Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།

165 occurrences of དགོངས་པ་
[Clear Hits]


165  collapse section
 
  
  
 
 
  
 
13   
  
95   
 
  
23   
 
  
གྲོལ་བ་རང་གི་ངང་ཚུལ་བཤད་པ།
20   
 
  
 


165 occurrences of དགོངས་པ་
[Clear Hits]

 
previousགྲོལ་བ་རང་གི་ངང་ཚུལ་བཤད་པ།next

གྲོལ་བ་རང་གི་ངང་ཚུལ་བཤད་པ།

གཉིས་པ་༼ གསུམ་པ། དཔྱད། ༽གྲོལ་བ་རང་གི་ངང་ཚུལ་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ མིང་དང་༔ དབྱེ་བ༔ མཐུན་དཔེ་དང་ལྔ་ལས༔ དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔

དང་བོ་ནི༔ སྤྱིར་གྲོལ་བ་ཞེས་བྱ་བ་ནི་རྒྱུ་མ་རིག་པ་གསུམ་དང་༔ རྐྱེན་རྣམ་པ་བཞི་འཚོགས་ཏེ་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འབྱུང་བས་བར་མ་ཆད་པར་བརྒྱུད་ནས༔ འཁོར་བའི་ཆོས་ཕུང་པོ་ལྔ་དང་༔ འབྱུང་བ་ལྔ་དང་༔ ཉོན་མོངས་པ་ལྔ་དང་༔ དབང་པོ་ལྔ་སྟེ་ཉི་ཤུ་པོར་སྣང་བ་ལ་མི་གནས་ཤིང་༔ དེ་དག་གི་འཆིང་བ་ལས་གྲོལ་བའི་སྡུག་བསྔལ་གྱི་མཐའ་ལས་འདས་པ་དང་༔ མི་རྟོག་པའི་བདེ་བ་ཆེན་པོ་མཐའ་བཞི་ལས་རྣམ་པར་གྲོལ་བའི་དོན་ལ་གནས་པ་ནི་གྲོལ་བ་སྤྱིའི་ངོ་བོ་ཡིན་ནོ༔

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི་གསུམ་ལས༔ ལུས་ལས་གྲོལ་བ་ནི༔ ཐོག་མར་སེམས་ཅན་འཁྲུལ་བའི་དུས་ན་འོད་ལྔའི་སྣང་བས་ཕྱི་རོལ་སྣོད་ཀྱི་འཁྲུལ་གཞིར་བྱས་པས༔ ས་ཆུ་མེ་རླུང་ནམ་མཁའ་ལྔ་ཁ་དོག་དེ་དག་ཏུ་ཡོད་པ་དང་༔ གདོས་བཅས་ལུས་ཀྱི་འཁྲུལ་གཞི་བྱས་པས་ཤ་ཁྲག་དྲོད་དབུགས་སོགས་དེ་ལྟར་རྣམ་ཆར་མཐུན་པར་ཡོད་པས་འབྱུང་བ་སོ་སོའི་ཨ་འཐས་ཀྱི་འཕྱང་རྒྱ་ལས་གྲོལ་ཏེ༔ ད་ལྟ་ཤ་ཁྲག་རྡོས་བཅས་ཀྱི༔ རྨི་ལམ་བག་ཆགས་ཀྱི༔ བར་དོ་འཁྲུལ་སྣང་གི༔ དམྱལ་བ་མྱོང་རིག་སྡུག་བསྔལ་གྱི༔ གཟུགས་ཁམས་འོད་གསལ་གྱི༔ གཟུགས་མེད་སྟོང་རིག་ཏིང་འཛིན་གྱི་མཚན་མའི་ལུས་དྲུག་གམ་ལྔས་སངས་རྒྱས་ཀྱི་སྐུ་ལ་སྒྲིབ་པའི་སྣང་ཆའི་བག་ཆགས་རྣམས་རང་འགག་ནས་འབྱུང་བ་མ་ལ་ཐིམ་སྟེ་ཡེ་ཤེས་ཀྱི་རང་གདངས་རང་སྣང་ལོངས་སྤྱོད་རྫོགས་སྐུའི་འཆར་གཞི་རང་བཞིན་གསལ་བའི་ཡེ་ཤེས་དང་བཀོད་པ་སྐུ་ལྔ་ལ་སོགས་པ་རྟག་པ་རྒྱུན་གྱི་འཁོར་ལོ་རང་གསལ་ཞིང་མངོན་དུ་གྱུར་བ་ཉིད་ཡིན་ནོ༔

གཉིས་པ་ཡུལ་ལས་གྲོལ་བ་ནི༔ ཆོས་དབྱིངས་སྟོང་པ་ཉིད་དང་གསལ་བ་འོད་ཀྱི་སྣང་བས་སྤྱིར་རྣམ་མེད་སྣང་སྟོང་བའི་རང་གཟུགས་ལ་རིག་མེད་བེམ་པོ་ཡིན་པ་ལས་འཁྲུལ་ནས་ཡུལ་དུ་ཨ་འཐས་པས་དངོས་པོ་དང་མཚན་མར་འཛིན་པའི་རྣམ་པར་རྟོག་པ་ལས་གྲོལ་ཏེ༔ རིག་སྟོང་དབྱེར་མེད་གཟུང་འཛིན་གཉིས་སྣང་ལས་འདས་པས༔ ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་རིག་པའི་རང་ས་ཟིན་པ་ཉིད་ཡིན་ནོ༔

གསུམ་པ་སེམས་ལས་གྲོལ་བའི་ངོ་བོ་ནི༔ རིག་པའི་ཡེ་ཤེས་ཐུགས་རྗེ་ལྟར་ཤར་བའི་སྒོ་ལ་མཁྱེན་ཆ་མ་འགགས་པ་ལས་འཁྲུལ་ནས་སེམས་དང་སེམས་བྱུང་གི་རྣམ་པར་རྟོག་པས་སྒྲོ་སྐུར་སྣ་ཚོགས་སུ་བཏགས་པས་ཆོས་ཀྱི་སྐུ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པ་ལ་བསྒྲིབ་པ་ལས་གྲོལ་ནས༔ དབྱིངས་ནང་གསལ་གྱི་ཡེ་ཤེས་རྟོག་མེད་རང་གསལ་སྤྲོས་པ་དང་བྲལ་བ་མངོན་དུ་གྱུར་ནས་ཤེས་རབ་མཁའ་ལ་འཁྱིལ་བ་ཉིད་ཡིན་ནོ༔ གཞན་ཡང་ཕུང་བོ་ལྔ་ལས་གྲོལ་བའི་སྐུ་ལྔ་དང་༔ འབྱུང་ལྔ་ལས་ཡུམ་ལྔ༔ ཉོན་མོངས་ལྔ་དང་ཚོགས་བརྒྱད་ལས་ཡེ་ཤེས༔ དབང་ལྔ་ལས་སེམས་དཔའ་སེམས་མ་ལ་སོགས་པར་གྲོལ་སྟོབས་ཀྱི་སྣང་བ་དང་༔ ཡང་སྒོ་གསུམ་སྐུ་གསུང་ཐུགས་དང་སྐུ་གསུམ་དུ་གནས་པ་མ་ཤེས་པར་འཁོར་བར་འཆིང་བ་ལས་གྲོལ་ནས་དེ་དག་མངོན་དུ་གྱུར་བའང་གྲོལ་བ་གསུམ་གྱི་ངོ་བོ་ཡིན་ཏེ༔ རྩལ་རྫོགས་ལས༔ སངས་རྒྱས་ཉིད་ལ་སངས་རྒྱས་ཉིད་ཀྱིས་བསྒྲིབས༔ སྤྱན་གསུམ་གསལ་བའི་ཡེ་ཤེས་རང་སར་དང་༔ ཞེས་དང་༔ ཐལ་འགྱུར་ལས༔ གཞན་ཡང་འབྲས་བུའི་རིམ་པ་ནི༔ ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་༔ ལོངས་སྐུ་ངག་གིས་རྣམ་པར་ཐོབ༔ སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ༔ ཞེས་དང་༔ རང་ཤར་ལས༔ དེ་བཞིན་ཡེ་ཤེས་སྣང་བ་ཉིད༔ བག་ཆགས་འཁྲུལ་བ་འདི་ཡིས་བསྒྲིབས༔ འཁྲུལ་སྣང་འགག་ན་དག་སྣང་སྐྱེ༔ དག་པའི་སྣང་བ་ཆེན་པོ་ལ༔ འཛིན་པའི་ཆོས་ཉིད་མེད་པའོ༔ ཞེས་སོ༔

མིང་དང་ངེས་ཚིག་ནི༔ ལམ་མཐར་ཕྱིན་ཏེ་གཟིང་བཞིན་དུ་བོར་ཏེ་འབྲས་བུ་མངོན་དུ་གྱུར་ནས་རྩོལ་བའི་ཆོས་ལས་རབ་ཏུ་འདས་ཤིང་༔ ཡུལ་ལུས་སེམས་གསུམ་མམ་ལུས་ངག་ཡིད་གསུམ་གྱི་འཁྲུལ་བ་གསུམ་ལས་རྣམ་པར་གྲོལ་བས་ན་གྲོལ་བ་ཞེས་པའི་མིང་ངེས་ཚིག་དང་བཅས་པ་ཐོབ་པ་ཡིན་ནོ༔

བཞི་བ་དབྱེ་བ་ནི༔ ངོ་བོའི་སྐབས་སུ་བཤད་པ་ལྟར་རོ༔

ལྔ་པ་མཐུན་དཔེ་ནི༔ གང་ཞིག་བསྡམས་པས་གྲོལ་བ་ལྟ་བུར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་འཁོར་བར་འཆིང་བ་ལས་གྲོལ་བའི་ཕྱིར་དང་༔ ཡང་ཉི་ཟླ་སྤྲིན་ལས་གྲོལ་བ་ལྟར་གནས་དོན་ལུས་གསུམ་གྱི་བག་ཆགས་ཀྱིས་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའི་རང་ཞལ་ཁེབ་པའི་སྒྲིབ་པ་ཉིད༔ རང་སར་གྲོལ་བའི་ཕྱིར་གྲོལ་བ་ཞེས་བྱ་སྟེ༔ དཔེར་ན་སྦྲུལ་གྱི་མདུད་པ་ཉིད་གཞན་གྱིས་བཀྲོལ་མ་དགོས་པར་རང་ཤུགས་ཀྱིས་གྲོལ་བ་བཞིན་དུ༔ ལམ་འདིའི་འབད་མེད་རང་བཞག་གིས་ཐབས་ཀྱིས་གྲོལ་བ་དང་བཅས་པ་བསྟན་པ་ཡིན་ནོ༔ དེ་དག་ཀྱང་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས༔ གསང་བའི་བདག་པོ་ངེས་པར་ཟུངས་ཤིག༔ སོ་སོའི་ངོ་བོ་ངེས་ཚིག་དང་༔ དབྱེ་བ་མིང་དང་མཐུན་དཔེ་བསྟན༔ འཁོར་བའི་ཆོས་ལ་མི་གནས་པར༔ མྱ་ངན་འདས་པའི་དོན་ལ་གནས༔ གྲོལ་བ་སྤྱི་ཡི་ངོ་བོ་བཤད༔ རང་རང་སོ་སོའི་ངོ་བོར་ཏེ༔ ལུས་ལས་གྲོལ་བའི་ངོ་བོ་ནི༔ རང་གདངས་ཆེན་པོ་གསལ་བ་ཡིན༔ ཡུལ་ལས་གྲོལ་བའི་ངོ་བོ་ནི༔ རིག་པ་དངོས་མེད་རིན་ཆེན་སྦུབས༔ སེམས་ལས་གྲོལ་བའི་ངོ་བོ་ནི༔ རྟོག་མེད་དྲི་དག་རང་གསལ་ཡིན༔གྲོལ་བ་ཞེས་པའི་ངེས་ཚིག་ནི༔ རྩོལ་བའི་ཆོས་ལས་རབ་འདས་ཤིང་༔ འཁྲུལ་བ་གསུམ་གྱིས་མ་བཅིངས་པས༔ ངེས་ཚིག་གཏན་ཚིགས་བཅས་པ་ཡིན༔ དབྱེ་བ་ངོ་བོའི་སྐབས་སུ་བཤད༔ དཔེ་ནི་སྦྲུལ་ལ་མདུད་བོར་དང་༔ རྔ་མ་དག་གི་མདུད་པ་བཞིན༔ ཞེས་གང་གསུངས་ལྟར་རོ༔ དེ་ཡང་གྲོལ་བ་འདི་ལ་འཁོར་བའི་ཆོས་ལས་འདས་པའི་སྤང་བའི་ཆ་དང་༔ མྱ་ངན་ལས་འདས་པ་སྐུ་གསུམ་འབྲས་བུའི་ཡོན་ཏན་མངོན་དུ་གྱུར་བའི་སྨིན་རྟོགས་ཀྱི་ཆ་གཉིས་སུ་ཡོད་པས་སྔ་མའི་ཕྱོགས་གཙོ་བོར་སྟོན་པའི་ངོས་ནས་གྲོལ་བའི་ངང་ཚུལ་འདི་བཞག་ཅིང་ཕྱི་མ་ལས་འབྲས་བུ་དངོས་སུ་བཤད་པ་འབྱུང་མ་རག་པ་བཞིན་ནོ༔


previousགྲོལ་བ་རང་གི་ངང་ཚུལ་བཤད་པ།next