྱ་རྩ་བྱ། །དེས་ནི་གདོན་ལས་ཐར་བར་འགྱུར། །རྫས་ནི་གུ་གུལ་མུ་ཟི་དང་། །གླ་རྩི་ཆུ་དག་གཉིས་སུ་སྦྱར། །རང་གི་དྲི་ཆུས་ཆུ་བྱས་ལ། །ལུས་ལ་བྱུགས་པས་འབྱུང་པོ་འབྲོས། །དེས་ནི་འབྱུང་པོའི་གདོན་ལས་ཐར། །ཡན་ལག་དག་ལ་ཞུགས་པ་ལ། །འབྲས་བུ་རྩི་ལོག་ཤ་རོ་འབྱུང་། །གདོན་དེ་ཉིད་ལས་ཐར་བའི་ཐབས། །གསང་སྔགས་གོང་དང་འདྲ་བ་ལས། །མུ་ཟི་ཚིལ་ཆེན་ཤ་ཆེན་དང་། །གླ་རྩི་བ་བླ་ཏི་ཚ་དང་། །ཡུངས་ཀར་དུར་ཁྲོད་ཐལ་བ་སྦྱར། །དེ་ལ་གསང་སྔགས་གདབ་བྱ་ཞིང་། །དུས་བཞིར་ལུས་ལ་བྱུགས་བྱ་ཞིང་། །ཆུ་གཙང་སྔགས་བཏབ་ལྟོར་བཏང་ཞིང་། །མུ་ཟི་གུ་གུལ་དུད་པ་ཡིས། །སྣ་བུག་དག་ནས་བདུག་པར་བྱ། །སྦྲུལ་དང་སྦལ་པ་ལྕོང་མོ་དག །ཁ་དང་སྣ་ནས་ཐོན་པར་བསམ། །དེ་ལྟར་སྦྱོར་བ་རབ་བྱས་ན། །ཟླ་བ་གསུམ་གྱིས་གདོན་ལས་ཐར། །གནས་ལྔ་དག་ཏུ་ཞུགས་པ་ན། །འབྲས་བུ་སྨིན་མ་བྱི་བར་ངེས། །དེ་ལས་ཐར་བར་བྱ་བའི་ཐབས། །གསང་སྔགས་དག་ནི་སྦྱོར་བ་བརྩམ། །གདོན་རྣམས་ཐམས་ཅད་འཇོམས་བྱེད་པའི། །དྲག་སྔགས་གསང་བ་འདི་ཉིད་བསྟན། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་བ་ནཱི་ལཾ། བཛྲ་པཱ་ཎི་མཱ་ར་ཡ་མྱོགས་མྱོགས། མཱ་ར་ཡ་སོད་སོད། མཱ་ར་ཡ་གཏོགས་ཤིག །ཟུང་ཞིག་རབ་ཏུ་སོད། མཱ་ར་ཡ་སོད་མཱ་ར་ཡ་ཛ་ཛ། དྲག་སྔགས་དེ་ནི་རྒྱུན་དུ་བགྲང་། །ལྷ་གསུམ་ཡིད་ལ་གསལ་བ་ཡིས། །སྔགས་དེ་རྒྱུན་དུ་བཟླས་ན་ནི། །འབྱུང་པོ་ཐམས་ཅད་སྐྲག་པར་ངེས། །བདུན་འབུམ་དག་གིས་རབ་ཏུ་འགྲུབ། །དགྲ་བགེགས་གང་ཡང་རུང་བ་རྣམས། །ཟླ་བ་གསུམ་གྱིས་ཚར་གཅོད་འགྱུར། །རྨ་ནི་གང་དུ་བྱུང་བ་དེར། །སྔགས་གདབ་མཆིལ་མ་བྱུགས་པར་བྱ། །དེ་ལྟར་རྟག་ཏུ་བྱས་པ་ན། །གནས་ལྔའི་གདོན་ལས་ཐར་བར་འགྱུར། །དེ་ནི་གདོན་གྱི་གནས་སྲུང་སྟེ། །གདོན་རྣམས་འཇུག་པའི་


DNG003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ནི། །རྣམ་པ་བཅོ་ལྔ་དག་གིས་བཤད། །དེ་དག་གོང་དུ་སྨོས་པ་བཞིན། །འཇུག་སྒོའི་གདོན་ལས་ཐར་བའོ། །ཡི་དྭགས་གདོན་འདི་བསམ་ཡས་ཀྱང་། །རིགས་ནི་རྣམ་པ་གསུམ་དུ་འདུས། །ཀླུ་ལ་སོགས་པའི་ས་གདོན་དང་། །ཤ་ཁྲག་མཆོད་པར་འདོད་པའི་རིགས། །འབྱུང་པོ་དུར་ཁྲོད་གནས་པའི་རིགས། །རྣམ་པ་གསུམ་དུ་ང་ཡིས་བཤད། །འཇུག་པའི་གནས་ནི་རྣམ་པ་གསུམ། །རྩ་དང་ཁྲག་ལ་འཇུག་པ་དང་། །པགས་པ་རུས་ལ་འཇུག་པ་དང་། །སྙིང་དང་མགོ་ལ་འཇུག་པ་སྟེ། །དེ་རྣམས་གདོན་ནི་ཞུགས་པའི་རྟགས། །བདག་གམ་གཞན་བསྲུང་སྐྱེས་བུ་དེ། །སྔ་མའི་བཞིན་དང་མདོག་དག་ལས། །བཞིན་མདངས་མེད་ཅིང་བསམ་པ་ཆུང་། །སྤྱོད་པ་གཞན་དུ་འགྱུར་བ་ནི། །གང་དག་མཛེས་པར་སྤྱོད་ཀྱང་རུང་། །མི་མཛེས་པ་ཡི་སྤྱོད་ཀྱང་རུང་། །དགེ་དང་མི་དགེའི་སྤྱོད་ཡུལ་ནི། །འཕྲལ་གྱིས་རྐྱེན་དབང་མ་ཡིན་ན། །གདོན་གྱིས་ཟིན་པའི་མཚན་མར་བསྟན། །དེ་ལྟར་གྱུར་པའི་མི་དེ་ལ། །ཞི་བའི་གཏོར་མས་མཆོད་པར་བྱ། །དེ་ནས་བགེགས་དེ་མ་བསྐྲད་ན། །ནད་དེ་འཕེལ་ནས་མ་རུངས་བྱེད། །དེ་ཡང་རང་རང་བརྟགས་པ་ནི། །ཀླུ་ཡི་རིགས་ཀྱིས་ཟིན་པ་ན། །ནད་རྣམས་གྲང་བར་འབྱུང་བར་ངེས། །ལུས་དང་ཡན་ལག་སྦྲིད་ཅིང་རེངས། །ནད་རྣམས་ལྗི་ཞིང་ལུས་སེམས་གཡེངས། །དེ་ལྟར་ཞུགས་པའི་རྟགས་རྣམས་ནི། །ཀླུ་ཡི་གདོན་གྱིས་ཟིན་པར་ངེས། །མ་མོའི་གདོན་གྱིས་ཟིན་པ་ན། །ཚ་བའི་ནད་དུ་འབྱུང་བར་ངེས། །སེམས་དང་ལུས་ནི་ལྗི་བས་ཟིན། །དྲན་པ་ཉམས་ཤིང་ཤེད་ཀྱང་རྨུགས། །དེ་ལྟར་ནད་ཀྱིས་ཟིན་པ་ན། །མ་མོའི་གདོན་གྱིས་ཟིན་པར་ངེས། །འབྱུང་པོ་རོ་ལངས་གདོན་རྣམས་དང་། །རྒྱལ་པོ་ལ་སོགས་གདོན་རྣམས་ནི། །སྣ་ཚོགས་གདོན་གྱིས་ཟིན་གྱུར་ན། །གློ་བུར་ནད་ནི་སྣ་ཚོགས་འབྱུང་། །དེ་ལྟར་ནད་ཀྱིས་ཟིན་གྱུར་ན། །འབྱུང་པོའི་གདོན་རྣམས་ཡིན་པར་ངེས། །དེ་ལྟར་རྣམ་གསུམ་གདོན་དག་ནི། །རང་རང་གནས་སུ་ཞི་བའི་ཐབས། །ཀླུ་ཡི་གདོན་གྱིས་ཟིན་པ་ལ། །ཆབ་གཏོར་གཙང་མའི་གཏོར་མས་


DNG003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །མ་མོའི་ནད་ཀྱིས་ཟིན་པ་ན། །ཞི་བའི་སྦྱིན་སྲེག་ཤ་ཁྲག་མཆོད། །ཁྲག་དང་བཅས་པས་མཆོད་པར་བྱ། །འབྱུང་པོའི་ནད་ཀྱིས་ཟིན་པ་ལ། །ཁ་ཟས་སྣ་ཚོགས་གཏོར་མས་མཆོད། །དེ་ཡིས་ཐར་བར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩོན་པར་བྱ། །ཞི་རྒྱས་དབང་དྲག་མངོན་སྤྱོད་པའི། །ལས་ནི་ཅི་རིགས་སྦྱོར་བ་བརྩམ། །དེས་ནི་གདོན་ལས་ཐར་བར་འགྱུར། །ཀླུ་ཡི་གདོན་ལ་རིགས་ལྔ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །རྗེའུ་རིགས་དམངས་རིགས་གདོལ་པའི་རིགས། །ཀླུ་རིགས་ལྔ་ཡི་གདོན་དག་ནི། །འཇུག་པའི་སྒོ་ནི་རྣམ་པ་ལྔ། །གནས་ནི་རྣམ་པ་ལྔ་རུ་གནས་པའོ། །གབ་པའི་ཡུལ་ནི་རྣམ་པ་ལྔ། །དེ་ལྟར་གནས་པའི་རྒྱུ་བརྟགས་དང་། །རྣམ་སྨིན་རིག་དང་གསོར་རུང་བརྟག །རྒྱལ་རིགས་ཀླུ་ཡི་འཇུག་ས་ནི། །སྤྱི་བོའི་གཙུག་ནས་འཇུག་པར་ངེས། །དེ་ཉིད་བརྟག་པ་རབ་ཏུ་གཅེས། །མི་ཡི་རིགས་དང་ཀླུ་ཡི་རིགས། །སྦྱར་ནས་བརྟགས་པ་འདི་ལྟར་བྱ། །ཞུགས་ནི་ཟིན་པའི་བརྟག་པ་དང་། །ཕྱིས་ནི་འཇུག་ཏུ་འགྲོ་བ་བརྟག །སྤྱི་གཙུག་ཐེགས་པའི་རྟགས་རྣམས་ནི། །གསང་བའི་གནས་སུ་འབྱུང་བར་ངེས། །གནས་པའི་ས་ནི་མགྲིན་པའོ། །གབ་པའི་ས་ནི་སྙིང་གའོ། །རྒྱལ་རིགས་ཀླུ་ཡིས་ཟིན་པ་དེ། །སྙིང་ནི་མི་དགའ་འགྲོ་སྙིང་འདོད། །རི་བོས་མནན་སྙམ་བྱེད་པའོ། །དམངས་རིགས་དག་གི་མི་དག་ལ། །རྒྱལ་རིགས་ཀླུ་ཡི་རྟགས་རྣམས་བྱུང་བ་ན། །མི་དེ་མི་ཐར་སྟོང་ཉིད་བསྒོམ། །རྒྱལ་རིགས་རྗེའུ་རིགས་མི་དག་ལ། །གོང་གི་རྟགས་དེ་བྱུང་བ་ན། །སྔགས་དང་རྫས་ཀྱི་བསྲུང་བ་འབད། །དེས་ནི་གདོན་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་དང་གདོལ་པ་ལ། །རྒྱལ་རིགས་ཀླུ་ཡི་ཐེབས་གྱུར་ན། །དྲག་པོའི་ལས་བྱས་ཐར་བར་འགྱུར། །དེ་དག་རྒྱལ་རིགས་གདོན་གྱི་བརྟགས་པའོ། །རྗེ་རིགས་ཀླུ་ཡི་བརྟགས་པ་ནི། །འཇུག་པའི་


DNG003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནི་སྨིན་ཕྲག་གོ། །སྨིན་པའི་འབྲས་བུ་མིག་ལའོ། །གློ་བར་གནས་ཞིང་ཟ་བར་བྱེད། །གབ་པའི་ཡུལ་ནི་རུས་པ་ཁོལ། །རྗེའུ་རིགས་ཀླུ་ཡིས་ཟིན་པའི་མི། །སྨིན་མ་ཟ་ཞིང་འཕྲུག་པར་བྱེད། །ལུས་ལ་རྨ་དང་སྐྲངས་པ་འབྱུང་། །རུས་པ་ཁོལ་ཞིང་ན་ཚ་ཆེ། །དེ་ལྟར་བྱུང་བའི་མི་དེ་ཡང་། །རྗེའུ་རིགས་ཀླུ་ཡིས་ཟིན་པར་ངེས། །ཆོ་གའི་སྦྱོར་བ་འབད་པར་བྱ། །རྒྱལ་རིགས་མི་ལ་ཟིན་གྱུར་ན། །ཡུན་རིང་བར་དུ་མི་ཐར་བས། །དབང་དང་བསྒྲུབ་པ་ཆེན་པོ་དང་། །རིགས་སྔགས་རྒྱུན་དུ་བཟླས་པས་ཐར། །དམངས་རིགས་མི་ལ་ཞུགས་པ་ན། །ཞི་བའི་ལས་རྣམས་བརྩམས་པས་འགྲུབ། །རྗེའུ་རིགས་མི་ལ་ཞུགས་པ་ན། །དྲག་པོའི་སྔགས་དང་སྦྱིན་སྲེག་གིས། །མྱུར་དུ་བགེགས་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་ལ་ཞུགས་པ་ན། །གསང་སྔགས་བཟླས་ཞིང་ལྷ་བསྒོམ་པས། །མྱུར་དུ་གདོན་ལས་ཐར་བར་འགྱུར། །གདོལ་པའི་རིགས་ལ་ཞུགས་པ་ན། །ཆུ་ཡི་ཧོམ་དང་གཏོར་མས་འགྲུབ། །དེས་ནི་རྗེའུ་རིགས་གདོན་ལས་ཐར། །བྲམ་ཟེའི་རིགས་ཀྱི་ཀླུ་རྣམས་ནི། །ཞུགས་པའི་བརྟག་པ་འདི་ལྟར་རོ། །འཇུག་པའི་སྒོ་ནི་གསང་བའི་གནས། །འབྲས་བུ་སྨིན་པའི་ས་ཉིད་ནི། །ལུས་ལ་ཤ་བཀྲ་ཤུ་བ་འབྱུང་། །མཆིན་པར་གནས་ཤིང་ཁྲག་ལ་ཟ། །གབ་པའི་ས་ནི་ཤ་མཐོང་བས། །བྲམ་ཟེའི་རིགས་ཀྱི་རྟགས་རྣམས་ནི། །ཁ་སྣ་སྐམ་ཞིང་ཆུ་དད་ཆེ། །སྣ་ནས་ཁྲག་ནི་རྒྱུན་དུ་འབྱུང་། །གཞོགས་ནི་གཡས་པ་ན་བ་དང་། །ཕྱིས་ནི་རྐང་ལག་ཞ་བར་ངེས། །མིག་གི་བཀྲག་དང་ཤ་བཀྲག་ཤོར། །ཤེས་པ་ཉམས་པའི་རྟགས་རྣམས་ནི། །བྲམ་ཟེའི་རིགས་ཀྱིས་ཟིན་པར་ངེས། །རྒྱལ་རིགས་མི་ལ་ཟིན་གྱུར་ན། །རབ་ཏུ་ཐར་བར་དཀའ་བར་ངེས། །དམངས་རིགས་མི་ལ་ཟིན་གྱུར་ན། །སྤོས་དང་ཙན་དན་དྲི་ཞིམ་དང་། །ཆུ་གཙང་ཆུ་ཡིས་སྦྱར་བྱས་ལ། །ནད་པའི་ལུས་རྣམས་བཀྲུས་བྱས་པས། །ཟླ་བ་དྲུག་ནས་ཐར་བར་ངེས། །རྗེའུ་རིགས་མི་ལ་ཟིན་གྱུར་ན། །དྲག་པོའི་ལས་རྣམས་བརྩམ་པས་འགྲུབ། །བྲམ་ཟེའི་རིགས་རྣམས་ཟིན་གྱུར་ན། །


DNG003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་བསྟན་པས་འགྲུབ། །གདོལ་པའི་རིགས་རྣམས་ཟིན་གྱུར་ན། །མནན་དང་སྦྱིན་སྲེག་བྱས་པས་འགྲུབ། །དེ་ལྟར་སྦྱོར་བ་རབ་བྱས་ན། །བྲམ་ཟེའི་རིགས་ལས་ཐར་བར་འགྱུར། །དམངས་རིགས་གདོན་གྱི་བརྟག་ཐབས་ནི། །འཇུག་ས་མིག་ལ་འཇུག་པར་ངེས། །མཁལ་མར་གནས་ཞིང་རྩ་ལ་ཟ། །གབ་པའི་ས་ནི་ཚིགས་པའོ། །མིག་རྩ་དམར་ཞིང་གསུས་པ་ཆེ། །སྨིན་པའི་ས་ནི་རྐང་མཐིལ་ལོ། །ཚིགས་པ་ན་ཞིང་དྲན་པ་ཉམས། །ཚིག་པ་ཟ་ཞིང་ཉམས་མི་དགའ། །ཕྱིས་ནི་ཀྱོག་པོར་འགྲོ་བར་ངེས། །ངོ་བཀྲག་འཆོར་ཡང་སོ་ཡང་དཀར། །ཕྱིས་ནི་མཛེ་རུ་འགྲོ་བར་ངེས། །དེ་རྣམས་རྟགས་དང་ལྡན་པ་ལ། །དམངས་རིགས་གདོན་དུ་རིག་པར་བྱ། །རྒྱལ་རིགས་མི་ལ་ཟིན་པ་ན། །སྣ་ཚོགས་སྦྱོར་བ་བྱས་པ་ཡིས། །མྱུར་དུ་གདོན་ལས་ཐར་བར་འགྱུར། །རྗེའུ་རིགས་མི་ལ་ཟིན་པ་ན། །བདག་ཉིད་དབང་ཆེན་འབར་བར་བསྒོམ། །ཤིན་ཏུ་ཁྲོས་པའི་ངང་དུ་གསལ། །དབུ་གསུམ་ཕྱག་བརྒྱད་ཞབས་བཞི་འཇིགས། །རྟ་མགོ་གསུམ་ནི་དྲག་ཏུ་འཚེར། །སྐུ་མདོག་སྔོ་ནག་རབ་ཏུ་འཇིགས། །དུར་ཁྲོད་རྒྱན་གྱིས་སྐུ་ལ་བརྒྱན་པའོ། །གཡས་ཀྱི་དང་པོ་ཁ་ཊྭཱཾ་ག །བར་མ་རྔེའུ་ཆུང་རབ་ཏུ་འཛིན། །དེ་ཡི་འོག་མས་རལ་གྲི་ཕྱར། །ཐ་མ་གཉིས་ནི་མདའ་གཞུ་འགེང་། །གཡོན་གྱི་དང་པོ་མདུང་ཐུང་ངོ་། །འོག་མས་གསེར་གྱི་ཞགས་པ་བརྐྱང་། །དེ་ཡི་འོག་མ་བེ་ཅོན་བསྣམས། །གཡས་ཀྱི་ཞབས་བརྒྱད་ལྷ་ཆེན་མནན། །གཡོན་གྱི་ཞབས་བརྒྱད་ཀླུ་བརྒྱད་བརྫིས། །དེ་ལྟར་གསལ་བར་བསྒོམས་ནས་ནི། །རིགས་གསུམ་ཁྲོ་བོ་མདུན་དུ་བསམ། །གསང་སྔགས་བཟླས་པ་རྫོགས་པ་ཡིས། །དམངས་རིགས་གདོན་ལས་ཐར་བར་འགྱུར། །གདོལ་པའི་རིགས་ཀྱི་རྟགས་རྣམས་ནི། །འཇུག་པའི་སྒོ་ནི་རྐང་མཐིལ་ནས། །གནས་ནི་མཆེར་པར་གནས་པ་ལ། །རྩ་རྣམས་ལ་ཡང་ཟ་བར་བྱེད། །གབ་པའི་ས་ནི་ཆུ་རྒྱུས་ན། །འབྲས་བུ་སྨིན་མ་མཚུལ་ཁུང་སྟེ། །ན་ཚ་རབ་ཏུ་ཆེ་བ་དང་། །ལུས་ལ་ཁུ་


DNG003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིགས་མང་པོ་འོང་། །སོག་ཕྲག་དག་ནི་འཁྱུག་པ་དང་། །སྐབས་སུ་གློ་འཁྱུག་ཚིག་པ་ཟ། །ཤེས་པ་འཐིབ་ཅིང་ཉལ་ལ་དགའ། །ཁ་ཟས་དག་ནི་སྐྱུགས་པར་བྱེད། །ཕྱིས་ནི་ཚིགས་སུ་ཆད་པར་ངེས། །རྟགས་ནི་དེ་དང་ལྡན་པ་ན། །གདོལ་རིགས་ཀླུ་ཡིས་ཟིན་པར་ངེས། །ནད་ཀྱང་གློ་བུར་ཐུག་གིས་འོང་། །དེ་ལ་བཅོས་ཞིང་བསྐྲད་པའི་ཐབས། །འདི་ལྟར་རབ་ཏུ་བརྩམ་པར་བྱ། །རྒྱལ་རིགས་ལ་སོགས་མི་རྣམས་ལ། །གནོད་པར་བྱེད་པའི་བགེགས་བསྐྲད་པ། །ཞི་རྒྱས་དབང་དྲག་རྫོགས་པར་བྱ། །དེ་ལྟར་སྦྱོར་བ་རབ་བྱས་ན། །གདོལ་རིགས་ཀླུ་ལས་ཐར་བར་འགྱུར། །ཀླུ་རིགས་ལྔ་ཡི་གདོན་རྣམས་ནི། །རྒྱལ་རིགས་དག་གིས་ཟིན་གྱུར་ན། །ཐར་བར་དཀའ་ཞིང་ནད་ཀྱང་འོང་། །དྲག་པོའི་སྦྱོར་བས་བསྐྲད་པར་བྱ། །དྲག་པོའི་ལས་ཀྱིས་མ་ཐར་ན། །ཞི་རྒྱས་སྤྱོད་པའི་ལས་ཀྱིས་བསྐྲད། །རྗེའུ་རིགས་ཀླུ་ཡིས་ཟིན་གྱུར་ན། །ནད་ཀྱི་དཔྱད་ནི་གསུམ་འོང་སྟེ། །དེ་དག་དང་པོ་བཅོས་པའི་ཐབས། །དང་པོ་བདེན་བདར་ཟས་ཀྱིས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་ལས་ལ་ནན་ཆེར་བྱ། །བྲམ་ཟེའི་རིགས་ཀྱིས་ཟིན་གྱུར་ན། །དང་པོ་ཁྲུས་དང་གཙང་སྦྲས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །ཞི་བའི་ལས་ལ་ཕལ་ཆེར་འབད། །དམངས་རིགས་གདོན་གྱིས་ཟིན་པ་ན། །ཟས་དང་གཏོར་མས་མཆོད་པར་བྱ། །དེས་ཀྱང་ཕན་པར་མ་གྱུར་ན། །རྒྱས་པ་ཉིད་ལ་འབད་པར་བྱ། །གདོལ་པའི་རིགས་ཀྱིས་ཟིན་གྱུར་ན། །དང་པོ་ཆུ་ཡི་ཧོམ་ཁུང་བྱ། །དེ་ཡིས་ཕན་པར་མ་གྱུར་ན། །དབང་གི་སྦྱིན་སྲེག་རྫོགས་པར་བྱ། །རིགས་ལྔ་ཀླུ་ཡིས་ཟིན་གྱུར་ན། །དང་པོ་ཞི་བའི་སྦྱོར་བ་བྱ། །ཆབ་གཏོར་དང་ནི་འོ་མས་མཆོད། །ཆབ་གཏོར་རྒྱས་པར་བྱ་བ་ནི། །མཚོ་ཡི་ཆུ་དང་ལྟེང་ཀའི་ཆུ། །ལུ་མའི་ཆུ་དང་རྫིང་བུའི་ཆུ། །ཁྲོན་པའི་ཆུ་དང་འབབ་པའི་ཆུ། །ཆུ་སྣ་ཚོགས་ཚད་བླངས་ལ་ཡང་། །ཤིན་ཏུ་གཙང་བའི་སྣོད་དུ་བླུག །བ་དམར་དག་གི་འོ་མ་དང་། །མེ་ཏོག་མཛེས་


DNG003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱན་པར་བྱ། །ས་བཟང་དང་ནི་གུ་གུལ་དཀར། །ཀླུ་སྨན་སྣ་ཚོགས་དག་དང་ནི། །བག་ཟན་དག་དང་སྦྱར་བྱ་ཞིང་། །ཀླུ་ཡི་གཟུགས་ནི་སྣ་ཚོགས་བྱ། །ཆུ་དེའི་ནང་དུ་གཞུག་པར་བྱ། །པདྨ་འདབ་བརྒྱད་དཀར་པོ་སྟེ། །གེ་སར་ཆུ་ཡི་སྣོད་དེར་གཞག །འབྲས་ཆེན་ལ་སོགས་ཟས་བཟང་དང་། །འོ་མ་སྨན་དུ་སྦྱར་བ་ཡི། །གཏོར་མ་གཅིག་ནི་གཞག་པར་བྱ། །མཆོད་པའི་ཡོ་བྱད་ཚོགས་པ་དང་། །བདག་ཉིད་ཁྲུས་ནི་རབ་བྱས་ལ། །གོས་ནི་གཙང་མ་གོན་པར་བྱ། །སྤོས་དང་དྲི་སྣ་ཚོགས་ཀྱིས་བྱུགས། །ཆུ་དེའི་ནང་དུ་བླུག་པའི་རྫས། །མེ་ཏོག་སྤོས་དང་ཙནྡན་དང་། །རིན་པོ་ཆེ་རྣམས་བརྡར་ལ་བླུག །རྩ་བའི་གསང་སྔགས་རྗེས་ཉིད་དུ། །སྔགས་འདིས་ཀླུ་རྣམས་མཆོད་པར་བྱ། །སརྦ་པཉྩ་ནཱ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསང་སྔགས་དེ་ཡིས་མཆོད་པའོ། །གཏོར་མ་གསང་སྔགས་འདི་ཡིས་འབུལ། །སརྦ་པཉྩ་ནཱ་ག་ཨི་དཾ་བ་ལིཾ་གྲྀཧྞཱ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ལན་བདུན་དག་གིས་ཀླུ་རྣམས་མཆོད། །ཨུཏྤལ་ལྟ་བུའི་ཕྱག་རྒྱ་ཡིས། །གཙང་མའི་ཀླུ་རྣམས་མཆོད་པར་བསམ། །ཆུ་དང་བཅས་པའི་གཏོར་མ་ནི། །ཀླུ་རྣམས་གནས་པའི་ས་རུ་བསྐྱལ། །དེས་ནི་ཀླུ་ཡི་གདོན་རྣམས་ཐུབ། །དེས་ཀྱང་གདོན་དང་མ་བྲལ་ན། །དྲག་པོའི་ལས་རྣམས་བརྩམ་པར་བྱ། །དབང་ཆེན་ཏིང་འཛིན་རབ་ལྡན་པས། །བདག་གི་ཐུགས་ཀའི་ཧཱུཾ་ཉིད་ལས། །ཕྱག་ན་རྡོ་རྗེ་གཏུམ་པོར་བསམ། །བདག་ཉིད་དཔུང་པ་གཡས་པ་ན། །ཡི་གེ་ཧྲཱྀཿགཅིག་ཆད་པ་ལས། །ཁྲོ་བོ་རྟ་མགྲིན་དམར་པོར་བསམ། །རྟ་མགྲིན་དེ་ལས་འོད་འཕྲོས་པས། །གཤིན་རྗེའི་གཤེད་དང་མི་གཡོ་མགོན། །ཤིན་ཏུ་གཏུམ་པའི་ཁྲོ་བོར་བསམ། །དེ་ལྟར་ལྷ་རྣམས་བསྐྱེད་པ་དང་། །ཐོག་མའི་གསང་སྔགས་རྗེས་དག་ཏུ། །གསང་སྔགས་འདི་ཡིས་ཀླུ་རྣམས་བསད། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ནཱ་ག་མཱ་ར་ཡ་མྱོགས་མྱོགས། ནཱ་ག་མཱ་ར་ཡ་ཐུམ། ནཱ་ག་མཱ་ར་ཡ་ཤིག །རོ་ལ་རྨུགས། ཤག་མཱ་ར་ཡ། སྙིང་ཁྲག་ཚལ་པ་བཾ་རིལ་གཏུབ་གཏུབ། གསང་སྔགས་དེས་ནི་ཀླུ་རྣམས་གསོད། །འབྱུང་པོ་ཐམས་ཅད་ཚར་གཅོད་བྱེད། །དྲེགས་


DNG003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་འདུལ་བ་ཡིས། །དེ་ལྟར་གསང་སྔགས་དག་ལ་བསྐྱར། །ཀླུ་ཡི་རིགས་རྣམས་གསད་པ་ཡི། །སྦྱོར་བ་དེ་ཉིད་བརྩོན་པར་བྱ། །རྒྱལ་རིགས་ཀླུ་ཡི་རྟགས་བྱུང་ན། །རས་སམ་གྲོ་ག་ཤིང་ཤུན་ལ། །རྒྱལ་རིགས་ཀླུ་ཡི་གཟུགས་བྲིས་ལ། །ལིངྒ་དེ་ཡི་སྙིང་ག་རུ། །ནཱ་ག་མཱ་ར་ཡ་ཞེས་བྲི། །ལིངྒ་དེ་ཡི་གཡས་ཕྱོགས་སུ། །རྒྱལ་རིགས་མཱ་ར་ཡ་ཞེས་བྲི། །གཡོན་དུ་ནཱ་ག་གཏུབས་དང་མྱོགས་ཞེས་བྲི། །དེ་ལྟར་ལིངྒ་བྱས་པ་ཡི། །མགྲིན་པར་ལིངྒ་རེ་རེ་བྲི། །དེ་ལྟར་ལིངྒ་བྱས་ཟིན་ནས། །བྲུབ་ཁུང་གྲུ་གསུམ་སྔོན་པོར་བྱ། །དེ་ཡི་ཐ་མ་ཟླུམ་པོར་བརྩིགས། །ཟླུམ་པོའི་ཁ་དོག་སྔོ་ནག་ལ། །མེ་རི་ཡིས་ནི་མཛེས་པར་བྲི། །ཟླུམ་པོར་བརྩེགས་པའི་སྟེང་དག་ཏུ། །རྡོ་རྗེ་བེ་ཅོན་གཟུགས་ཉིད་བྲི། །གྲུ་གསུམ་བརྩེགས་པའི་སྟེང་དག་ཏུ། །ཁ་ཊྭཱཾ་རྡོ་རྗེ་རྒྱ་གྲམ་བྲི། །དེ་ཡི་ནང་དུ་ལིངྒ་གཞུག །སྐེ་ཚེ་ཉུང་དཀར་ཉུང་ནག་དང་། །བཙན་དུག་ལ་སོགས་དུག་རྣམས་དང་། །དུར་ཁྲོད་ཐལ་བའི་རྫས་རྣམས་ནི། །དུར་ཕོར་དག་གི་ནང་དུ་བླུག །དེ་ལ་གསང་སྔགས་རབ་བཏབ་ཅིང་། །ལིངྒ་དེ་ལ་བྲབ་པར་བྱ། །བལ་པོ་སེའུའི་ལྕུག་མའམ། །སྙག་ཤད་དག་གི་ལྕུག་མ་ཡིས། །ནད་པའི་སྙིང་ག་དག་ནས་དེད། །ལུས་ཀུན་ཁྱབ་པར་བརྡོལ་བྱ་ཞིང་། །བདག་ཉིད་གླད་ལ་ལན་གསུམ་བསྐོར། །ས་ལ་ལན་ནི་གསུམ་བརྡབ་ཅིང་། །ལིངྒ་དེ་ལ་བསྡིམ་པར་བྱ། །གསང་སྔགས་བཟླས་པ་རབ་ཏུ་བྱ། །བདག་ཉིད་དབང་ཆེན་ལྡན་པ་ཡིས། །གསང་སྔགས་བཟླ་ཞིང་ལྕུག་མས་བརྡེགས། །ཀླད་སྐོར་ས་ལ་བརྡབ་པ་དང་། །ལིངྒ་དག་ལ་ཡང་ཡང་བསྡིམ། །བཅོམ་ལྡན་པདྨ་རྟ་མཆོག་དང་། །ཕྱག་རྡོར་ལ་སོགས་འཁོར་རྣམས་ལ། །གཏོར་མ་རྒྱན་ལྡན་དག་གིས་ཀྱང་། །དུས་གསུམ་དག་ཏུ་མཆོད་པར་བྱ། །མཚམས་ནི་མ་ཐོན་བར་དུ་ཡང་། །དཔལ་གྱི་གཏོར་མ་གཏའ་རུ་བཟུང་། །ཞག་བདུན་བར་དུ་བསྒྲུབ་པ་དང་། །དེ་ནས་ལིངྒ་དེ་ཉིད་ནི། །ཡུགས་ས་མོ་ཡི་ཞབས་མས་གཏུམ། །བྲ་མའི་ཤིང་གི་མེ་ཡིས་སྦར། །དུག་དང་གོང་གི་ཐུན་གྱིས་བྲབ། །དྲག་སྔགས་དེ་ཉིད་རབ་ཏུ་བཟླས། །བདག་ཉིད་ཁྲོ་བོའི་ཏིང་འཛིན་བརྟན། །ཐུན་དང་ལྕུག་མས་རབ་ཏུ་བྲབ། །ཐུན་དང་ལྕུག་མས་བྲབ་


DNG003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན། །ནད་པའི་ལུས་ཀྱི་ནད་རྣམས་ཀུན། །ཕྱག་ན་རྡོ་རྗེའི་མཐུ་རྩལ་དང་། །གཤིན་རྗེ་གཤེད་ཀྱི་བརྟུལ་ཤུག་དང་། །རྟ་མགྲིན་རྒྱལ་པོའི་དྲག་ཤུལ་དང་། །མི་གཡོ་བ་ཡི་དྲག་སྔགས་དང་། །རྟེན་འདྲེལ་རྫས་ཀྱི་བདེན་པ་ཡིས། །ནད་པའི་ལུས་ཀྱི་ནད་རྣམས་ཀུན། །ཐོན་ནས་འབྱུང་པོའི་ལིང་གར་བསྡིམ། །དེ་ནས་མེ་སྦར་དྲག་སྔགས་བཟླས། །དེ་ནས་སྦྱིན་སྲེག་ཟིན་པ་དང་། །བག་ཟན་དག་གིས་གཟུགས་བྱས་ལ། །བསྲེག་པའི་ཐལ་བ་དག་དང་བཅས། །ཁམ་སའི་བླུག་མའི་ནང་དུ་གཞུག །ཐུན་གྱིས་བྲབས་ལ་ལྕུག་མས་བྲབ། །ཆུ་མིག་ཤར་དུ་བལྟས་པ་ཡི། །འགྲམ་དུ་འདོམ་གསུམ་ཚད་དུ་སྦ། །དེ་ལྟར་སྦྱོར་བ་ཆེན་པོ་ནི། །ཉི་ཤུ་རྩ་བརྒྱད་བྱས་གྱུར་ན། །རྒྱལ་རིགས་གདོན་ལས་ཐར་བར་འགྱུར། །གང་དག་མི་ཡི་རིགས་རྣམས་ལ། །རྗེ་རིགས་ཀླུ་ཡིས་ཟིན་གྱུར་ན། །དྲག་པོའི་ལས་ཀྱིས་གསོ་བྱེད་པའི། །སྦྱོར་བ་འདི་ལ་བརྩོན་པར་བྱ། །དེ་གཉིས་སྦྱོར་བ་ཆེན་པོ་ནི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །འབྲུབ་ཁུང་གོང་དང་འདྲ་བ་ལས། །དྲག་པོའི་ཐུན་དང་སྦྱོར་བ་ནི། །ར་ཕག་ཚིལ་དང་བོང་ཚིལ་དང་། །བ་ཚིལ་ཁྱི་ཚིལ་ལ་སོགས་པ། །སྦྱིན་སྲེག་རྫས་སུ་རྒྱས་པར་གསུངས། །ལིང་ག་རྣམ་པ་གསུམ་བྱ་སྟེ། །མིང་བྱང་གོང་དང་འདྲ་བའོ། །རྨ་བྱ་མཛེས་པས་ལུས་ལ་བྱབ། །ལིང་ག་ཉིད་ལ་བསྡིམ་ཞིང་བཟླས། །སེང་ལྡིང་ཕུར་པ་སོར་བརྒྱད་ལ། །དབང་ཆེན་གསང་སྔགས་བྲིས་པ་ཡང་། །བདག་ཉིད་ཐོང་ག་གཡས་པ་ལ། །ལེ་བརྒན་དར་གྱིས་དྲིལ་ལ་གདགས། །ལྕགས་ཀྱི་ཕུར་བུ་སོར་བཞི་ལ། །རྡོ་རྗེ་གཏུམ་པོའི་སྔགས་བྲིས་ལ། །བདག་གི་ཐོང་ག་གཡོན་པ་ལ། །དར་སྔོན་དག་གིས་དྲིལ་ལ་གདགས། །དེ་ནས་ཏིང་འཛིན་ལྡན་པ་དེས། །རྨ་བྱས་བྱབ་ཅིང་ལིང་གར་བསྡིམ། །ལིང་ག་གཅིག་ལ་ཐུན་གྱིས་བྲབ། །གཅིག་ལ་ནད་པའི་ནད་རྣམས་བསྡིམ། །


DNG003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཚིལ་བུའི་དུད་པས་བདུག །དེ་ལྟར་གསང་བ་རབ་ལྡན་པས། །བསྒྲུབ་པའི་ཚད་ནི་གོང་དང་མཐུན། །ལིང་ག་རོ་རས་དག་གིས་གཏུམ། །སྐྱེར་པའི་ཤིང་གི་མེ་སྦར་ཞིང་། །ལིང་ག་གཉིས་ནི་བསྲེག་པར་བྱ། །དེས་ནི་སྦྱོར་བ་ཟིན་པ་དང་། །ཆུ་མིག་ནུབ་ཏུ་བལྟ་བའི་སར། །ལིང་ག་གཅིག་དང་བཅས་པ་ནི། །གོང་དང་འདྲ་བར་སྦ་བར་བྱ། །དེ་ལྟར་སྦྱོར་བ་ཉིད་བྱས་ན། །རྗེའུ་རིགས་གདོན་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་ཀྱི་རྟགས་བྱུང་ན། །བདག་ཉིད་རྣལ་འབྱོར་ཆེན་པོ་ཉིད། །གཤིན་རྗེ་གཤེད་ཀྱི་ཏིང་འཛིན་གྱིས། །སྐྱེར་པའི་ཕུར་པ་སོར་བཞི་ལ། །གཤིན་རྗེ་གཤེད་ཀྱི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ན། །དར་སེར་དག་གིས་དྲིལ་ལ་བཏག །དབང་ཆེན་ཕུར་པ་གོང་དང་མཚུངས། །བོང་དུག་བཙན་དུག་ལ་སོགས་ཏེ། །དུག་གི་རྣམ་པ་ཅི་སྙེད་དང་། །ཁྲག་སྣ་ཅི་སྙེད་ཡོད་པ་དང་། །ཁྱི་ལུད་དྲི་ཆེན་མངལ་ཁྲག་དང་། །ཡུགས་ས་མོ་ཡི་ཞབས་མ་ནི། །ཐུན་དང་བྲབ་པའི་རྫས་སུ་བསྟན། །ཕག་པ་དག་གི་སྣ་རྩེ་ལ། །གསང་སྔགས་བཟླའ་ཞིང་ལུས་ལ་བྱབ། །ལིང་ག་ཉིད་ལ་བསྡིམ་པར་བྱ། །དེ་ནས་བསྒྲུབ་པ་ཐ་མ་ལ། །དུག་ཤིང་སྐྱེར་པའི་མེ་སྦར་ཞིང་། །རྫས་རྣམས་ཐབ་ཏུ་བསྲེག་པར་བྱ། །ཁྲག་གིས་གཏོར་ཞིང་ལིང་ག་བསྲེག །དེ་ལ་སྦྱོར་བ་ཟིན་པ་དང་། །ཐལ་བ་ལིང་གར་བཅས་པ་ནི། །ཆུ་མིག་ལྷོ་ངོས་བལྟ་བ་རུ། །གོང་དང་འདྲ་བར་སྦ་བར་བྱ། །བྲམ་ཟེའི་རིགས་ལས་ཐར་བར་འགྱུར། །དམངས་རིགས་རྟགས་ནི་བྱུང་བ་ན། །བཅོམ་ལྡན་རྟ་མགྲིན་དམར་པོ་བསྒོམ། །དབང་ཆེན་ཕུར་པ་གོང་དང་འདྲ། །ར་གན་ཕུར་པ་སོར་བཞི་ལ། །རྟ་མགྲིན་དག་གི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ལ། །དར་སྣ་ཚོགས་ཀྱིས་དྲིལ་ལ་གདགས། །ཤོག་བུའི་ལིང་ག་བརྒྱ་རྩ་བསྲེག །བཅའ་ལུག་གོང་དང་འདྲ་བ་ལ། །དབུས་ཀྱི་ཆུ་མིག་དག་ཏུ་ཡང་། །གོང་དང་འདྲ་བར་སྦ་བར་


DNG003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེས་ནི་དམངས་རིགས་གདོན་ལས་ཐར། །གདོལ་པའི་རིགས་ཀྱི་རྟགས་བྱུང་ན། །འཕགས་པའི་རྒྱལ་པོ་མི་གཡོ་བསྒོམ། །རྫས་དང་བྱ་ཐབས་གོང་དང་འདྲ། །དབང་ཆེན་ཕུར་པ་གོང་དང་འདྲ། །དངུལ་གྱི་ཕུར་པ་སོར་བཞི་ལ། །མི་གཡོ་བ་ཡི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ལ། །དར་དཀར་དག་གིས་དྲིལ་ལ་གདགས། །དེ་ནས་སྦྱོར་བ་ཟིན་པ་དང་། །ཟླ་གམ་མཛོ་མོའི་མེ་སྦར་ཞིང་། །ལིང་ག་བསྲེག་ཅིང་གསང་སྔགས་བཟླས། །ཆུ་མིག་བྱང་དུ་བལྟ་བར་ཡང་། །གོང་དང་འདྲ་བར་སྦ་བར་བྱ། །དེས་ནི་གདོལ་པའི་གདོན་ལས་ཐར། །རིགས་ལྔ་ཀླུ་ཡི་ཟིན་གྱུར་ན། །རེས་འགའ་ན་ཞིང་རེས་འགའ་གྲང་། །ཤེས་པ་རྨུགས་ཤིང་ཉལ་ལ་དགའ། །སྐྱུར་དང་དམར་ལ་མི་དགའ་ཞིང་། །དཀར་དང་མངར་ལ་དགའ་བ་ན། །ཀླུ་རིགས་ལྔ་ཡི་ཟིན་པར་ངེས། །རྨི་ལམ་དག་ལ་བྱོལ་སོང་དང་། །ཁྱི་དང་ཕག་དང་ཉ་སྦྲུལ་དང་། །སེམས་ཅན་གཟུགས་ནི་སྣ་ཚོགས་འབྱུང་། །དེ་རྣམས་བཅོས་པར་བྱ་བའི་ཐབས། །སྣ་ཚོགས་སྦྱོར་བ་རབ་ཏུ་བྱ། །དེ་ལྟར་གསད་པར་བྱ་བའི་ཐབས། །དྲག་སྔགས་འདི་ཡིས་བྱ་བར་གསུངས། །ཨོཾ་ཤྲཱི་བཛྲ་ཙཎྜ་ནཱ་གའི་རོ་སྙིང་ཤ་ཀུ་རུ་མཱ་ར་ཡ་ཛ་ཛཱ། ནཱ་ག་དུཥྚན་ཕཊ། ནཱ་ག་སྙིང་ཐིག་མཱ་ར་ཡ་ཕཊ། ནཱ་གའི་སྲོག་ཁ་ལོང་། ལྡར་ཡ་ཕཊ། གསང་སྔགས་དེ་སྐད་བཟླས་པ་ཡིས། །ཀླུ་རྣམས་ཐམས་ཅད་དབང་མེད་པར། །སྲོག་རྩ་དྲངས་ནས་བརྒྱལ་སྟེ་འཆི། །ཡང་ན་འདར་ཞིང་སྐྲག་པ་ཡིས། །མིག་རྩ་རིག་རིག་གཞན་དུ་བྲོས། །སྐྲག་ཅིང་སྔངས་པས་བཀའ་ཉན་བྱེད། །སྦྱོར་བ་ཡང་དང་ཡང་བྱ་ཞིང་། །གསང་སྔགས་ལན་འབུམ་བཟླས་པ་ན། །རིགས་ལྔའི་ཀླུ་རྣམས་བསྐྲད་པར་བྱེད། །དྲགས་ན་རང་ངམ་འཁོར་ལ་ལྡོག །ཕྱིར་མི་ལྡོག་པའི་བྱ་ཐབས་ལ། །བདག་ཉིད་དབང་དུ་བསྒོམ་པ་ཡིས། །སྐྲ་ནི་སྤྱི་བོའི་གཙུག་ཏུ་བཅིངས། །རྨ་བྱའི་སྒྲོ་ནི་སྤྱི་བོར་བཙུགས། །གཡས་པས་རལ་


DNG003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་རབ་ཏུ་ཐོགས། །གཡོན་པ་དག་ནི་ཕུར་བའོ། །ཕག་པའི་སྣ་ནི་དཔུང་པ་གཡས། །སིང་ལྡེང་ཕུར་པ་ཐོང་ག་གཡས། །ལྕགས་ཕུར་ཐོང་ག་གཡོན་དུའོ། །གླ་རྩི་བཙན་དུག་སྐེ་ལའོ། །ཡུངས་ཀར་རྡོ་རྗེ་རྩེ་དགུའོ། །དེས་ནི་ཕྱིར་ལ་ལྡོག་མི་འགྱུར། །དེ་ནས་སྦྱོར་བ་ཅི་བྱས་ཀྱང་། །རང་ལ་ལྡོག་པའི་མིང་མེད་དོ། །དེས་ནི་ཀླུ་རྣམས་གདོན་ལས་ཐར། །ས་བདག་རིགས་ཀྱིས་ཟིན་པ་ན། །རྟགས་དང་འཇུག་པའི་མཚན་ཉིད་བསྟན། །འཇུག་པའི་ས་ལ་ངེས་པ་མེད། །ལུས་པོའི་བཀྲག་ནི་སེར་པོར་འགྱུར། །མཁྲིས་པ་དག་ལ་གནས་བཅས་ནས། །ཆུ་སེར་དག་ལ་ཟ་བར་བྱེད། །ལུས་ཀྱི་སྟོབས་རྣམས་ཤོར་བ་དང་། །ཟས་ནི་མངར་སྐྱུར་ཅི་ཟོས་པ། །ཁོང་པར་དྲོས་ན་སྐྱུགས་པར་བྱེད། །རྐང་པ་ཀྱོག་དང་ལག་པ་ཀྱོག །མེ་མི་ཐུབ་ལ་འགྲོ་མི་ནུས། །ས་ལ་ཉལ་ཞིང་འདོད་ཆགས་ཆེ། །དང་པོ་སྐྱ་རྦབ་དག་ཏུ་འགྱུར། །ལུས་པོའི་ཤ་སྐམ་འགྲམ་ཤ་མེད། །དྲི་ཆུའི་མདོག་ནི་ཆུ་རྩའི་ཁུ། །ཕོ་སྟོད་མི་བདེ་སྐད་ཀྱང་འགགས། །གཏམ་ནི་སྨྲ་སྙིང་མི་འདོད་ཅིང་། །སོ་ཡི་རྩི་འཆོར་རྐང་མཐིལ་སེར། །མཐེབ་དང་མཛུབ་མོའི་བར་ཤ་ཤོར། །སེན་མོ་ཉིད་ཀྱང་སེར་པོ་ལ། །མཆིན་པ་ན་ཞིང་ཡན་ལག་ན། །ཕྱིས་ནི་སྐམ་པོར་འགྲོ་བར་ངེས། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །ས་བདག་གདོན་དུ་ཤེས་པར་བྱ། །དེ་དག་དང་པོ་བཅོས་པའི་ཐབས། །ས་སྣ་མི་མཐུན་སྣ་ཚོགས་དང་། །རིན་ཆེན་གཏོར་མས་མཆོད་པར་བྱ། །ཀླུ་ཡི་སྐབས་ནས་འབྱུང་བ་བཞིན། །འདིར་ཡང་སྦྱོར་བ་དེ་ལྟར་བརྩམ། །ཀླུ་ཡི་གཟུགས་བརྙན་མ་གཏོགས་པ། །བུམ་པའི་སྦྱོར་བའི་དཀྱིལ་འཁོར་ནི། །ཀླུ་ཡི་སྐབས་དང་མཐུན་པའོ། །རིན་ཆེན་གཏོར་མ་སྣ་ཚོགས་དང་། །ཀླུ་ཡི་སྐབས་ནས་བྱུང་བ་ཡི། །མཆོད་པའི་སྔགས་དང་གཏོར་སྔགས་སོ། །ཕྱག་རྒྱ་བུམ་པ་ལྟ་བུས་མཆོད། །ས་བདག་གནས་པའི་ས་རུ་བསྐྱལ། །དེས་ནི་ས་བདག་གདོན་ལས་ཐར། །དེ་ཡིས་ཐར་བར་མ་གྱུར་ན། །དྲག་པོའི་སྦྱོར་བ་


DNG003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པར་བྱ། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །འབྲུབ་ཁུང་གྲུ་གསུམ་རྩེ་སྤྲད་གསུམ། །ས་བཟང་དག་གི་འདག་པས་བརྩིག །གཅིག་ནི་དཀར་པོ་བསྐུ་བར་བྱ། །གཉིས་ནི་ནག་དང་དམར་པོ་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །གྲུ་བཞིའི་ངོས་ལ་མེ་རི་བྲི། །ཁ་ལ་རྡོ་རྗེས་བསྐོར་བར་བྱ། །གྲུ་གསུམ་ཁ་ནི་ཐོད་པས་བསྐོར། །བག་ཟན་གྲོག་མཁར་ས་དག་ལ། །རྔ་མོང་གཟུགས་ནི་ནག་པོ་བྱ། །དེ་ཡི་སྟེང་དུ་བསྐྱོན་བྱས་ལ། །རྩངས་པའི་གཟུགས་དང་དམིག་པས་བསྐྱོན། །རྩངས་པ་དེ་ཡི་སྙིང་ག་རུ། །ཡི་གེ་དག་ནི་སྔོན་པོར་བྲི། །གྲོ་ག་ཤིང་ཤུན་དག་ལ་ཡང་། །ས་བདག་མཱ་ར་ཡ་ཞེས་བྲི། །གཟུགས་ཀྱི་ཁོང་པར་གཞུག་པར་བྱ། །དེ་ནི་ལྷོ་ཕྱོགས་ཁ་བསྟན་ལ། །བྲུབ་ཁུང་ནང་དུ་གཞུག་པར་བྱ། །ཤོག་ཤོག་ལིང་ག་རེ་རེ་ལ། །སྙིང་གར་ས་བདག་མཱ་ར་ཡ། །སྔགས་དེ་བྲིས་ལ་བྲུབ་ཁུང་ནང་། །དཔལ་གྱི་གཏོར་མ་དག་ཀྱང་བྱ། །བདག་ཉིད་དབང་ཆེན་རབ་གསལ་བས། །བྲུབ་ཁུང་སྟེང་དུ་གཏོར་མ་བཞག །གཏོར་མའི་ནང་དུ་གཟུགས་དེ་གཞུག །བདག་ཉིད་དཔྲལ་བའི་ཧཱུཾ་ཉིད་ལས། །འཕགས་པ་མི་གཡོ་ཞེས་བྱ་བའི། །ཁྲོ་རྒྱལ་རལ་གྲི་ཐོགས་པར་བསམ། །བདག་གི་མདུན་དུ་ཡོད་པ་ཡི། །མི་དེར་མི་གཡོའི་དབང་བསྐུར་བྱ། །བདག་ཉིད་དཔལ་ཆེན་ལྡན་པ་ཡིས། །སློབ་མ་མཚན་ལྡན་དེ་ལ་ཡང་། །ཤིན་ཏུ་རྣོ་བའི་རལ་གྲི་བསྐུར། །ནད་པ་དེ་ལ་བསྐོར་བྱ་ཞིང་། །རལ་གྲི་གླད་ལ་བསྐོར་བར་བྱ། །ནད་པའི་ལུས་ལ་ཐུག་པར་བྱ། །གཟུགས་དེ་ལ་ཡང་བསྡིམ་པར་བྱ། །སློབ་དཔོན་གསང་བའི་དབང་ཐོབ་དེས། །གསང་སྔགས་འདི་ནི་དྲག་ཏུ་བཟླས། །ཧྲིཿབཛྲ་པཱ་ཎི་ནཱ་ག་དུ། སྙིང་ཁྲག་ཚལ་པ་སྙིང་ཁྲག་ལ་ཧབ་ཧབ་ཧུབ་ཧུབ། མཱ་ར་ཡ་སྙིང་ལ་ཛ་དུ་ཡ་ཛ་ཛ། དེ་ནས་སློབ་དཔོན་མཚན་ལྡན་དེས། །རྩ་བའི་སྔགས་ཀྱི་རྗེས་སུ་ཡང་། །སྔགས་འདི་བཟླས་ཤིང་རལ་གྲི་ཕྱར། མ་ཧཱ་ནཱ་ག་པ་ཏི་སྥ་ར་ན་ཕཊ་ཕཊ། རལ་གྲི་དག་ལ་བཟླ་བྱ་ཞིང་། །ནད་པ་དེ་ཡི་གཟུགས་ལ་


DNG003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྡིམ། །དེ་ནས་གང་ཡང་རུང་བའི་མིས། །གཟུགས་དེ་ལྷོ་ཕྱོགས་དག་ཏུ་བསྐྱལ། །དེ་ནས་ལོག་ནས་འོང་བ་དང་། །སློབ་དཔོན་དེ་ཡིས་སྦྱིན་སྲེག་བྱ། །ཚེར་མ་ཅན་གྱི་ཤིང་དག་ལ། །རཾ་དང་ལྡན་པས་མེ་ཉིད་སྦར། །དེས་ནི་ས་བདག་གནོད་ལས་ཐར། །ཕྱིས་ནི་ལྡང་བར་མི་ནུས་སོ། །གང་དག་གཉན་གྱིས་ཟིན་གྱུར་ན། །རྟགས་ནི་འདི་རྣམས་འབྱུང་བར་ངེས། །འཇུག་པའི་སྒོ་ནི་གསུས་པའོ། །སྙིང་གར་གནས་ཤིང་ཆུ་སེར་འབུད། །སྐད་ནི་འཛེར་ཞིང་ཤ་མདོག་ནག །ཤ་ཡི་རྒྱུ་ཡང་ཆུང་བར་འགྱུར། །ཡང་ན་རྫིས་པ་དག་ཏུ་འགྱུར། །ལག་པའི་མཁྲིག་མ་ཕྲ་བར་ངེས། །དོན་མེད་རྨ་རྣམས་འབྱུང་བ་དང་། །དབང་པོའི་ཆགས་པ་མི་སྐྱེ་དང་། །གསུས་པ་ན་ཞིང་སྐམ་པར་བྱེད། །ཚིགས་པ་ན་ཞིང་ཆུ་སེར་འབྱུང་། །སྐབས་སུ་ཁོལ་བུར་ན་བ་དང་། །སྨིན་མའི་བཀྲག་ནི་ཉམས་པར་འགྱུར། །མཛེ་ཡི་རྟགས་རྣམས་འབྱུང་བ་དང་། །རྐང་པའི་མཐིལ་ནས་འཕྲིག་པ་རྣམས། །གཉན་གྱི་ནད་དུ་ཤེས་པར་བྱ། །འགྲོ་བར་བྱེད་པའི་ཚེ་ན་ཡང་། །རྐང་པ་འཁོར་ཞིང་ལུས་པོ་འཁྱོམ། །ཁ་དང་སྣ་དང་མིག་རྣམས་ནས། །ཆུ་ནི་དུས་མིན་འབྱུང་བ་དང་། །ཕྱིས་ཀྱང་གཉན་གྱི་མཛེ་རུ་འགྲོ། །དེ་ལ་སོགས་པའི་མཛེ་རིགས་ནི། །རྣམ་པ་བརྒྱད་ཉིད་ལྡན་པ་ན། །གཉན་གྱི་གདོན་གྱིས་ཟིན་པར་ངེས། །དེ་དག་བཅོས་པའི་ཐབས་འདིའོ། །དང་པོ་ཞི་བས་མཆོད་པར་བྱ། །ཆབ་གཏོར་མཆོད་རྟེན་གདབ་པར་བྱ། །དེས་ཀྱང་ཕན་པར་མ་གྱུར་ན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །གྲུ་གསུམ་ཐབ་ཁུང་བརྩིག་པར་བྱ། །བྲུབ་ཁུང་ནག་པོར་བརྩིགས་པའི་སྟེང་། །ཁ་ཊྭཱཾ་རྡོ་རྗེའི་གཟུགས་སུ་བྲི། །དུར་ཁྲོད་ཤིང་དང་ཚེར་མའི་ཤིང་། །དུག་ཤིང་ཚོགས་ཀྱིས་གྲུ་གསུམ་བརྩིགས། །གདོན་གྱི་གཟུགས་ནི་སྔོ་སྐྱར་བྱ། །བལ་ནག་སྐྲ་ནི་ཐུར་ལ་བསྙིལ། །སྙིང་གར་ཡི་གེ་པྲེ་ཉིད་བྲི། །སྐུད་པ་ནག་པོ་སུམ་བསྒྲིལ་གྱིས། །ལིང་ག་དེ་ཡི་སྐེ་ལ་གདགས། །ཕུར་པ་བཞི་ལ་ཕྱོགས་བཞིར་བརྟོད། །


DNG003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དང་གདུག་པའི་མཚོན་ཆ་བསྣམས། །བདག་ཉིད་ཁ་ཡང་ལྷོ་རུ་བསྟན། །དེ་ནས་ཏིང་འཛིན་ལྡན་པ་ཡིས། །བགེགས་རྣམས་བཀུག་མི་གཟུགས་ལ་བསྡིམ། །སྐུད་པ་ནག་པོ་གཟུང་བྱ་ཞིང་། །གསང་སྔགས་འདི་ཡིས་ལིང་ག་བཅིང་། །ཨོཾ་ཧྲཱྀཿབཛྲ་བྷནྡྷ་ཧཱུཾ། དུཥྚ་གྷྲྀཧྞ་བནྡྷ་ཧཱུཾ། གསང་སྔགས་བཟླ་ཞིང་ལིང་ག་བཅིང་། །དེ་ལྟར་ཡང་ནས་ཡང་བྱས་ཤིང་། །རྨི་ལམ་ཁུགས་པར་མཐོང་བ་དང་། །གདབ་པའི་གནས་ལྔར་ཕུར་བུ་གདབ། །དེ་ནས་གྲི་ཡིས་གཏུབ་པར་བྱ། །རྡོ་རྗེས་བརྡུང་ཞིང་སྔགས་འདི་བཟླས། །ཤྲཱི་བཛྲ་པཱ་ཎི། ས་ནཱ་ག་དུ་ལིང་སྙིང་ལ་གཏུབ། སྙིང་ཁྲག་ཚལ་པ་མཱ་ར་ཡ་རྦད། དེ་ནས་བརྡུངས་ཤིང་ཧོམ་དུ་བསྲེག །དེ་ནས་བྲུབ་ཁུང་དེ་ཉིད་དུ། །གྲུ་གསུམ་བཞིན་དུ་གཏིང་དུ་བརྐོ། །སོལ་བ་ལ་སོགས་ཐོ་རལ་རྣམས། །གཏིང་དུ་བྲུབ་ཅིང་ས་ཡིས་བརྫིས། །དེ་ཡི་སྟེང་དུ་བཞག་པའི་རྫས། །གཡམ་པ་སྔོན་པོ་ལེབ་མོ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །ཁྲོ་བོ་བརྗིད་པའི་སྟོབས་ཀྱིས་འགྲོ། །དབང་གི་རྟ་བྲོ་བརྡུང་བར་བྱ། །ཧ་ཧ་ཞེས་བྱ་གད་རྒྱངས་སྒྲོགས། །པདྨཱནྟ་ཀྲྀཏ་གླུ་ཆེན་བླངས། །དེ་ནས་གྲི་ཡིས་བཙབ་པར་བྱ། །དེ་ཡི་གསང་སྔགས་འདི་དག་གོ། །ཚེད་ཚེད་མཱ་ར་ཡ། ཁཱ་བེ་ན་ཧཱུཾ་ཕཊ། ལན་ནི་ཉི་ཤུ་རྩ་གཅིག་བརྗོད། །ཕྱིས་ནི་མི་ལྡང་བ་ཡི་སྔགས་འདི་ཡིན། དུཥྚ་ཀྲ་ཧ་ན། སྟྭམ་བྷ་ན་ཀུ་རུ་ལམ། དེ་ཉིད་བཅོ་བརྒྱད་དག་གིས་འགྲུབ། །དེ་ལྟར་བཅོ་བརྒྱད་བྱས་གྱུར་ན། །གཉན་གྱི་གདོན་ལས་ཐར་བར་འགྱུར། །སྦྱོར་བ་འདི་ཉིད་བྱས་པ་ན། །ས་བདག་གདོན་ལས་ཐར་བར་འགྱུར། །དེ་ལྟར་ལས་རྣམས་རྫོགས་བྱས་ན། །ཀླུ་དང་གཉན་དང་ས་བདག་དང་། །ས་གདོན་ལས་ནི་རབ་ཏུ་ཐར། །མཛེ་ཡི་ནད་རྣམས་ཞི་བར་འགྱུར། །དེས་ནི་ལས་རྣམས་མྱུར་བའོ། །གང་དག་མི་ཡི་རིགས་རྣམས་ལ། །མཛེ་ལ་སོགས་པའི་ནད་རྣམས་ནི། །རིམས་དང་སྨྱོ་འབོགས་ནད་ལ་སོགས། །མ་མོའི་གདོན་ལས་གྱུར་པས་ན། །


DNG003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་རིགས་ལ་བསམ་ཡས་ཀྱང་། །གདོན་ནི་རྣམ་པ་ལྔ་རུ་འདུས། །ས་ལ་དབང་བའི་མ་མོ་དང་། །འབྱུང་བ་ཆུ་ལ་དབང་བ་དང་། །མེ་ལ་དབང་བའི་མ་མོ་དང་། །དེ་བཞིན་རླུང་ལ་དབང་བ་དང་། །ནམ་མཁའ་དག་ལ་དབང་བའོ། །དེ་དག་སྲུང་བའི་ཐབས་ལ་ཡང་། །རྣམ་པ་གཉིས་སུ་ང་ཡིས་བཤད། །གཞན་དག་མངགས་པའི་ཕོ་ཉ་དང་། །འཕྲལ་གྱི་གདོན་རྣམས་ལས་ཀྱི་འཕྲོ། །རྣམ་པ་གཉིས་སུ་ང་ཡིས་བཤད། །བསྲུང་བའི་ཐབས་ནི་རེ་རེའོ། །བརྟག་པའི་ཐབས་ནི་འདི་ལྟ་སྟེ། །གཞན་གྱིས་མངགས་པའི་གདོན་རྣམས་ནི། །གདོན་གྱིས་ཟིན་པའི་མི་དེ་ཡང་། །གདོང་ནི་ནག་ལ་སྐམ་པའོ། །ལུས་པོ་ལྗི་ཞིང་ཚིག་པ་ཟ། །མིག་རྩ་དམར་ཞིང་ཁྲོ་ལ་དགའ། །ཤེས་པ་བྱིང་ཞིང་ཕོ་མཆིན་ན། །རྨི་ལམ་ཆུ་བོ་ཆེན་པོ་རྨི། །དེ་ལྟར་བྱུང་བའི་མི་དེ་ཡང་། །སྔགས་པའི་མཐུ་ཡིས་ཟིན་པར་ངེས། །དེ་དག་བཅོས་པའི་ཐབས་ཉིད་ནི། །དང་པོ་མདོས་དང་ཞི་བས་བཟློག །དེས་ཀྱང་ཐར་བར་མ་གྱུར་ན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །བདག་ཉིད་མལ་གྱི་འོག་ཏུ་ཡང་། །གྲུ་གསུམ་དག་ནི་ནག་པོར་བྱ། །ནང་དུ་སྔགས་པའི་གཟུགས་བརྙན་རྣམས། །མ་མོའི་གཟུགས་བརྙན་གཞུག་པར་བྱ། །སྟེང་དུ་དུར་ཁྲོད་རྡོ་ལེབ་ལ། །གླིང་བཞི་རི་རབ་བྲིས་པས་མནན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །དེ་ཡི་སྟེང་དུ་ཉལ་བྱ་ཞིང་། །འཁོར་ལོ་ཉིད་ཀྱང་བསྐོར་བར་བྱ། །གསང་སྔགས་འདི་ནི་མཚན་བརྒྱ་བཟླས། །ཧྲི་ཧྲི་མ་ཏྲི་མཱ་ར་ཡ་བཟློག །མ་ཏྲི་མ་ཏྲི་རང་ལ་མཱ་ར་ཡ་ཟློག་ཟློག །རྦད་རྦད། རྩ་བའི་གསང་སྔགས་ལན་བདུན་བརྗོད། །དེ་ནས་སྔགས་དེ་ནུས་ཚད་བགྲང་། །དེས་ནི་བྱད་ཁ་ཐམས་ཅད་བཟློག །མ་མོའི་ཕྱིར་བཟློག་གསང་བའོ། །རྣམ་སྨིན་ཡིན་ན་ཐར་བར་དཀའ། །དགེ་སྦྱོར་རྫོགས་ན་བཟློག་པ་སྲིད། །འཕྲལ་གྱི་གདོན་དུ་གྱུར་པ་ན། །ས་ལ་དབང་བའི་རྟགས་རྣམས་ནི། །འདི་ལྟ་ཉིད་དུ་འབྱུང་བར་ངེས། །ལུས་པོ་ལྗི་ཞིང་ཉལ་ལ་དགའ། །དྲན་པ་ཉམས་ཤིང་ཤི་འབྲས་འདོན། །ཤེས་པ་བྱིང་ནས་མགོ་བོ་འཁོར། །


DNG003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཀྱང་མི་མཐོང་ཁྲག་ལྟ་བུ། །རྣ་བ་འོན་ནས་སྒྲ་མི་ཐོས། །རྐང་ལག་འདར་ཞིང་གློ་སྙིང་རྨུགས། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །ཐ་མ་མཛེ་རུ་འགྲོ་བར་ངེས། །དེ་ནི་ས་ལ་དབང་བའོ། །དེ་ལ་བཟློག་པ་བྱ་བའི་ཐབས། །དང་པོ་ཞི་བའི་ལས་ཀྱིས་མཆོད། །དེས་ཀྱང་ཐར་པར་མ་གྱུར་ན། །རི་གསུམ་རྩེ་མོར་ཕྱིན་ལ་ཡང་། །བྲུབ་ཁུང་ཟུར་གསུམ་གཏིང་དུ་བརྐོ། །མ་མོའི་གཟུགས་དང་མིང་བྲིས་ལ། །རླུང་དང་འཚུབ་མའི་ཚེ་ན་བསྲེག །ཐལ་བ་རླུང་ལ་ཕྱོགས་བཞིར་གཏོར། །གསང་སྔགས་དུས་དེར་འདི་ཉིད་བཟླས། །ཏྲི་ཏྲི་ཞུང་ཞུང་། ཡ་སུ་ཏྲག་རག་ཤ་ཏྲག་ནི་ཧེད་ཧེད། སྙིང་ཁྲག་གཞིབ་གཞིབ། མ་ཧ་ར་ནིའི་སྙིང་ཁྲག་ལ་མཱ་ར་ཡ་རྦད། སྔགས་བརྒྱ་རྩ་བརྒྱད་བརྗོད་པ་ཡིས། །ཀླུ་མོ་ས་གདོན་གསོད་པར་བྱེད། །སྔགས་དེ་རྒྱུན་དུ་བཟླས་པ་ན། །ས་ལ་དབང་བའི་གདོན་ལས་ཐར། །ཆུ་ལ་དབང་བ་མ་མོའི་གདོན། །སྐྱེས་བུ་གང་ལ་ཞུགས་པ་ཡི། །རྟགས་ནི་འདི་ལྟར་འོང་བར་ངེས། །གདོན་དེ་ཞུགས་པའི་མི་དེ་ཡང་། །ལུས་པོ་ཚ་ཞིང་ཁ་སྣ་གཤེར། །སྙིང་ཡང་འཕར་ཞིང་ཆུ་མི་ཐུབ། །ཁོང་པ་ཚ་ཞིང་ལུས་པོ་འདར། །མིག་ཀྱང་གྱེན་ལ་ཟློག་པར་བྱེད། །མགོ་དང་ཡན་ལག་ན་བར་བྱེད། །ཤེས་པ་གསལ་ཞིང་ལྡང་མི་ནུས། །མིག་རྩ་ནག་ཅིང་སོ་ནག་པ། །ཆུ་ལ་དབང་བ་ཡིན་པར་ངེས། །གདོན་དེ་ཉིད་ལས་ཐར་བའི་ཐབས། །སྦྱོར་བའི་ཐབ་འདི་སྔགས་པས་བརྩམ། །སྣ་ཚོགས་ཆུ་རྣམས་བླངས་པ་ཡང་། །རྫས་ནག་དག་གིས་བྲུབ་ཁུང་བྱ། །དེ་ཡི་ནང་དུ་ཆུ་རྣམས་བླུག །མ་མོའི་གཟུགས་དང་ལིང་ག་བྱ། །ཆུ་ཡི་ནང་དུ་ནུབ་པར་གཞུག །དུར་ཁྲོད་སྐུད་པ་སུམ་སྒྲིལ་གྱིས། །ལིང་གའི་སྙིང་གར་བརྟོད་ལ་དྲང་། །དུར་ཁྲོད་ཐལ་བ་ལ་སོགས་པའི། །ས་སྣ་ཚོགས་ཚད་དག་དང་ནི། །མཁར་གོང་བཏགས་པའི་ཕྱེ་མ་དང་། །སོ་དོག་ཟངས་ཕྱེ་ལྕགས་ཕྱེ་དང་། །སྣ་ཚོགས་རྡོ་ཡི་ཕྱེ་མ་དང་། །ཡུངས་ཀར་ཉུང་ནག་སྐེ་ཚེ་དང་། །ར་དུག་


DNG003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བོང་དུག་བཙན་དུག་དང་། །དུག་སྣ་ཅི་སྙེད་ཡོད་པ་དང་། །ར་ཁྲག་ཁྱི་ཁྲག་མི་ཁྲག་དང་། །རྟ་ཁྲག་ལ་སོགས་ཁྲག་སྣ་རྣམས། །མུ་ཟི་ཁྱི་ལུད་གུ་གུལ་དང་། །ཤུ་དག་བ་བླ་མི་གཙང་རྫས། །དྲི་མ་ཅན་གྱི་རྫས་སྣ་ཚོགས། །རང་རང་དག་གི་མི་མཐུན་པའི། །དང་པོ་རྡོ་ཡི་ཐུན་གྱིས་བྲབ། །དེ་ནས་འབྲུ་ཡི་རིགས་ཀྱིས་བྲབ། །དེ་ནས་དུག་སྣའི་ཚོགས་ཀྱིས་བརྡེག །དེ་ནས་ཁྲག་ལ་བསྔགས་ཤིང་བླུག །དེ་ནས་ས་ཡིས་བྲབ་པར་བྱ། །དེ་ནས་དེ་ཡི་འདག་པ་རྣམས། །བསྡུས་ལ་མ་མོའི་གཟུགས་བརྙན་བྱ། །ཁོང་དུ་མ་མོའི་མིང་བྱང་གཞུག །ཐུན་གྱིས་བྲབ་ཅིང་གསང་སྔགས་བཟླས། །སྔགས་འདིས་མ་མོའི་སྲོག་གཅོད་པའོ། །ཧཱུཾ་ཧྲི་མ་མོའི་སྙིང་ཁོས། རག་མོའི་ཤ་རུས་ལ་རྒྱུག་སྲིང་། མཱ་ར་ཡ་ཛ་ཛ། དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །གསང་སྔགས་དེ་ནི་བརྒྱ་རྩ་བཟླས། །ཐུན་ལ་བཟླས་ཤིང་བྲབ་པར་བྱ། །དེ་ནས་གཟུགས་བརྙན་དེ་ཉིད་ནི། །དུར་ཁྲོད་གྲོག་པོ་སུམ་མདོར་མནན། །གྲུ་གསུམ་དོང་དུ་སྤྱི་ཚུགས་མནན། །བསྒྲུབ་པ་ཞག་ལྔ་དག་ཏུ་བྱ། །ལན་ནི་སུམ་ཅུ་བྱས་པ་ཡི། །ཆུ་ཡི་གདོན་ལས་ཐར་བར་འགྱུར། །མ་མོའི་གདོན་ནི་ཆུ་ལ་དབང་། །ཆུ་ལ་དབང་བའི་གདོན་དེ་ཡང་། །ས་ཡི་སྦྱོར་བས་བསྐྲད་པར་བྱེད། །སྦྱོར་བ་དེ་ལྟར་བྱས་པ་ན། །ཆུ་ལ་དབང་བའི་མ་མོ་ཡི། །གདོན་ལས་རབ་ཏུ་ཐར་བའོ། །གང་དག་མེ་ལ་དབང་བའི་གདོན་དག་ནི། །སྐྱེས་བུ་གང་ལ་ཞུགས་པའི་རྟགས། །འདི་ལྟར་རབ་ཏུ་ཤེས་པར་བྱ། །མེ་ལ་དབང་བའི་མ་མོའི་གདོན། །ཞུགས་པའི་རྟགས་ནི་འདི་ལྟ་སྟེ། །གདོན་དེ་ཞུགས་པའི་མི་དེ་ནི། །ཁ་སྣ་སྐམ་ཞིང་ལུས་པོ་ཚ། །ལུས་ཀྱི་ཤ་ཡི་རྟགས་རྣམས་ནི། །དམར་པོའི་ཐིག་ལེ་སྐབས་སྐབས་ཡོད། །རེས་འགའ་སྐྲངས་ཤིང་རེས་འགའ་ཞི། །ལུས་པོ་སྐམ་ལ་གནག་པར་བྱེད། །ལག་པ་སྦྲིད་ལ་རྐང་པ་འཁོར། །དམར་ལ་དགའ་ཞིང་ཟ་ལ་རྔམ། །སྐད་ཀྱང་ཕྲ་ཞིང་མགྲིན་པ་ཕྲ། །མགོ་བོ་ཕྱེད་མར་ན་བ་དང་། །འཁོར་ལ་ཁྲོ་ཞིང་མིག་རྩ་དམར། །ཉི་མ་ཕྱེད་ནས་མཚན་མོ་འཐིབ། །ཤེས་པ་མི་གསལ་


DNG003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་བར་བྱེད། །མགོ་དང་ཡན་ལག་ན་བ་ན། །མེ་ལ་དབང་བའི་གདོན་ཡིན་ནོ། །དེ་དག་བཟློག་ཅིང་བཅོས་པའི་ཐབས། །དང་པོ་མེ་ཡི་ཧོམ་གྱིས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩམ་པར་བྱ། །འབྲུབ་ཁུང་གོང་དང་འདྲ་བ་ལས། །ཤིང་གི་རྣམ་པ་འདི་ལྟའོ། །ཕ་དགུ་མ་དགུ་བུ་དགུའི་ཤིང་། །དེ་ལ་སོགས་པའི་ཤིང་སྣ་ཚོགས། །སྣ་ཚོགས་ཤིང་གི་ཧོམ་བྱས་ལ། །མ་མོའི་གཟུགས་དང་མིང་བྱང་བྲི། །ལིང་ག་བརྒྱ་ནི་རྩ་བརྒྱད་བྱ། །ཧོམ་གྱི་རྩེ་མོར་བཏགས་ནས་ཀྱང་། །སྣ་ཚོགས་ཐུན་གྱིས་བྲབ་པར་བྱ། །རྒྱ་མཚོའི་ཆུ་དང་ལྟེང་ཀའི་ཆུ། །ལུ་མ་དང་ནི་འབབ་ཆུ་དང་། །ནགས་ཀྱི་ཆུ་དང་གངས་ཆུ་དང་། །སྣ་ཚོགས་པ་ཡི་ཆུ་བླངས་ལ། །ཁྲག་སྣའི་ཚོགས་དང་བསྲེ་བར་བྱ། །དྲག་སྔགས་འདི་ཡིས་མ་མོ་བསྐྲད། །དབང་ཆེན་ཏིང་འཛིན་ལྡན་བྱས་ལ། །དྲག་སྔགས་འདི་ཡིས་ཆུ་ལ་དབབ། ཧྲི་མ་མ་ནན། ཏྲིའུ་ཏྲིའུ། ཤ་ཏྲིའུ་ཤ་ཏྲིའུ། རག་མོ་མཱ་ར་ཡ་ནན། དུམ་བུ་དུམ་བུ་རྦད་རྦད། དྲག་སྔགས་འདི་ནི་བཟླ་བྱ་ཞིང་། །ཤིང་ལ་མེ་སྦར་ཆུ་ཡིས་བྲབ། དེ་ནས་ཆུ་དང་ཐལ་བ་བཅས་པ་བསྡུས། །མ་མོ་དེ་ཡི་གཟུགས་སུ་བྱ། །སྐུད་པ་སྔོ་དམར་ལུས་ལ་བཅིངས། །ཐུན་གྱིས་བྲབ་ཅིང་ཕུར་པས་བརྡེག །དེ་ནས་གཟུགས་དེ་ཡང་བསྡུས་ལ། །དུར་ཁྲོད་རོ་བསྲེག་འོག་ཏུ་མནན། །དེས་ནི་མ་མོའི་སྲོག་རྩ་འཇོམས། །མེ་ལ་དབང་བའི་མ་མོའི་རིགས། །སྦྱོར་བ་དེ་ཡིས་བརླག་པར་བྱེད། །དེས་ནི་གདོན་ལས་ཐར་པའོ། །གང་དག་མི་ཡི་རིགས་རྣམས་ལ། །རླུང་ལ་དབང་བའི་མ་མོ་ཡི། །གདོན་གྱིས་ཟིན་པའི་རྟགས་རྣམས་ནི། །འདི་ལྟར་བྱུང་ན་རིགས་པར་བྱ། །དབང་དུ་གྱུར་པའི་མི་དེ་ནི། །ཤེས་པ་ཡང་ཞིང་འགྲོ་ལ་དགའ། །སྙིང་རྩ་འདར་ཞིང་སྤྱོད་པ་རྩིང་། །དྲན་པ་ཉམས་ཤིང་འོ་དོད་འབོད། །དབེན་པའི་ཕྱོགས་སུ་སོང་ནས་ནི། །གླུ་ཡང་ལེན་སྙིང་འདོད་པ་འབྱུང་། །དགོང་མོ་ཉི་མ་ནུབ་ཁ་རུ། །སྙིང་ཡང་མི་དགའ་གླུ་ལེན་ཅིང་། །ལབ་ལོབ་མང་པོའི་གཏམ་ལ་


DNG003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །མི་དང་དུས་གསུམ་འགྲོགས་པར་བྱེད། །སྙིང་དང་གློ་བ་ནང་རོལ་གྲང་། །གཞོགས་ནི་གཡོན་པ་ན་བ་ན། །སྙིང་ཡང་སིང་སིང་བྱེད་པར་ངེས། །ལུས་ལ་ནག་པོའི་ཐིག་ལེ་འབྱུང་། །རྟགས་དེ་རྣམས་དང་ལྡན་པ་ན། །རླུང་ལ་དབང་བའི་གདོན་ཡིན་ནོ། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །དང་པོ་ཞི་བའི་གཏོར་མས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་འདི་དག་བརྩམ། །འབྲུབ་ཁུང་གོང་དང་འདྲ་བ་ལས། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡི་གེ་ཡཾ་ཞེས་ཆད་པ་ལས། །བྲུབ་ཁུང་ནང་དུ་འོད་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རླུང་གི་དཀྱིལ་འཁོར་ཟླ་གམ་བསམ། །རླུང་གི་དཀྱིལ་འཁོར་དེ་ཉིད་དུ། །མ་མོའི་གཟུགས་ཉིད་བསམ་པར་བྱ། །བྲུབ་ཁུང་ནང་དུ་ལིང་ག་གཞུག །ཐུན་གྱིས་བྲབ་ཅིང་གཟུགས་དེར་བསམ། །ཚེར་མ་ཅན་གྱི་མེ་སྦར་ལ། །དྲག་སྔགས་འདི་ནི་རབ་ཏུ་བརྗོད། །ཧྲི་ཏ་ས་མ་མ་ཏྲི། ཡ་རྦད་ཧཱུཾ། སྙིང་རྩ་དུར་ལིང་ཛ་ཛ། དྲག་སྔགས་ལན་ནི་ཉི་ཤུ་གཅིག །བཟླས་པས་མ་མོ་བསྐྲད་པར་ངེས། །མེ་སྦར་ཐུན་དང་སྔགས་ཀྱིས་གཟིར། །སྦྱོར་བ་ལན་ནི་ཉི་ཤུ་གཅིག །བྱས་ཤིང་གཟུགས་ལ་བསྡིམ་བྱས་ན། །རླུང་ལ་དབང་བའི་ནད་ལས་ཐར། །གང་དག་མི་ཡི་རིགས་རྣམས་ལ། །ནམ་མཁའི་མ་མོས་ཟིན་པ་ཡི། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །ལུས་སེམས་ལྗི་ཞིང་མིག་ཀྱང་སེར། །མགོ་བོ་ཟིང་ལོང་བྱེད་པ་དང་། །མིག་ཀྱང་ཟིང་ལོང་སྣ་རྩ་དམར། །ཤེས་པ་འཐིབ་ཅིང་ཉལ་ལ་དགའ། །སྨད་ཚིགས་ན་ཞིང་མཇིང་པ་རེང་། །ཤེས་པ་འཁྱམ་ནས་ན་བ་ནི། །ནམ་མཁའི་མོ་གདོན་ཡིན་པར་ངེས། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །དང་པོ་ཞི་བའི་གཏོར་མས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩམ་པར་བྱ། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡི་གེ་ཨེ་ཉིད་ཆད་པ་ལས། །བྲུབ་ཁུང་དེ་


DNG003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནང་དུ་ཡང་། །ཨེ་གནས་ནམ་མཁའ་གྲུ་གསུམ་བསམ། །དེ་ཡི་དཀྱིལ་དུ་མ་མོ་བསམ། །གཟུགས་དང་ལིང་ག་ཉིད་ཀྱང་ངོ་། །ཐུན་གྱིས་བྲབ་ཅིང་དྲག་སྔགས་བཟླས། །ཐོག་མའི་གསང་སྔགས་རྗེས་ཉིད་དུ། །དྲག་སྔགས་འདི་ཉིད་བཏགས་པས་འགྲུབ། །མ་ཏྲི་ནཱ་ག་པྲ་ཤཱ་མ་ན་ཡ་སྭཱ་ཧཱ། གསང་སྔགས་དེ་ཉིད་བཟླ་བྱ་ཞིང་། །གང་དུ་དགོས་པའི་སྦྱོར་བ་རྣམས། །སྐབས་འདིར་ཐམས་ཅད་རྫོགས་པར་བྱེད། །ལན་ནི་བརྒྱ་རྩ་བྱས་པ་ན། །ནམ་མཁའི་མ་མོའི་གདོན་ལས་ཐར། །གདོན་དེ་བརྟགས་པས་མ་ཤེས་ན། །སྣ་ཚོགས་སྦྱོར་བ་རྫོགས་པར་བྱ། །དེས་ནི་མ་མོའི་གདོན་ལས་ཐར། །འབྱུང་པོའི་གདོན་གྱི་ནད་རྣམས་ནི། །གློ་བུར་དག་ཏུ་འབྱུང་བར་ངེས། །དེ་དག་རྣམས་ལས་ཐར་བའི་ཐབས། །བདག་ཉིད་དབང་ཆེན་བརྗིད་པར་བསྒོམ། །སྐུ་ནི་རི་རབ་བརྗིད་པ་ཙམ། །སྟོང་གསུམ་འཇིག་རྟེན་ཁྱབ་པར་བསྒོམ། །ཕྱག་ན་རྡོ་རྗེ་ཐུགས་ཀར་བསྒོམ། །དེ་ཡིས་བགེགས་རྣམས་འཇོམས་པར་བསམ། །དཔྲལ་བར་འཕགས་པ་མི་གཡོ་བསམ། །མགྲིན་པར་རྟ་མགྲིན་རྒྱལ་པོ་བསམ། །ལྟེ་བར་གཤིན་རྗེ་གཤེད་པོ་བསམ། །དེ་ལྟར་བསྐྱེད་རིམ་རྫོགས་ནས་ནི། །བགེགས་རྣམས་གང་ཡིན་མདུན་ན་བསམ། །བདག་ཉིད་ལྷ་ཡི་ཐུགས་ཀ་ན། །ཕྱག་ན་རྡོ་རྗེ་གཏུམ་པོ་བསམ། །དེ་ཡིས་བགེགས་ནི་བརྡུངས་པར་བསམ། །ཐམས་ཅད་འཇོམས་པར་བྱེད་པ་ཡི། །གསང་སྔགས་དམ་པ་འདི་རྣམས་སོ། །ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ། བཛྲ་ཙཎྜ་མ་ཧཱ་རེ་ཥ་ཎ་ཧཱུཾ་ཕཊ། ཡ་མཱནྟ་ཀ་ཧྲིང་ཧྲིང་། བཛྲ་ཙཎྜ་མེ་རེ་ལིང་ཧཱུཾ་ཕཊ། གསང་སྔགས་བཟླ་ཞིང་ལྷ་ཚོགས་བསྒོམ། །སྔགས་དེ་བཟླས་ཤིང་ལིང་ག་བྲབ། །དེ་ལྟར་རྒྱུན་དུ་བཟླ་བྱ་ཞིང་། །ལྷ་ཚོགས་མཉེས་པའི་གཏོར་མ་འོག་ནས་གོང་གི་གསང་སྔགས་ཞེས་པ་འདིའོ་དང་། །ཐུགས་དམ་བསྐུལ་ཞིང་བསྟོད་པ་བྱ། །དངོས་གྲུབ་མྱུར་དུ་འབྱུང་བར་ངེས། །དེས་ནི་སྣ་ཚོགས་གདོན་འཇོམས་པའོ། །གང་དག་མི་ཡི་རིགས་རྣམས་ལ། །རྒྱལ་པོའི་གདོན་གྱིས་འཚེ་བྱེད་ན། །


DNG003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བསྐྲད་པའི་སྦྱོར་བ་བརྩམ། །རྒྱལ་པོས་ཟིན་པའི་མི་དེ་ལ། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །སྙིང་མི་དགའ་ཞིང་གླུ་ཆུང་ལེན། །དོན་མེད་འགྲོ་སྙིང་འདོད་པ་སྟེ། །མགོ་དང་མཇིང་པ་སྟོད་མི་བདེ། །གློ་སྙིང་འདར་ཞིང་མིག་རྩ་རིག །སྙིང་ག་མི་བདེ་མཆིན་པ་འཕྱངས། །ཡང་ན་གསུས་པ་སྒལ་ལ་འབྱར་བར་བྱེད། །རྨི་ལམ་སྟག་དང་སེང་གེ་དང་། །འབག་དང་རོལ་མོ་རྒྱ་རྟའི་ཚོགས། །བཙུན་པ་མི་ཆེན་རྨི་བ་རྣམས། །ལྷ་ཁང་གསུང་རབ་མཆོད་རྟེན་རྣམས། །མཆོད་པ་རྒྱས་པར་རྨི་བ་དང་། །སྙིང་དང་སྲོག་རྩ་འདར་ཞིང་ན། །སོ་འཐབ་དབུགས་ཀྱང་རྒོད་པར་བྱེད། །ཡང་ན་ཁ་ཡང་འཛུམ་པ་སྟེ། །མཇིང་པ་ཡོ་ཞིང་རྒོད་ཁ་སྙི། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །རྒྱལ་པོའི་གདོན་གྱིས་ཟིན་པར་ངེས། །དེ་དག་བཅོས་ཤིང་བསྐྲད་ཐབས་ནི། །བདག་ཉིད་སྔགས་པའི་མདུན་ཉིད་དུ། །བྲུབ་ཁུང་གྲུ་གསུམ་གྲུ་གང་སྟེ། །ནང་དུ་རྒྱལ་པོའི་ལིང་གཟུད་དེ། །གཟུགས་ཀྱི་རྒྱུ་ནི་འདི་ལྟ་སྟེ། །ཤེལ་ལ་སོགས་ཏེ་རིན་ཆེན་ལྔ། །ས་བཟང་དག་དང་སྦྱར་བ་ནི། །གྲུ་གང་དག་གི་ཚད་དུ་བྱ། །དེ་ནས་བྲུབ་ཁུང་ནང་དུ་གཞུག །ཁྱི་ལུད་བོང་ཚིལ་ར་ཚིལ་དང་། །ཁྱི་ཚིལ་མི་ཚིལ་བ་ཚིལ་དང་། །རྟ་བོན་དང་ནི་མུ་ཟི་དང་། །ལྕགས་ཕྱེ་ཟངས་ཕྱེ་ཡུངས་ཀར་དང་། །ཕ་ཝང་ལོང་བུ་དུག་སྣ་ཚོགས། །མི་ཁྲག་དང་ནི་རྟ་ཁྱིའི་ཁྲག །ཁྲག་སྣ་དག་ནི་སྣ་ཚོགས་དང་། །ཐུན་དང་ཟོར་གྱི་རྫས་རྣམས་བསག །ལྕགས་ཀྱི་ཕུར་པ་སོར་བརྒྱད་པ། །སྔགས་འདི་བཟླས་ཤིང་གཟུག་པའོ། །ཨོཾ་པདྨ་ཧྲཱྀཿབཛྲ་པཱ་ཎི་སར། རཱ་ཙའི་སྙིང་ཁྲག་ལ་ཚལ་པ་མཱ་ར་ཡ་ཛ། སྔགས་དེ་ལན་ནི་བརྒྱ་རྩ་བརྒྱད། །ཕུར་པ་དག་ལ་བཟླའ་བྱ་ཞིང་། །ཐུན་གྱིས་བྲབ་ཅིང་ཕུར་པས་བརྡེག །ཚེར་མའི་ཤིང་གིས་མེ་སྦར་ཞིང་། །དར་དང་ཟ་འོག་སྟག་གཟིག་རས། །ལྤགས་རས་སྤྱང་རས་གཡི་རས་རྣམས། །མེར་བསྲེག་གཟུགས་ལ་མེ་ཡང་སྦར། །དེ་ལྟར་ལན་བདུན་བྱས་པ་ན། །རྒྱལ་པོའི་གདོན་


DNG003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐྲོད་པར་ངེས། །གང་ཞིག་དམ་སྲིའི་གདོན་རྣམས་ནི། །མི་ཡི་ལུས་ལ་ཞུགས་གྱུར་ན། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །ཁ་ཤ་སྲབ་ཅིང་མིག་ཀྱང་འཚག །རྒྱུ་ཞབས་ན་ཞིང་སོ་ཡང་ན། །མཁལ་མ་འཕྲིག་ཅིང་ན་བར་བྱེད། །སྐད་ཀྱང་འགགས་ལ་སྙིང་མི་དགའ། །རྨི་ལམ་ན་ཡང་བུད་མེད་འབྱུང་། །ཆས་བཟང་བྱུང་ན་ཞེན་པའི་རྟགས། །གོས་ངན་བྱུང་ན་འཇུག་པའི་རྟགས། །རྟགས་དེ་རྣམས་དང་ལྡན་གྱུར་ན། །དམ་སྲི་གདོན་ཕྲན་གནོད་པར་ངེས། །དེ་དག་བསད་ཅིང་བསྐྲད་པའི་ཐབས། །སྦྱོར་བ་འདི་ཉིད་བརྩམ་པར་བྱ། །རྣལ་འབྱོར་ཏིང་འཛིན་ལྡན་པ་དེས། །གྲུ་གསུམ་དོང་ནི་གཏིང་དུ་བརྐོས། །ནང་དུ་དམ་སྲིའི་མིང་བྱང་བཅུག །བོང་བུ་ག་པའི་འབྲས་བུ་ལ། །སྔགས་འདི་བཟླས་ཤིང་ཉལ་ཁར་བརྡུང་། །དབང་ཆེན་ཏིང་འཛིན་ལྡན་པར་བསྒོམ། །ཀླུ་འདུལ་དབང་ཆེན་སྐུ་ལ་བསྟོད། །སྔགས་འདི་བརྒྱ་རྩ་བརྗོད་ཅིང་བརྡུང་། ཤན་ཏྲི་བུ་ཤམ། དམ་སྲི་མཱ་ར་ཡ་ཏྲི་ནན། མཱ་ར་ཡ་རྦད་དུམ་ཛ་ཛ་ཛ། སྔགས་དེ་བཟླས་ཤིང་མཚན་མོ་བརྡུང་། །ཕྱག་ན་རྡོ་རྗེས་བཀུག་པར་བསམ། །རྟ་མགྲིན་དམར་པོས་བཟུང་བར་བསམ། །གཤིན་རྗེ་གཤེད་ཀྱིས་བསྡམ་པར་བསམ། །མི་གཡོ་བས་ནི་གཏུབ་པར་བསམ། །དེས་ནི་དམ་སྲིའི་གདོན་ལས་ཐར། །གང་དག་མི་ཡི་རིགས་རྣམས་ལ། །གདོན་རྣམས་གནོད་པའི་རྨི་ལམ་ནི། །བྱེ་བྲག་བཤད་པ་འདི་ལྟ་སྟེ། །གདོན་ཕྲན་གདོན་དང་སྲིད་པའི་འདྲེ། །སྲིད་པའི་འདྲེ་རྣམས་རྨི་ལྟས་ནི། །རང་གི་ཤ་ཡང་ཟ་བ་དང་། །རྒྱ་གྲམ་དག་ཏུ་ཉལ་བ་དང་། །དུད་འགྲོའི་ཚོགས་ནི་མང་པོ་དང་། །ལུས་ལ་སྲོག་ཆགས་ཞུགས་པ་དང་། །འདམ་རྫབ་ཉལ་དང་མཚོ་ལ་བྱིང་། །གོས་རྣམས་མེད་དང་བཙོན་དུ་བཟུང་། །རྒྱ་ལ་བཙུད་དང་སྐྲ་བཀྲུ་ལུས་ལ་རྨ་བྱུང་དང་། །བྱ་རྣམས་ཤ་ལ་ཟ་ཞིང་ལྡིང་། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །སྲིད་པའི་འདྲེ་རུ་ཤེས་པར་བྱ། །འཕྲལ་གྱི་གདོན་དུ་གྱུར་པའི་རྟགས། །རྨི་ལམ་རྟགས་ནི་འདི་ལྟར་


DNG003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །སློབ་དཔོན་ཕྱོགས་ཀྱི་འདྲེ་གདོན་ན། །སློབ་དཔོན་ལྟ་བུར་སྤྲུལ་ནས་འོང་། །ཞང་པོའི་ཕྱོགས་ཀྱི་འདྲེ་གདོན་ན། །ཞང་པོ་ལྟ་བུར་བརྫུ་ནས་འོང་། །སྲུ་མོའི་ཕྱོགས་ཀྱི་འདྲེ་གདོན་ན། །སྲུ་མོ་ལྟ་བུར་སྤྲུལ་ནས་འོང་། །ཕ་ཚན་ཕྱོགས་ནས་འདྲེ་གདོན་ན། །ཕ་ཁུ་རྒན་རབ་དག་ཏུ་འོང་། །ཕ་མེས་དག་ཏུ་ཞུགས་པ་ན། །ཕ་མེས་དག་ཏུ་བཅས་ནས་འོང་། །རང་གི་ཚེ་ལ་ཞུགས་པ་ན། །ན་མཉམ་དག་ཏུ་སྤྲུལ་ནས་འོང་། །མ་ཡི་རིགས་སུ་ཞུགས་པ་ན། །མ་ཡི་ཕྱོགས་ཀྱི་ཆོ་འཕྲུལ་འོང་། །ཞང་པོའི་དྲིན་ལ་འདྲེ་གདོན་ན། །བདག་ཉིད་མ་ལྟར་སྤྲུལ་ནས་འོང་། །དེ་ལྟར་གདོན་གྱི་རྣམ་པ་ནི། །ལན་གསུམ་བཏུད་ནས་བྱུང་བ་ན། །ངེས་པར་དེ་ཡི་ཕྱོགས་ནས་གདོན། །དེ་དག་ལས་ནི་ཐར་པའི་ཐབས། །གོང་གི་གསང་སྔགས་བཟླས་པའོ། །དེས་ནི་གནོད་པ་རྣམས་ལས་ཐར། །རྟགས་དེ་རྣམས་ནི་བྱུང་བ་ན། །གསང་སྔགས་བཟླས་པ་བརྩོན་པར་བྱའོ། །དེ་ལྟར་གསང་སྔགས་རབ་བཟླས་ན། །འབྱུང་པོའི་གདོན་ལས་ཐར་པར་ངེས། །གང་དག་མི་ཡི་རིགས་རྣམས་ལ། །རྨི་ལམ་སུམ་ཅུ་རྩ་གཉིས་རྨི་བ་ན། །སྔགས་འདི་ལན་བདུན་བརྗོད་པ་ཡིས། །རྨི་ལམ་ངན་པ་བཟློག་པར་ངེས། །ཨོཾ་སརྦ་པྲ་བྷཉྩཀྲ་དུཥྚ་ཡ་བཟློག །དེ་ལྟར་སྔགས་དེ་བཟླས་པ་ན། །རྨི་ལམ་ངེས་པར་བཟློག་པའོ། །གང་དག་མི་ཡི་རིགས་རྣམས་ལ། །འགོང་པོ་ཁྱིམ་དུ་ཞུགས་གྱུར་ན། །བསམ་པ་འགྲུབ་པར་མི་བྱེད་ཅིང་། །འཁོར་དང་ལོངས་སྤྱོད་ཉམས་པ་ནི། །འགོང་པོ་ཡི་དྭགས་གནོད་པར་བྱེད། །འགོང་པོ་ཐམས་ཅད་ཁ་འཆིང་བ། །དྲག་སྔགས་འདི་ཡིས་ཁ་འཆིང་བའོ། །འགོང་པོ་ཧབ་ཤ་ཏྲིག་ནན། ཐ་ཏྲི་མྱགས་ཐུམ་རིལ་རྦད། དེ་ལྟར་གནོད་པའི་མི་དེ་ཡིས། །བོང་བུ་གྭ་པའི་རྣ་མཆོག་ཏུ། །འགོང་པོའི་གཟུགས་དང་མིང་བཅུག་ལ། །ཟངས་ཀྱི་ཤོ་དང་རྡོ་ཤོ་དང་། །རུས་པའི་ཤོ་ཡང་ནང་དུ་བྲུབ། །ཡུངས་ཀར་དག་ལ་སྔགས་བཟླས་ཤིང་། །ར་ཡི་སྒང་སྟོག་དག་གིས་འབུད། །དེ་ལྟར་


DNG003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་བཟླས་བྱས་ན། །འགོང་པོ་ཐམས་ཅད་ཁ་འཆིང་བྱ། །གང་དག་མི་ཡི་རིགས་རྣམས་ལ། །ལྷོག་འབྲས་ཕོལ་དང་སྐྲངས་པའི་ནད་རྣམས་དང་། །སྦྲུལ་གྱིས་ཟིན་དང་གག་པའི་ནད་རྣམས་དང་། །རྨ་རྣམས་འཚོ་མེད་སྐྲངས་པར་གྱུར་པ་ལ། །གསང་སྔགས་བཟླས་ཤིང་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ས་དང་ཚ་ཚ་ས་སྣ་དང་། །མི་ཡི་དྲི་ཆེན་སྤྱང་ཀི་དང་། །ཝ་དང་ཁྱི་དང་ཕག་པ་དང་། །ལྕགས་དང་ཟངས་དང་དུག་སྣ་དང་། །དྲི་ཆུ་དང་ནི་དྲི་ཆེན་སྦྱར། །འདག་པ་སྦྱར་ཅིང་བྱུག་པར་བྱ། །དྲག་སྔགས་འདི་ཡིས་གདབ་པར་བྱ། །ལུས་ལ་བྱུགས་ན་ནད་རྣམས་འཇོམས། །གསང་སྔགས་གོང་མའི་རྗེས་དག་ཏུ། །དྲག་སྔགས་འདི་ནི་རབ་ཏུ་བཤད། །ཨ་ཧྲིང་ཧྲིང་སིང་སིང་སྭཱ་ཧཱ། དེ་ཉིད་གདབ་ཅིང་འདག་པ་བྱུགས། །དེ་ལྟར་རྒྱུན་དུ་བྱས་པ་ན། །གོང་གི་ནད་རྣམས་ཞི་བར་གསུངས། །གང་དག་མི་ཡི་རིགས་རྣམས་ལ། །དུག་ལ་སོགས་པའི་ནད་ཀྱི་རིགས། །ཤ་དུག་སྦྱར་དུག་རྩི་དུག་ནི། །དེ་དག་ཞི་བར་བྱ་བའི་ཐབས། །བདག་ཉིད་དབང་ཆེན་མགྲིན་པ་རུ། །རྨ་བྱ་མདངས་ལྡན་བསྒོམ་པར་བྱ། །ཆུ་གཙང་འཁར་ཕོར་ནང་དུའོ། །རང་ལ་ཚ་བ་འདུས་གྱུར་པས། །མཆིལ་མ་ཆུ་ཡི་ནང་དུ་བོར། །ཤ་དུག་ལོ་དུག་ཟླ་དུག་དང་། །སྦྱར་བའི་དུག་རྣམས་ཐུབ་པར་གསུངས། །གཞན་དག་བསྲུང་བར་བྱེད་པ་ན། །ཐུགས་ཀར་སྔགས་བཟླས་མཆིལ་མའོ། །དེ་དག་རྒྱུན་དུ་བྱས་ཤིང་གདབ། །དུག་གི་རོ་རྣམས་འདྲོང་བར་བསམ། །སྔགས་འདི་འབུམ་གྱིས་འགྲུབ་པར་ངེས། །ཨོཾ་སང་ཧ་ཀ་ལི་ཧ་ས་ཧཱུཾ། ཀ་བ་ཙ་རེ། མ་ཧཱ་དེ་བའི་གླིང་སྲུང་། ཨོཾ་ཙན་འབིས། ཧེ་བྷིས། མ་ཧཱ་བྷིས། ཀོ་རོ་ཙ་བྷིས་ཛ། ཞེས་པའི་སྔགས་དེ་བཟླས་ཤིང་སྤུར་བར་བྱ། །དེས་ནི་དུག་རྣམས་འཇོམས་པའོ། །མཛེ་དུག་ལ་སོགས་རྩི་དུག་ལ། །ག་པུར་བཟང་པོ་ཞོ་གཅིག་དང་། །ཆུ་གཙང་དག་ཏུ་སྦྱར་བྱས་ནས། །སྔགས་འདི་བརྒྱ་རྩ་གདབ་པར་བྱ། །དེས་ནི་ལུས་ཀུན་ཁྲུས་བྱས་ནས། །བ་སྤུའི་བུ་གར་


DNG003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་དུ་གཞུག །དེས་ནི་རྩི་དུག་ཐམས་ཅད་ཐུབ། །དེ་ཡི་སྔགས་ནི་འདི་སྐད་དོ། །ཨོཾ་ཁྲག་ཉལ་རམ་སྭཱ་ཧཱ། སྔགས་དེ་བརྒྱ་རྩ་བརྒྱད་བཟླས་ཞིང་། །ག་པུར་སྦྱོར་བ་དག་བྱས་ན། །རྩི་ཡི་དུག་ལས་ཐར་པར་གསུངས། །ལྔ་བརྒྱ་དུས་ཀྱི་ཐ་མ་རུ། །སངས་རྒྱས་བསྟན་པ་ནུབ་ཁ་རུ། །དུག་གི་སྦྱོར་བ་རྒྱ་ཆེར་འབྱུང་། །དེ་དག་སྔགས་ཀྱིས་བསྲུང་བ་ནི། །སྦྱོར་དུག་ཤ་དུག་རྩི་དུག་ནི། །གོང་དུ་གསང་སྔགས་བསྟན་པའོ། །བཙན་དུག་དག་གི་སྔགས་འདིའོ། །ཨོཾ་ཀྲིང་ཀྲིང་སོད། ཁྲུག་ལེ་ཧྲི། སྔགས་འདི་བརྒྱ་རྩ་བཟླས་བྱས་ནས། །སྲིན་ལག་གཉིས་ཀྱི་བར་དག་ཏུ། །བཙན་དུག་བླངས་ཏེ་ཟོས་གྱུར་ཀྱང་། །སྔགས་ཀྱི་ནུས་པས་ཐུབ་པར་ངེས། །དུས་ནི་སྙིགས་མའི་དུས་དེ་རུ། །སངས་རྒྱས་བསྟན་པ་ནུབ་པའི་རྟགས། །དུག་གི་སྦྱོར་བ་འབྱུང་བར་ངེས། །མཛེ་ནད་ལ་སོགས་ནད་རྣམས་ནི། །ནད་ནི་བཞི་བརྒྱ་རྩ་བཞི་འབྱུང་། །དེ་དག་འབྱུང་བའི་དུས་ཉིད་དུ། །རྫོགས་པ་རང་བྱུང་རྒྱུད་འདི་གསུངས། །ལེའུ་འདི་དག་འབྱུང་བ་ཡིས། །སེམས་ཅན་ཀུན་གྱི་མགོན་དུ་གྱུར། །འདི་ལྟར་སྤྱོད་པ་རྫོགས་བྱས་ནས། །ནད་རྣམས་ཞི་བར་ངས་བཤད་དོ། །གང་དག་མི་ཡི་རིགས་རྣམས་ལ། །མཚན་མོའི་འདྲེ་དང་གདོན་གྱིས་གནོད་བྱེད་ན། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །རྩ་བའི་མདུད་པ་ལྔ་བོར་ཏེ། །རྩ་བའི་གསང་སྔགས་བརྒྱ་རྩ་བཟླས། །ལུས་སམ་མགུལ་དུ་བཏགས་གྱུར་ན། །གདོན་དེ་ཉིད་ལས་ཐར་པར་འགྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕྱུགས་ནད་སྣ་ཚོགས་འབྱུང་བར་ངེས། །དེ་དག་ཞི་བར་བྱེད་པའི་ཐབས། །སྲུང་བ་མཚམས་ཀྱི་འཁོར་ལོ་ལས། །སྡེ་བརྒྱད་དྲག་སྔགས་ཐ་མར་བྲི། །དར་རམ་རས་ནི་སེར་པོས་གྲིལ། །སྐྱེར་པའི་ཕུར་པ་སོར་བཞི་ལ། །གསང་སྔགས་ནུས་ཚད་བཟླས་པ་ནི། །མགུལ་དུ་བཏགས་པས་ཕྱུགས་ནད་ཆད། །གང་དག་མི་ཡི་རིགས་རྣམས་ལ། །རིམས་ནད་དག་གིས་བཏབ་གྱུར་ན། །དེ་དག་རྣམས་ལ་ཐར་པའི་ཐབས། །སྦྱོར་བ་འདི་ཉིད་བྱས་པས་ཐུབ། །ཁྲུས་ནི་སྣ་ཚོགས་བྱས་ནས་ནི། །ནམ་ལངས་པ་


DNG003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྲི་ཆུ་ཡིས། །དང་པོ་ཐ་མ་ཕོ་ནས་བར་མས་ཁྲུས་བྱས་ཤིང་། །ལྟོར་ཡང་བག་ཙམ་གཏོང་བར་བྱ། །སྣ་བུག་ནང་དུ་བག་ཙམ་བླུགས། །རྩ་བའི་སྔགས་ནི་བཟླས་བྱ་ཞིང་། །དེ་ལྟར་རྒྱུན་དུ་བྱས་པ་ན། །འགོས་ནད་རིམས་ལས་ཐར་བར་ངེས། །དེ་ལྟར་སྦྱོར་བ་བྱས་པ་ཡིས། །ནད་ཀྱི་སྡུག་བསྔལ་ཞི་བར་འགྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ནད་ཀྱི་སྡུག་བསྔལ་བསམ་མི་ཁྱབ། །དེ་རྣམས་ཞི་བར་བྱ་བའི་ཕྱིར། །དབང་ཆེན་གསང་བའི་རྒྱུད་འདི་གསུངས། །དེ་ནས་གསང་སྔགས་བསྟན་པ་གནས། །དེ་ནས་གདོན་རྣམས་འཇོམས་བྱེད་པའི། །གསང་སྔགས་འདི་ནི་རྒྱས་པར་འགྱུར། །ལོ་ནི་ལྔ་བརྒྱ་བར་དུ་གནས། །དེ་ནས་གསང་སྔགས་བསྟན་པ་ནི། །ཡུན་རིང་གནས་པར་ངས་མ་བཤད། །གསང་སྔགས་འདི་ནི་ཤིན་ཏུ་གསང་། །དེ་ཕྱིར་བགེགས་རྣམས་འཇོམས་པའོ། །དེ་ནས་དབང་ཆེན་འཁོར་བཅས་ལ། །བསྟོད་པའི་གླུ་ཆེན་འདི་སྐད་དོ། །ཧྲཱྀཿ། རིག་པ་ཡེ་ཤེས་ཉིད་ལས་བསྐྱེད་པའི་ལྷ། །དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་ཁྱོད། །དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་རྟ་སྐད་མཚེར། །ཤིན་ཏུ་བརྗིད་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་བཞི་བགྲད་ཅིང་རྒྱ་མཚོའི་ཀླུ་རྣམས་བརྫིས། །ཞལ་ནས་ཚེམས་བརྡར་ཀླུ་ཡི་གཤེད་མར་མཛད། །སྤྱན་རྩ་རིག་ཅིང་མ་མོ་ཕོ་ཉར་འགྱེད། །དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟེ། །ཞབས་བརྒྱད་ཁྲོ་རྒྱལ་ཀླུ་བརྒྱད་བརྫིས། །དམར་ནག་སྐུ་ནི་སྣ་ཚོགས་སྟོན། །དྲེགས་པ་ཅན་རྣམས་ཞལ་དུ་རྔུབ། །དབང་གི་སྐུ་མདོག་དམར་འཕྲོ་བ། །སྲིད་པ་གསུམ་ཉིད་དབང་དུ་སྡུད། །རྟ་སྐད་ཕྱོགས་བཅུར་སྒྲོགས་པ་ཡིས། །དུས་གསུམ་ཁྲོ་བོ་དམ་ལ་སྡུད། །རྟ་བྲོ་ཐང་གསུམ་བརྗིད་པ་ཡིས། །སྲིད་གསུམ་འབྱུང་པོའི་སྙིང་ལ་བརྡུང་། །ཕྱག་མཚན་མང་པོ་བསྣམས་པ་ཡིས། །ཀླུ་རྣམས་ཐམས་ཅད་ཐལ་བར་རློགས། །ཀུན་ལ་བྱམས་པའི་ཁྲོ་རྒྱལ་ཀླུ་འདུལ་ཁྱོད། །དབང་


DNG003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐུ་ལ་གཉིས་མེད་ཡིད་ཕྱག་བསྟོད། །ཧཱུཾ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་སྐུ། །ཧྲཱྀཿདང་ཕཊཿཀྱིས་ཀླུ་རྣམས་ཟ་བར་བྱེད། །མིག་ནས་མེ་འབར་རྒྱ་མཚོའི་ཀླུ་རྣམས་བསྲེག །ཤངས་ནས་རླུང་འཚུབས་འཇིག་རྟེན་ཁམས་ཀུན་འཁྲུགས། །ལྕགས་ཀྱི་རྨིག་པས་ཀླུ་ཡི་སྙིང་ནས་འདྲེན། །ཀླུ་ཡི་སྙིང་འབྱིན་ཀླུ་རྣམས་བསྲེག་པར་བྱེད། །གསོད་བྱེད་ཁྲོ་རྒྱལ་ཆེན་པོ་ཡིས། །དགྲ་བགེགས་སྙིང་ཁྲག་རྔམ་པའི་ཞལ་གྱིས་གསོལ། །དབང་ཆེན་ཁྱེད་ཀྱི་ཐུགས་ཀ་ནས། །གསང་བའི་བདག་པོ་གོས་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡས་པའི་ཕྱག་ན་བསྣམས་པ་ནི། །ཀླུ་འདུལ་གསེར་གྱི་རྡོ་རྗེ་བསྣམས། །ཟུང་ཞིག་གཏོགས་ཤིག་རྣམ་པར་ཆིངས། །གཡོན་པའི་ཕྱག་ན་བསྣམས་པ་ནི། །སྦྲུལ་ཞགས་ཕུར་བུ་ཕྱོགས་བཅུར་འདེབས། །དྲོངས་ཤིག་ཁུག་ཅིག་སྙིང་ལ་ཡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྣ་ཚོགས་མཆོག་གི་སྐུ་འབར་ཞིང་། །སྐུ་ནི་རི་རབ་ལྟ་བུར་བརྗིད། །གསུང་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །ཐུགས་ནི་ཆོས་ཉིད་བྱམས་པར་ལྡན། །རལ་པ་ཁམ་ནག་གྱེན་དུ་བརྫེས། །གསུས་པ་ཆེ་ལ་སྦྲུལ་ཡང་ཟ། །ཀླུ་རྣམས་ཟ་བའི་མཆེ་བ་གཙིགས། །རལ་པ་གྱེན་དུ་བརྫེས་པ་ཡིས། །ཀླུ་ཡི་འཇིག་རྟེན་དབང་དུ་བསྡུ། །ཨག་ཚོམ་མེ་ལྟར་འབར་བ་ཡིས། །མི་ཡི་འཇིག་རྟེན་སྐྱོབ་པར་བྱེད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་བསྟན་པས། །ཀླུ་རྣམས་སྐྲོད་པར་བྱེད་པའོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ལྷ་ཆེན་བརྒྱད་ནི་ཕྱག་གིས་སྒྲོལ། །ཀླུ་ཆེན་བརྒྱད་ནི་ཞབས་ཀྱིས་མནན། །བདུད་དང་མ་མོའི་སྲོག་རྩ་འཕྲོག །རྒྱལ་འགོང་ཀུན་གྱི་དོན་སྙིང་འབྱིན། །མ་བདུད་ཐམས་ཅད་གསོད་པར་བྱེད། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རི་རབ་གླིང་བཞིར་བཅས་པ་ནི། །ཁྱོད་ཀྱི་ལག་པ་གཡས་པ་ཡིས། །འཕངས་པས་འཇིག་རྟེན་འཁྲུག་པར་བྱེད། །རྒྱ་མཚོའི་གཏིང་ན་གནས་པ་ཡི། །ཀླུ་རྣམས་ཁྱོད་ཀྱིས་ཟས་སུ་ཟ། །རི་རབ་ངོས་ཀྱི་ཀླུ་རྣམས་ནི། །དཔག་ཚད་བརྒྱད་ཁྲིར་འཕེན་པར་བྱེད། །ཀླུ་འདུལ་ཁྱོད་ལ་


DNG003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །ཁྲོ་བོའི་རྒྱལ་པོ་རྟ་སྐད་འཚེར། །དབང་ཆེན་ཁྱེད་ཀྱི་ཐུགས་ཀ་ནས། །ཕྱག་ན་རྡོ་རྗེ་ཕོ་ཉར་འགྱེད། །དབང་ཆེན་ཁྱོད་ཀྱི་དཔྲལ་བ་ན། །ཧཱུཾ། ཁྲོ་རྒྱལ་འཕགས་པ་མི་གཡོ་བ། །སྐུ་མདོག་ནག་པོ་འཇིགས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་བརྗིད་པ་ཆེ། །གཡས་པས་རལ་གྲི་བསྣམས་པ་ཡིས། །ཁམས་གསུམ་སེམས་ཅན་སྐྱེས་རྩད་གཅོད། །གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས། །ཐམས་ཅད་ཆིངས་ཤིག་རྣམ་པར་སྡོམས། །འཕགས་པའི་རྒྱལ་པོ་མི་གཡོ་བ། །རྡུངས་ཤིག་ཁྲོ་བོའི་རྒྱལ་པོ་ཁྱོད། །དགྲ་དང་བགེགས་རྣམས་རྡུལ་དུ་རློགས། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །ཀླུ་འདུལ་འཇིགས་པའི་སྐུ་ལ་བསྟོད། །ཧཱུཾ། བཅོམ་ལྡན་དབང་ཆེན་མགྲིན་པ་ནས། །སྤྲུལ་པའི་རྟ་མགྲིན་དམར་པོ་བྱུང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པས་བེ་ཅོན་བསྣམས་པ་ཡིས། །སྲིད་པའི་འབྱུང་པོ་རྡུལ་དུ་བརླག །གཡོན་པས་སྡིགས་མཛུབ་བསྒྲེངས་པ་ཡིས། །ཐམས་ཅད་མ་ལུས་སྒྲོལ་བར་བྱེད། །རྟ་མགྲིན་རྟ་སྐད་འཚེར་བ་ཡིས། །ཀླུ་ལ་སོགས་པའི་བགེགས་རྣམས་འཇོམས། །སྐུ་ནི་མེ་ཡི་ཚ་ཚ་འཕྲོ། །གདོན་བགེགས་ཐམས་ཅད་ཐལ་བར་བརླག །སྤྲུལ་ཅིག་རོལ་ཅིག་རྟ་མགྲིན་རྒྱལ། །འབྱུང་པོ་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དཔལ་ཆེན་ལྟེ་བ་ནས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཀམ་ཀམ་ཚིག་ཚིག་རལ་པ་མེ་ལྟར་འབར། །གཡས་ན་འཁོར་ལོ་རྩིབས་སྟོང་བསྐོར། །སྲིད་གསུམ་མ་མོ་གསོད་པར་བྱེད། །དབང་དུ་སྡུས་ཤིག་གཤིན་རྗེ་གཤེད། །གཡོན་པས་སྦྲུལ་ཞགས་སྡིགས་མཛུབ་བསྒྲེངས། །དམ་ཚིག་ཉམས་པའི་གཤེད་མ་མཛད། །མ་མོའི་སྐུ་འདུལ་ཁྲོ་རྒྱལ་གཤིན་རྗེ་གཤེད། །མཐིང་ནག་འཇིགས་བྱེད་ཁྲོ་རྒྱལ་དགྲ་བོའི་གཤེད། །ཐམས་ཅད་འཆིང་བྱེད་ཞགས་པ་ཀླད་ལ་བསྐོར། །མ་མོའི་


DNG003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་བྱེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །སྐུ་མདོག་གསལ་འགྱུར་མ་མོ་གཅེར་བུར་འགྱུར། །འཇིགས་བྱེད་རྔམ་པའི་ཁྲོ་རྒྱལ་ཚོགས་དང་བཅས། །གློ་སྙིང་ཞལ་དུ་གསོལ་ཞིང་སྙིང་ཁྲག་དྲོན་མོ་འཇིབས། །མི་མགོ་ཀླད་ཁྲག་ཉིད་ཀྱི་ཞལ་དུ་གསོལ། །ཁྲོ་རྒྱལ་འཇིག་བྱེད་ཧ་ལ་ཧ་ལའི་སྐུ། །ལྗགས་འདྲིལ་ཙམ་གྱིས་རྡོ་རྗེའི་ཐོག་ཆེན་འབེབས། །ཀུན་གྱི་གཤེད་བྱེད་མ་མོ་འདུལ། །མ་མོ་དབང་དུ་བསྡུ་ལ་ཕྱག་འཚལ་བསྟོད། །པདྨ་དབང་གི་སྐུ་ནི་བརྗིད་པ་ཆེ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཀླུ་འདུལ་བརྗིད། །མི་གཡོ་མགོན་པོས་བདུད་དང་སྲིན་པོ་འདུལ། །གཤིན་རྗེ་གཤེད་ཀྱིས་དགྲ་བོ་མ་རུངས་འཇོམས། །རྟ་མགྲིན་ཉིད་ཀྱིས་ཐམས་ཅད་འགུགས་པར་བྱེད། །ཁྲོ་རྒྱལ་བགེགས་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཧྲཱྀ་ཏ་ཡ་པདྨ་ཀྲོ་ཏ་ཧཱུཾ་ཧཱུཾ་མཱ་ར་ཡ་ཛ་ཛ། གསང་སྔགས་དབང་པོས་བསྐུལ་བྱས་ལ། །བགེགས་རྣམས་འདུལ་བའི་ཏིང་འཛིན་ལྡན། །དེ་ལྟར་ལས་རྣམས་རྫོགས་པར་བྱའོ། །དཀྱིལ་འཁོར་སྦྱོར་བ་རྫོགས་པར་བྱའོ། །སྔགས་དང་ཕྱག་རྒྱའི་དབང་རྫོགས་བྱ། །བཅོམ་ལྡན་དབང་ཆེན་སྐུ་ཉིད་ལ། །འཁོར་གྱི་ལྷ་དང་ཀླུས་བསྟོད་ནས། །རང་རང་སྟན་ལ་མངོན་པར་འདུག །ཡི་དྭགས་རྣམས་ནི་དྲེད་ཅིང་སྔངས། །འབྱུང་པོ་ཤ་ཟའི་གདོན་ལས་ཐར། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཆེན་པོ་ལས་ནི་ཤིན་ཏུ་ཆེ། །དབང་ཆེན་གསང་བའི་རྒྱུད་འདི་ནི། །རབ་ཏུ་འབྱུང་བར་དཀའ་བ་སྟེ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱུད་འདི་འབྱུང་ཞིང་ལས་རྣམས་འགྲུབ། །རྫོགས་སངས་རྒྱས་དང་མཉམ་པར་སྦྱོར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྒྱུད་རྒྱལ་གསང་བ་འདི་ཉིད་ནི། །ཐམས་ཅད་འདུལ་བྱེད་གཉེན་པོ་སྟེ། །ཐམས་ཅད་རང་རང་བདེ་ལ་འགོད་པའོ། །ཨེ་མ་ཧོ། དཀྱིལ་འཁོར་གསང་བའི་བཀོད་པ་འདི། །འདི་ལྟར་རབ་ཏུ་བྱ་བར་གསང་། །དབུས་སུ་དམར་ནག་གྲུ་གསུམ་མཛེས། །ཟླ་གམ་གསུམ་ནི་སྔོ་ནག་བྲི། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །


DNG003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་སྒོ་དང་བཅས་པ་བྲི། །ཕྱི་རིམ་ཟླུམ་པོ་མུ་ཁྱུད་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་ལ། །དབུས་སུ་དཔལ་གྱི་གཏོར་མ་དང་། །དབང་ཆེན་བསྒྲུབ་པའི་རྫས་ནི་བཞག །ཟླ་གམ་གསུམ་གྱི་སྟེང་དག་ཏུ། །ལྕགས་ཀྱི་ཕུར་པ་རེ་རེ་ལ། །དར་དམར་གདུགས་ནི་ཕུབ་པའོ། །སྒོ་བཞིར་དགྲམ་པའི་རྫས་རྣམས་ནི། །ཤར་དུ་ཤེལ་གྱི་ཕུར་པ་ལ། །དར་དཀར་གདུགས་དང་བཅས་པའོ། །ལྷོ་རུ་སྐྱེར་པའི་ཕུར་པ་ལ། །དར་སེར་གཙང་མའི་གདུགས་ཀྱིས་ཕུབ། །ནུབ་ཏུ་སེང་ལྡེང་ཕུར་པ་ལ། །དར་དམར་དག་གི་གདུགས་ཀྱིས་ཕུབ། །བྱང་དུ་ལྕགས་ཀྱི་ཕུར་པ་ལ། །དར་ལྗང་དག་གི་གདུགས་ཀྱིས་ཕུབ། །བྱང་ཤར་མཚམས་ཀྱི་གྲུ་ཆད་སྟེང་། །ལྕགས་ཀྱི་ཕུར་པ་དག་བཙུགས་ལ། །དར་ཚོན་དག་གི་ཅོད་པན་བཏགས། །ཤར་ལྷོ་མཚམས་ཀྱི་གྲུ་ཆད་སྟེང་། །དུག་རྣམས་བྱུགས་པའི་ཕུར་པ་སྟེ། །དར་ནག་དག་གི་ཅོད་པན་བཏགས་པའོ། །ལྷོ་ནུབ་མཚམས་སུ་བཞག་པ་ནི། །སེང་ལྡེང་ཕུར་པ་ཁྲག་གིས་བྱུགས། །དར་ནག་ཅོད་པན་བཏགས་པའོ། །ནུབ་བྱང་མཚམས་སུ་མཆོག་ཕུར་ནི། །མཐིང་ནག་དར་གྱི་ཅོད་པན་བཏགས། །གྲུ་ཆད་ཕྱི་མ་བཞི་པོ་ལ། །གཏོར་མ་རེ་རེ་གཞག་པར་བྱ། །དེ་ལྟར་རྫས་རྣམས་བཤམས་པའོ། །བསྒྲུབ་པའི་སྐབས་སུ་ཤེས་པར་བྱ། །བསྙེན་པའི་སྐབས་སུ་དཔལ་གཏོར་དག་གིས་སོ། །ལས་ལ་སྦྱོར་བའི་དུས་ཙམ་ནས། །ཁྲག་དང་དུག་ཐུན་ཐུན་རྫས་བསག །རང་རང་ཐུན་དང་འདྲ་བར་བཤད། །དེས་ནི་ལས་རྣམས་འགྲུབ་པར་གསུངས། །གང་ཞིག་ལོངས་སྤྱོད་ཉམས་པ་ཡིས། །འདི་ལྟར་སྤྱད་ན་དངོས་གྲུབ་འབྱུང་། །ཚེ་དང་བསོད་ནམས་རྒྱས་པར་འཕེལ། །སྐྱེ་དང་མི་སྐྱེའི་སྡུག་བསྔལ་བྲལ། །འདིས་ནི་བསམ་པ་ཉེ་བར་འགྲུབ་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཐམས་ཅད་ཟློག་བྱེད་མཚོན་ཆའི་ལེའུ་སྟེ་བཅུ་གཅིག་
པའོ། །རྫོགས་སོའོ།། །།


previousཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་།next