Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 collapse section
  
  
  
  
  
  
  
 collapse section
  
  
  
  
  
  
རིང་སོང་དང་རིགས་པ་གསུམ་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརིང་སོང་དང་རིགས་པ་གསུམ་བཤད་པ།next

རིང་སོང་དང་རིགས་པ་གསུམ་བཤད་པ།


GLG012_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རིང་སོང་དང་རིགས་པ་གསུམ་བཤད་པ།གཉིས་པ་གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན་ལ། ས་འདིར་ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ། ས་བདུན་པར་ཉན་རང་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་གཉིས། དང་པོ་ལ་ཚིག་གི་


GLG012_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དོན། སྤྱིའི་དོན། མཐའ་དཔྱད་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་རབ་ཏུ་དགའ་བ་ཙམ་ལ་གནས་པས་ཀྱང་ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་ཡིན་ཏེ། ཐུབ་དབང་གི་གསུང་ལས་སྐྱེས་པའི་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་རྣམས་ནི་སྙིང་རྗེ་དང་སེམས་བསྐྱེད་པ་སོགས་བསོད་ནམས་དག་གི་དབང་གིས་ཕམ་པར་བྱས་ཤིང་ཟིལ་གྱིས་མནན་པས་དེ་དག་ལས་བསོད་ནམས་རྣམ་པར་འཕེལ་བའི་ཕྱིར། གཉིས་པ་ནི། ས་དང་པོ་ལ་གནས་པའི་སེམས་དཔས་ཉན་རང་དགྲ་བཅོམ་ཟིལ་གྱིས་གནོན་པའི་རྒྱུ་མཚན་ཇི་ལྟ་བུ་ཡིན་ཟེར་ན་ཡོད་དེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་མ་ཐག་པའི་ས་དང་པོ་བ་དེས་ཉན་རང་དགྲ་བཅོམ་རྣམས་རྒྱལ་པོའི་བུ་སྐྱེས་མ་ཐག་པ་རྒྱལ་པོའི་མཚན་དང་ལྡན་པས། བློན་པོ་རྣམས་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་མི་ནུས་པ་ལྟར། དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་ཀྱང་། རྒྱལ་པོའི་བུ་དེས་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ནུས་པ་བཞིན། ས་དང་པོ་བ་དེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ཆེན་པོ་སོགས་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཉན་རང་དགྲ་བཅོམ་ཟིལ་གྱིས་གནོན་ནུས་པའི་ཕྱིར། དཔེར་ན། ནམ་མཁའ་ལྡིང་གི་ཕྲུ་གུ་སྐྱེས་ནས་རིང་པོར་མ་ལོན་པའི་གཤོག་པའི་རླུང་ཤུགས་དང་འདྲ་བའི་ཐབས་ཀྱི་ཆ་དང་། མིག་ཡོངས་སུ་དག་པ་དང་འདྲ་བའི་ཐབས་ཀྱི་ཆས་ཟིན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་རྣམས་མཁའ་ལྡིང་དང་ཆོས་མཚུངས་པའི་བྱང་ཆུབ་སེམས་


GLG012_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དེ་ལ་ཡོད་ཀྱི། བྱ་ཕལ་པ་གཞན་དག་གི་དཔེར་འོས་པའི་ཉན་རང་མེད་པའི་ཕྱིར་ཏེ། བྱམས་པའི་རྣམ་པར་ཐར་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་བརྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ། ནམ་མཁའ་ལྡིང་གི་དབང་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱང་


GLG012_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སོ་སྐྱེའི་ཀུན་རྫོབ་སེམས་བསྐྱེད་སོགས་ཀྱིས་ཉན་རང་དགྲ་བཅོམ་ཟིལ་གྱིས་གནོན་པ་མིན་ནམ་སྙམ་ན། ཡིན་ཏེ། རྡོ་རྗེ་རིན་པོ་ཆེའི་རྒྱན་གྱི་དུམ་བུས་ཀྱང་གསེར་སོགས་ཀྱི་རྒྱན་ཕལ་པ་གཞན་དག་ཟིལ་གྱིས་གནོན་པ་བཞིན་ཡིན་པའི་ཕྱིར་ཏེ། མདོ་དེ་ཉིད་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ ། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོར་མ་ལོན་པ་ཞེས་པའི་སྐབས་ཀྱི་སེམས་བསྐྱེད་དེ། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང་། བྱང་སེམས་དེ་ཚོགས་ལམ་པ་ལ་བྱེད་ཟེར་ན། མི་འཐད་པར་ཐལ། དེ་དོན་དམ་པའི་སེམས་བསྐྱེད་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། དེ་དོན་དམ་པའི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་དོགས་པ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། གཞན་ཡང་། སྐབས་འདིར་སེམས་བསྐྱེད་བཅུར་བཤད་པའི་སེམས་བསྐྱེད་དང་པོ་དེ་དོན་དམ་པའི་སེམས་བསྐྱེད་ལ་བྱེད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་


GLG012_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། དེ་ས་དང་པོ་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། གཞུང་འདིའི་སེམས་བསྐྱེད་བཅུ་པོ་དེ་ས་བཅུ་པོ་རིམ་པ་བཞིན་དུ་སྟོན་བྱེད་ཀྱི་བསྟན་བཅོས་ཡིན་པའི་ཕྱིར། གཞན་ཡང་། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། །ཞེས་པའི་སེམས་དེ་དོན་དམ་པའི་སེམས་བསྐྱེད་ལ་བྱེད་མི་རིགས་པར་ཐལ། བྱམས་པའི་རྣམ་པར་ཐར་བའི་དེ་དེ་ལ་བྱེད་མི་རིགས་པའི་ཕྱིར། ཁྱབ་སྟེ། ཚིགས་རྐང་གསུམ་པོ་འདིས་མདོ་དེའི་དོན་བསྡུས་ནས་བསྟན་པའི་ཕྱིར། རྩ་བར་འདོད་ན། གཞུང་དེ་ས་དང་པོ་བའི་ཡོན་ཏན་དངོས་སུ་མི་སྟོན་པར་ཚོགས་སྦྱོར་གྱི་ཡོན་ཏན་དངོས་སུ་སྟོན་བྱེད་ཀྱི་གཞུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་སོགས་ཀྱི་གཞུང་དེ་དེ་ལྟར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་རིགས་སུ་གྱུར་པའི་བྱང་སེམས་དེ་ཚོགས་སྦྱོར་བ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། བྱང་འཕགས་ཡིན་པའི་ཕྱིར། ཁ་ཅིག །རྫོགས་པའི་བྱང་ཆུབ་ཅེས་སོགས་ཀྱིས་བསྟན་པའི་སེམས་དཔའ་དེ་ས་དང་པོ་པ་མ་ཡིན་པར་ཐལ། འཕགས་པ་བརྒྱད་པ་ཞེས་པའི་འཕགས་པ་དེ་འཕགས་པ་བརྒྱད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་འཇུག་འགྲེལ་ལས་བཤད་པའི་ཕྱིར་ཟེར་ན། མི་འཐད་པར་ཐལ། རྒྱུན་ཞུགས་འབྲས་གནས་དེ་རྒྱུན་ཞུགས་ཞུགས་པ་ནས་ཡས་བགྲངས་ཀྱི་འཕགས་པ་བརྒྱད་པའང་མ་ཡིན། དགྲ་བཅོམ་འབྲས་གནས་ནས་མས་བགྲངས་ཀྱི་འཕགས་པ་བརྒྱད་པའང་མ་ཡིན་པའི་ཕྱིར། དེར་ཐལ། ཡས་བགྲངས་ཀྱི་འཕགས་པ་བདུན་པ་དང་། མས་བགྲངས་ཀྱི་འཕགས་


GLG012_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པ་ཡིན་པའི་ཕྱིར། རང་རེས་འཕགས་པ་ཡིན་ན་དབུ་མ་པ་ཡིན་པས་ཁྱབ་བྱས་པ་ལ། གཟུགས་མེད་ཀྱི་རྟེན་ཅན་དུ་གྱུར་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། ངག་སྨྲ་བའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་མེད་ཁམས་ན་ངག་གི་སྒྲ་ཡོད་པར་ཐལ་ལོ། ཁ་ཅིག །ས་དང་པོ་པས་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་པར་ཐལ། ཉན་ཐོས་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར་ཟེར་བ་ལ་སྐྱོན་འཕེན་པ་ཁ་ཅིག །ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར་ཟེར་ན། སྔ་མ་དེ་མི་འཐད་པར་ཐལ། དེས་དེ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར། དེར་ཐལ། དེས་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་ལ། དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཟིལ་གྱིས་གནོན་མི་ནུས་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། ཕྱི་མ་དེའི་སྒོ་ནས་གནོན་པ་ལ་ས་བདུན་པ་དམིགས་ཀྱིས་བསལ་བ་ལ་དགོས་པ་ཡོད་པའི་ཕྱིར། ཁ་ཅིག །གང་ཟག་གི་གདགས་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ན་གང་ཟག་གི་བདག་མེད་མ་རྟོགས་པས་ཁྱབ། གང་ཟག་བདེན་པས་སྟོངས་པའི་སྟོང་ཉིད་སྟོང་ཉིད་ཕྲ་མོ་མིན་ཟེར་ན། མདོ་སྡེ་པས་གང་ཟག་གི་བདག་མེད་རྟོགས་པར་ཐལ། ཁས་བླངས་ཕྱི་མ་ལ་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མདོ་སྡེ་


GLG012_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཅན། གང་ཟག་གི་བདག་མེད་མ་རྟོགས་པར་ཐལ། གང་ཟག་གི་གདགས་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། དེར་ཐལ། ཕུང་པོ་རང་བཞིན་གྱིས་གྲུབ་པར་བདེན་ཞེན་གྱིས་འདོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དངོས་སྨྲ་བ་ཡིན་པའི་ཕྱིར། ཁ་ཅིག །ཉན་ཐོས་དགྲ་བཅོམ་ཆོས་ཅན། ཐེག་ཆེན་པ་ཡིན་པར་ཐལ། དབུ་མ་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བྱེ་བྲག་སྨྲ་བར་གྱུར་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཐེག་དམན་པ་ཡིན་པར་ཐལ། བྱེ་བྲག་སྨྲ་བ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །རྩ་བར་འདོད་ན། དེ་ཆོས་ཅན། ཐེག་ཆེན་པ་མ་ཡིན་པར་ཐལ། ཐེག་དམན་པ་ཡིན་པའི་ཕྱིར། ཐེག་དམན་དགྲ་བཅོམ་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་སེམས་དེ་ནི་ཆོས་ཅན། ས་བདུན་པ་རིང་དུ་སོང་བར་སོན་པ་ན་རིགས་སྟོབས་སུ་མ་ཟད། སྟོང་ཉིད་རྟོགས་པའི་བློ་ཡང་ཉན་རང་ལས་ལྷག་པར་འགྱུར་ཏེ། དེའི་ཚེ་འགོག་པ་ཡང་དག་པའི་མཐའ་ལ་སྐད་ཅིག་རེ་ལ་འཇུག་ལྡང་བྱེད་ནུས་པའི་ཕྱིར། གཉིས་པ་ནི། བྱང་སེམས་ས་དང་པོ་བས་ས་བདུན་པ་རིང་དུ་སོང་བ་ཐོབ་པ་ན་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པའི་རྒྱུ་མཚན་ཡོད་དེ། དཔེར་ན་རྒྱལ་པོའི་བུ་ན་ཚོད་ཕྲ་མོ་དེ་རིམ་གྱིས་ནར་སོན་པ་ན་རིགས་སྟོབས་སུ་མ་ཟད་བློའི་སྟོབས་ཀྱི་སྒོ་ནས་ཀྱང་བློན་པོའི་ཚོགས་རྣམས་ཟིལ་གྱིས་གནོན་པ་ལྟར། དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་དེས་རིམ་གྱིས་ལམ་གོང་མ་གོང་མར་བགྲོད་པས་


GLG012_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ཡང་དག་པའི་མཐའ་ལ་གཉིས་སྣང་ནུབ་པའི་སྒོ་ནས་སྐད་ཅིག་མ་རེ་རེ་ལ་སྙོམས་པར་འཇུག་ལྡང་བྱེད་པའི་ནུས་པ་ཐོབ་པའི་བློའི་སྟོབས་ཀྱིས་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བ་འི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་སྐབས་ཀྱི་འགོག་པ་དེ་ཇི་ལྟ་བུ་ཞེ་ན། གཞག་ཏུ་ཡོད་དེ། ས་དྲུག་པར་ཤེར་ཕྱིན་གྱི་ཉམས་ལེན་ཐོབ་པའི་སྟོབས་ཀྱིས་ཐོབ་པའི་དེ་བཞིན་ཉིད་ནི་སྐབས་འདིར་ཡུལ་གྱི་འགོག་པ་ཡིན་ལ། དེ་ལ་ས་དྲུག་པར་སྙོམས་པར་འཇུག་ལྡང་གི་སྒོ་ནས་འདྲིས་པར་བྱས་པས་ས་བདུན་པ་རིང་དུ་སོང་བ་དེའི་ཚེ་འགོག་པ་


GLG012_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་མཐའ་དེ་བཞིན་ཉིད་ལ་བྱ་རྫོགས་ཀྱི་སྐད་ཅིག་མ་ཐུང་ངུ་རེ་ལ་འཇུག་ལྡང་བྱེད་པར་སྟོང་ཉིད་ཀྱི་དོན་སྤྱིའི་སྣང་བ་ཅུང་ཟད་ཙམ་ཡང་བརྒྱུད་མི་དགོས་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས་དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་པའི་ཕྱིར་རོ། །ས་བདུན་པ་རིང་དུ་སོང་བ་འདིར་ནི་ས་དྲུག་པར་ཐོབ་པའི་འགོག་པ་དེ་ལ་བྱང་ཆུབ་སེམས་དཔའ་སྐད་ཅིག་དང་སྐད་ཅིག་ལ་སྙོམས་པར་འཇུག་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། འོ་ན། དེའི་ཚེ་འགོག་པ་མངོན་དུ་བྱས་པ་ཡིན་ནམ་ཟེར་ན་མ་ཡིན་ཏེ། ས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཀྱི་སྐད་ཅིག་དང་སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་ཞེས་ནི་མི་བྱའོ། །ཞེས་གསུངས་པའི་ཕྱིར། འོ་ན། ས་དང་པོར་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་མི་ནུས་ཞེས་བཤད་པས། ཉན་རང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པར་གྱུར་པ་ཡོད་དམ་ཟེར་ན་ཡོད་དེ། རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བ་གསལ་བར་ངེས་ཏེ། ཞེས་གསུངས་པའི་ཕྱིར་ཏེ། ཚུལ་དེ་ལས་གཞན་དུ་སྨྲ་ན་རིགས་པ་གསུམ་གྱིས་གནོད་པའི་ཕྱིར། རིགས་པ་དང་པོས་གནོད་ཚུལ་ཡོད་དེ། དོན་དམ་པའི་སེམས་


GLG012_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བསྐྱེད་པའི་བྱང་སེམས་ས་དང་པོ་བས་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། དེ་འདྲའི་བྱང་སེམས་དེས་དངོས་པོ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་གང་ཞིག །ཉན་རང་དགྲ་བཅོམ་གྱིས་དངོས་པོ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། དཔེར་ན་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བའི་ཕྱི་རོལ་པ་དེ་བྱང་སེམས་ས་དང་པོ་བས་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟར་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་པའི་ཕྱིར། རིགས་པ་གཉིས་པ་ཡང་ཡོད་དེ། ཉན་རང་དགྲ་བཅོམ་པ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་ཟད་པར་མ་སྤངས་པར་ཐལ། དངོས་པོ་རང་བཞིན་མེད་པར་རྟོགས་ཟིན་རྒྱུན་ལྡན་དུ་བསྒོམས་པ་དང་བྲལ་བའི་གང་ཟག་ཡིན་པའི་ཕྱིར། དཔེར་ན་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ཀྱི་ཁམས་གསུམ་ལ་ཆགས་པ་མངོན་གྱུར་དང་བྲལ་བའི་ཕྱི་རོལ་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རིགས་པ་གསུམ་པ་ཡང་ཡོད་དེ། ཉན་རང་དགྲ་བཅོམ་དེས་གང་


GLG012_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་བདག་མེད་མཚན་ཉིད་ཚང་བ་རྟོགས་པ་མེད་པར་ཐལ། དེ་དག་གིས་གང་ཟག་གི་བདག་ཏུ་གདགས་རྒྱུའི་ཕུང་པོ་ལ་བདེན་པར་དམིགས་པའི་ཕྱིར། དེར་ཐལ། གདགས་གཞི་གཟུགས་ལ་སོགས་པའི་ཕུང་པོའི་རང་གི་ངོ་བོ་ལ་བདེན་པར་དམིགས་པའི་ཕྱིན་ཅི་ལོག་ཏུ་གྱུར་པའི་གང་ཟག་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལས་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་ཡང་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང་། དྲང་ངེས་རྣམ་འབྱེད་ལས་ཀྱང་། དེའི་ཚེ་ཆོས་བདག་གྲུབ་མཐས་ཡོད་པར་ཁས་ལེན་ན་གང་ཟག་གི་བདག་མེད་རྟོགས་པ་འོང་ས་མེད་པས་འཇུག་འགྲེལ་ལས་ཀྱང་། ཆོས་ལ་བདག་ཏུ་འཛིན་པ་མི་འདོར་ན་གང་ཟག་གི་བདག་མེད་མི་རྟོགས་པར་གསུངས་སོ། །དེའི་ཕྱིར་ཉན་རང་གིས་ཀྱང་བདག་མེད་གཉིས་རྟོགས་དགོས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཉན་རང་དགྲ་བཅོམ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཞིག་ངེས་པར་དགོས་ཏེ། དེ་ལྟར་དགོས་པ་ལ་མདོའི་ཤེས་བྱེད་དང་བསྟན་བཅོས་ཀྱི་ཤེས་བྱེད་གཉིས་ཀ་ཡོད་པའི་ཕྱིར། མདོའི་ཤེས་བྱེད་ལ་ཡང་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོའི་ཤེས་བྱེད་ཡོད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བའི་གང་ཟག་གིས། བདེན་པར་གྲུབ་མ་གྲུབ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ཕུང་པོ་སོགས་ལ་དམིགས་ནས་མི་རྟག་པ་སོགས་སུ་ཡིད་ལ་བྱས་པས་འཁོར་བ་ལས་གྲོལ་མི་ནུས་ཏེ།


GLG012_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་སྒྱུ་མའི་བུད་མེད་ལ་བུད་མེད་དངོས་སུ་བཟུང་ནས། བུད་མེད་འདི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་བུད་མེད་དོ་སྙམ་དུ་འཛིན་པའི་བློ་དེས་བུད་མེད་ལ་ཆགས་པ་སྤོང་མི་ནུས་པ་བཞིན་ཡིན་པའི་ཕྱིར་ཏེ། ལྷག་བསམ་བརྟན་པས་ཞུས་པའི་མདོ་ཚིག་གསལ་དུ་དྲངས་པ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་དཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་སོང་ནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་པ་བཅོམ་ལྡན་འདས། གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་


GLG012_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལམ་བསྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཐེག་དམན་གྱི་སྡེ་སྣོད་ལས་ཀྱང་བསྟན་ཏེ། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ལ་ཕུང་པོ་ལྔ་པོ་དེ་དཔེ་ལྔའི་སྒོ་ནས་རང་བཞིན་མེད་པར་རྟོགས་དགོས་པར་བསྟན་པའི་ཕྱིར་ཏེ། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏེ། །ཞེས་གསུངས་པའི་ཕྱིར། བསྟན་བཅོས་ལས་ཀྱང་གསུངས་ཏེ། ཇི་སྲིད་ཕུང་པོ་ལ་བདེན་འཛིན་གྱི་ཞེན་ཡུལ་སུན་ཕྱུང་མ་མྱོང་བར་རང་རྒྱུད་ལ་ཡོད་པ་དེ་སྲིད་དུ་ངར་འཛིན་ཡོད་ལ། དེ་ལ་བརྟེན་ནས་ལས་བསགས་ཏེ་འཁོར་བར་སྐྱེ་དགོས་པའི་ཕྱིར། འཁོར་ཚུལ་ཡང་ཡོད་དེ། ཉོན་མོངས་པའི་ཉོན་མོངས་དང་། ལས་ཀྱི་ཉོན་མོངས་དང་། གཞིའི་ཉོན་མོངས་པ་གསུམ་ལ་བརྟེན་ནས་སྔ་ཕྱིའི་གོ་རིམ་མེད་པར་འཁོར་བ་ཡིན་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལས་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་གསུངས་པའི་ཕྱིར། རྒྱལ་སྲས་ཞི་བ་ལྷས་ཀྱང་། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་འཁོར་བ་


GLG012_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བ་ཐོབ་པ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོངས་པའི་སྟོང་ཉིད་བསྒོམ་མི་དགོས་པར་ཐལ། མངོན་པ་གཉིས་ནས་བཤད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་བསྒོམ་པར་བྱས་པ་ལས་འཁོར་བ་ལས་གྲོལ་ནུས་པའི་ཕྱིར་ཞེས་རང་སྡེ་འོག་མ་རྣམས་ཀྱི་ལུགས་བརྗོད་ནས། དེ་འགོག་པ་ལ་ཕྱོགས་སྔ་དེ་མི་འཐད་དེ། རྒྱུ་མཚན་གང་གི་ཕྱིར་ན། ཤེར་ཕྱིན་གྱི་མདོའི་ལུང་ལས། སྟོང་ཉིད་ཕྲ་མོ་རྟོགས་པའི་ལམ་འདི་མེད་པར་བྱང་ཆུབ་གསུམ་པོ་གང་ཡང་འཐོབ་མི་ནུས་པར་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་ཁུངས་དང་བཅས་ཏེ་གསུངས་པའི་ཕྱིར། རིགས་པ་གཞན་ཡང་། བསྟན་པའི་རྩ་བ་དོན་དམ་པའི་དགེ་སློང་ཉོན་མོངས་སྤངས་པའི་ཉན་ཐོས་དགྲ་བཅོམ་པ་ཡང་ཐོབ་པར་དཀའ་བ་སྟེ་མི་འཐོབ་པར་ཐལ། དེས་སྟོང་ཉིད་མ་རྟོགས་པའི་ཕྱིར། ཁྱབ་སྟེ། སེམས་ནི་བདེན་འཛིན་གྱི་དམིགས་པ་དང་བཅས་པས་མྱང་འདས་འཐོབ་དཀའ་བའི་ཕྱིར་ཞེས་སྟོན་པ་ལ། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་གསུངས་པའི་ཕྱིར། འོ་ན། ཁྱོད་ཀྱི་འདོད་པ་དེ་ལྟར་ན། ཐེག་དམན་གྱ་ིསྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པས་ཐེག་པ་ཆེན་པོ་དོན་མེད་པར་འགྱུར་བར་ཐལ། ཤེས་རབ་སྒྲོན་མེ་ལས། ཁུངས་དེ་ནི་ཉན་ཐོས་ཀྱི་ཐེག་པ་ལས། གང་ཟག་གི་བདག་མེད་པའི་སྒྲའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཆོས་བདག་མེད་པ་ཉིད་བསྟན་པར་མི་ནུས་


GLG012_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ནུས་པར་གྱུར་ན་ནི་ཐེག་པ་གཞན་ཡོངས་སུ་བཟུང་བ་དོན་མེད་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཞེས་སྨྲ་བ་མི་རིགས་ཏེ། ཁྱོད་ཀྱིས་ལེགས་ལྡན་འབྱེད་ཀྱི་རྗེས་སུ་འབྲངས་པའི་དམ་བཅའ་དེ་ལྟར་ན། སྤྱིར་ཐེག་ཆེན་བསྟན་པ་དོན་མེད་ཡིན་ནམ། དེར་ཆོས་ཀྱི་བདག་མེད་བསྟན་པ་དོན་མེད་དུ་འཆད། དང་པོ་ལྟར་ན་ཐེག་ཆེན་གྱི་མདོ་ཐམས་ཅད་ཆོས་ཀྱི་བདག་མེད་ཙམ་སྟོན་པ་མ་ཡིན་ཏེ། ཐེག་ཆེན་གྱི་སྡེ་སྣོད་ལས། སྤྱོད་པ་ཕྱིན་དྲུག །བསྔོ་བ། སྨོན་ལམ། སྙིང་རྗེ་ཆེན་པོ་སོགས་ཐབས་ཀྱི་ཆ་རྒྱས་པར་བསྟན་པའི་ཕྱིར་དང་། ཕྱི་མ་ལྟར་ན། ཉན་ཐོས་ཀྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་མདོར་བསྡུས་ལ། ཐེག་པ་ཆེན་པོར་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར་ཏེ། རང་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པར་བསྟན་ན། དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ། །སྙམ་དུ་སེམས་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། ལུང་གི་ཤེས་བྱེད་ཇི་ལྟ་བུ་ཡོད་ཅེ་ན། སྔ་མའི་ཤེས་བྱེད་ཡོད་དེ། རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང་། །ཞེས་དང་། ཕྱི་མའི་ཁུངས་


GLG012_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པ་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །འོ་ན། ཁྱོད་ཀྱི་འདོད་པ་དེ་དང་མངོན་རྟོགས་རྒྱན་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་སོགས་ཀྱི་སྐབས་སུ་ཉན་རང་གི་ལམ་དུ་བདེན་འཛིན་སྤོང་མི་ནུས་པ་དང་། ལྟ་བ་དེ་དང་བྲལ་བའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ཙམ་གྱིས་འཁོར་བ་ལས་གྲོལ་བའི་རྣམ་གཞག་གསུངས་པ་དང་འགལ་ལོ་སྙམ་ན། དེ་འདྲའི་རྣམ་གཞག་གསུངས་པ་ནི་གདུལ་བྱ་དབང་པོ་དང་རྒྱུད་མ་སྨིན་པ་འགའ་ཞིག་གི་དོན་དུ་གསུངས་པ་སྒྲ་ཇི་བཞིན་པར་ཁས་མི་ལེན་ཏེ། རྒྱན་གྱི་དགོངས་པ་མཐར་ཐུག་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པའི་ཕྱིར། འདི་དག་གི་སྐབས་ནས་བཟུང་སྟེ་སེམས་བསྐྱེད་དྲུག་པའི་སྐབས་ཀྱི་བར་དུ་རྣམ་བཤད་ཀྱི་དགོངས་པ་འགའ་ཞིག་ལ་སྟག་ཚང་ལོ་ཙཱ་བས། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཅེས་པ་ནས་བཟུང་སྟེ། ཡང་ཡང་སྨྲས་ཀྱང་རྟོག་གེར་གོམས་པའི་མཐུས། །འཐད་པ་བཅུག་ནས་


GLG012_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ཅིང་བསྒྲུབས་པས་སོ། །ཞེས་པའི་བར་དུ་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཏང་འདུག་པ་འདི་ལ་ཞིབ་མོར་དཔྱད་ཚེ། གནོད་བྱེད་ལྟར་སྣང་ཙམ་མ་གཏོགས་ཡང་དག་མ་མཆིས་པས། དགག་ལན་ཞིག་བྱས་ན་ཡོང་བར་འདུག་ཀྱང་། ལོ་ཙཱ་བ་འདི་ཐ་སྙད་རིག་པ་སྨྲ་བ་རྣམས་ལ་བཀའ་དྲིན་མཚུངས་བྲལ་དུ་ཆེ་བ་ཞིག་ཡིན་པས་ཁོ་བོ་ཅག་ཀྱང་སྐད་གཉིས་སྨྲ་བའི་གྲལ་དུ་ཚུད་ཙམ་ཡིན་པས་ཐལ་འགྱུར་འཕེན་པ་སྐབས་སུ་མ་ཕྱེ་སྙམ་པ་དང་། ལོ་ཙཱ་བའི་རྩོད་པ་ཡང་ཀུན་སློང་སྐྱོན་ཅན་མ་ཡིན་པའི་དབང་གིས། ཁྱོད་བློའི་ཉི་མས་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་རྗེ་བླ་མ་ལ་བསྔགས་བརྗོད་ཀྱང་རྒྱ་ཆེར་མཛད་ལ། ཁོ་བོས་བརྩམས་པའི་བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་གྱི་རྣམ་བཤད་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཀྱི་སྐབས་བརྒྱད་པའི་ནང་དུ། རྗེས་འཇུག་མཁས་པའི་སྐྱེ་བོར་རློམ་པའི་འགྱིང་བག་ཅན་ཡོད་ན་ལན་གདབ་པར་རིགས་སོ་ཞེས་བསྐུལ་མ་ཞིག་བྱས་ཡོད་ཀྱང་། བྱེ་མ་བཙིར་བ་ལ་མར་ནག་ཡོང་རིགས་སུ་མི་འདུག་པས། ཐ་སྙད་རིག་པའི་ཐུགས་ཁུར་བཞེས་མི་དགོས་པའི་དགེ་བའི་བཤེས་གཉེན་འདྲས་ལན་འདེབས་མཛད་ན་ལེགས་པར་སེམས་སོ། །གསུམ་པ་ནི། ཁ་ཅིག །ས་དྲུག་པ་མན་ཆད་དུ་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་ཤིང་། བདུན་པ་ནས་ནུས་པའི་རྒྱུ་མཚན། དེ་མན་ཆད་དུ་རང་གི་ངོ་སྐལ་གྱི་


GLG012_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྲིབ་སྤོང་མི་ནུས། བདུན་པ་ནས་སྤོང་ནུས་པས་དེ་ལྟར་ཡིན་ཟེར་ན། རང་གི་ངོ་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་ས་བདུན་པའི་བར་ཆད་མེད་ལམ་ཆོས་ཅན། ཉོན་སྒྲིབ་ཟད་པར་སྤངས་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ཉོན་སྒྲིབ་མ་ལུས་པ་མ་སྤངས་བར་དུ་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་པའི་ཕྱིར། དེར་ཐལ། བདེན་འཛིན་མ་ལུས་པར་མ་སྤངས་བར་དུ་བདེན་འཛིན་གྱི་བག་ཆགས་ཅུང་ཟད་ཀྱང་སྤོང་མི་ནུས་པའི་ཕྱིར། དེར་ཐལ། བཙོ་ལག་མཁན་གྱིས་གོས་ཀྱི་དྲི་མ་རགས་པ་མ་བསལ་བར། གོས་ཀྱི་དྲི་མ་ཕྲ་མོ་ཅུང་ཟད་ཀྱང་སེལ་མི་ནུས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ས་བདུན་པ་བས་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་ས་བརྒྱད་པ་ཐོབ་པ་དུས་མཉམ་པའི་ཕྱིར། ཁ་ཅིག །ས་བདུན་པ་བས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས། དེ་མན་ཆད་ཀྱིས་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ལྟར་ནུས་པ་ཡོད་པའི་ཕྱིར། དེར་ཐལ། ས་དྲུག་པ་བས་འཇུག་པ་ཡོད་པའི་ཕྱིར། དེར་ཐལ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་སྟེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །ས་བདུན་པའི་སྐད་ཅིག་ཐ་མར་གྱུར་པའི་བར་ཆད་མེད་ལམ་ཆོས་ཅན། རང་གི་ངོ་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཡིན་པར་ཐལ། བདེན་འཛིན་གྱི་ས་བོན་གྱི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བདེན་


GLG012_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ས་བོན་ཉོན་སྒྲིབ་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། བདེན་འཛིན་གྱི་ས་བོན་སྤོང་བ་ནི། ཤེས་སྒྲིབ་སྤོང་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ས་བདུན་པར་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་མངོན་དུ་མི་བྱེད་པས་མཚན་མེད་ཀྱི་ལམ་ཐོབ་ཅིང་། དྲུག་པ་མན་ཆད་ནས་མ་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་རྒྱུ་མཚན་ཆོས་ཉིད་ལ་འཇུག་ལྡང་བྱེད་ཚུལ་གྱི་སྒོ་ནས་འཇོག་རིགས་པའི་ཕྱིར། དེར་ཐལ། སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ས་བདུན་པ་བས་བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཐོབ། ཉན་ཐོས་དགྲ་བཅོམ་གྱིས་དེ་མ་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན། བག་ལ་ཉལ་གྱི་ཉོན་མོངས་དེ་ཉོན་སྒྲིབ་ཡིན་པར་ཐལ། དེ་སྒྲིབ་པ་གང་ཞིག །ཤེས་སྒྲིབ་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཙོ་བོར་ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པས་ཐར་པ་མ་ཐོབ་པར་ཐལ། དེ་དེ་ཡིན་པ་གང་ཞིག །དེས་དེ་མ་སྤངས་པའི་ཕྱིར། ཁ་ཅིག །དེའི་སྐད་ཅིག་མ་དེ་དུས་མཐའི་སྐད་ཅིག་མ་ལ་བྱེད་ཟེར་ན། དེ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། དུས་མཐའི་སྐད་ཅིག་མ་གཅིག་ལ་འགོག་པ་ཡང་དག་པའི་མཐའ་ལ་མངོན་སུམ་དུ་འཇུག་ལྡང་བྱེད་ནུས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་སེམས་ཅན་མི་སྲིད་པའི་ཕྱིར། ཁ་ཅིག །ཉན་རང་དགྲ་བཅོམ་པ་རྣམས་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་


GLG012_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་ན། དེ་དང་ཕྱི་རོལ་པའི་དྲང་སྲོང་གཉིས་མཚུངས་པ་མི་འཐད་དེ། དེས་སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་ཀྱང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པ་ལ་བརྟེན་ནས་ཁམས་གསུམ་གྱི་ཕྲ་རྒྱས་ས་བོན་དང་བཅས་པ་ཟད་པར་སྤོང་ནུས་པའི་ཕྱིར། དེར་ཐལ། དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་མངོན་སུམ་དུ་གསར་དུ་རྟོགས་པའི་མཐོང་ལམ་གྱིས་ཉོན་སྒྲིབ་ཀུན་བརྟགས་ཀྱི་ས་བོན་སྤོང་ནུས་པའི་ཕྱིར། དེར་ཐལ། དེ་འདྲ་རྟོགས་ཟིན་གོམས་པར་བྱས་པའི་སྒོམ་ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་སྤོང་ནུས་པའི་ཕྱིར། དེར་ཐལ། དེ་འདྲའི་མཐོང་ལམ་དང་མཐོང་ཟིན་སྒོམ་པར་བྱེད་པའི་སྒོམ་ལམ་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་དེ་མངོན་སུམ་དུ་གསར་དུ་རྟོགས་པའི་ཡེ་ཤེས་ཡོད་པའི་ཕྱིར། དེར་ཐལ། དེ་མཐོང་ཟིན་སྒོམ་པར་བྱེད་པའི་ཡེ་ཤེས་ཡོད་པའི་ཕྱིར། དེར་ཐལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་རྟོགས་ཤིང་སྟོང་ཉིད་མ་རྟོགས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན་ཁྱོད་ཀྱི་དམ་བཅའ་དེ་མི་འཐད་པར་ཐལ། སྟོང་ཉིད་མ་རྟོགས་ཤིང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་རྟོགས་པའི་ལམ་དེ་དང་། ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་བསམ་གཏན་གཟུགས་མེད་ཀྱི་དངོས་གཞི་ལ་སྤང་བྱ་སྤོང་བའི་ནུས་པ་ཆེ་ཆུང་གི་ཁྱད་པར་མེད་པའི་ཕྱིར། དེར་ཐལ། ལྟ་བ་དང་བྲལ་བའི་དེ་འདྲའི་ལམ་དང་། དེ་ལྟ་བུའི་བསམ་གཏན་གཟུགས་མེད་


GLG012_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་མངོན་པ་ནས་བཤད་པའི་ཉོན་མོངས་མངོན་གྱུར་དང་བྲལ་བར་བྱེད་ནུས་པ་ཡང་མཚུངས། ལུགས་འདི་པས་བདེན་འཛིན་ལ་ཉོན་སྒྲིབ་ཏུ་འདོད་པའི་ཉོན་སྒྲིབ་མངོན་གྱུར་སྤོང་མི་ནུས་པར་ཡང་མཚུངས། ཉོན་སྒྲིབ་ཕྲ་རགས་གང་གི་ཡང་ས་བོན་སྤོང་མི་ནུས་པར་ཡང་མཚུངས་པའི་ཕྱིར། དང་པོ་དེར་ཐལ། སྲིད་རྩེའི་དངོས་གཞི་ཐོབ་པའི་ཕྱི་རོལ་པས་ཀྱང་ཅི་ཡང་མེད་མན་ཆད་ཀྱི་ཁམས་གསུམ་གྱི་འདོད་ཆགས་མངོན་གྱུར་དང་བྲལ་བར་བྱེད་པའི་ཕྱིར། གཉིས་པ་དེར་ཐལ། ཉོན་མོངས་ཕྲ་མོ་མངོན་གྱུར་སྤོང་བ་ལ་སྟོང་ཉིད་ཕྲ་མོ་རྟོགས་པའི་ལྟ་བ་ངེས་པར་དགོས་པའི་ཕྱིར། དེར་ཐལ། བདེན་འཛིན་སྤོང་བ་ལ་དེ་ངེས་པར་དགོས་པའི་ཕྱིར། གསུམ་པ་དེར་ཐལ། དེ་ལྟ་བུའི་ལམ་གཉིས་ཀྱིས་མངོན་པ་ནས་བཤད་པའི་ཉོན་མོངས་ཀྱི་ས་བོན་ཡང་སྤོང་མི་ནུས། བདེན་འཛིན་དང་དེས་དྲངས་པའི་ཉོན་མོངས་ཀྱི་ས་བོན་ཡང་སྤོང་མི་ནུས་པའི་ཕྱིར། དེར་ཐལ། དེ་གཉིས་རེ་རེ་ནས་ས་བོན་སྤོང་བ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་ལ་ལྟོས་དགོས་པའི་ཕྱིར། གཞན་ཡང་། ཁྱོད་ཀྱི་དམ་བཅའ་དེ་མི་འཐད་པར་ཐལ། ལམ་དེ་གཉིས་མཐོང་སྒོམ་དུ་བཤད་པ་དང་། དེ་གཉིས་ཀྱིས་མཐོང་སྤང་དང་སྒོམ་སྤང་གི་ས་བོན་སྤོང་བར་སྟོན་པའི་མདོ་རྣམས་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དཔེར་ན། རྡུལ་ཕྲན་ཆ་མེད་ཀྱིས་བརྩམས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོངས་པར་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པ་ལ་བརྟེན་ནས་སློབ་ལམ་ཕྱི་མ་གསུམ་བགྲོད་པར་


GLG012_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་མདོ་རྣམས་སེམས་ཙམ་པས་ངེས་དོན་གྱི་མདོར་ཁས་ལེན་ཀྱང་། དབུ་མ་པས་ཁས་མི་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྡུལ་ཕྲན་ཆ་མེད་ཀྱིས་བརྩམས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོངས་པའི་སྟོང་ཉིད་སེམས་ཙམ་པས་ཆོས་ཀྱི་བདག་མེད་ཕྲ་མོར་ཁས་མི་ལེན་པར་ཐལ། དེས་རྡུལ་ཕྲན་ཆ་མེད་ཀྱིས་བརྩམས་པའི་རགས་པ་གཞི་མ་གྲུབ་པར་ཁས་ལེན་པའི་ཕྱིར། ཟེར་ན་དེ་འདྲ་སེམས་ཙམ་པ་རང་ལུགས་ལ་དོན་དམ་པར་མི་སྨྲ་ཡང་། དབུ་མ་པས་གཞལ་ཚེ་དེར་སོང་བ་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པས་གཟུང་འཛིན་རྫས་གཞན་མེད་པ་ཁས་བླངས་པས་ཅིག་ཤོས་དོན་དམ་པར་ཁས་བླངས་པ་ཡིན་ཞེས་འཕུལ་བའི་ཕྱིར། ཁ་ཅིག །གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ལ་རྟོགས་དཀའ་སླའི་ཁྱད་པར་མེད་ཟེར་ན། ཡོད་པར་ཐལ། བདག་མེད་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་ཀྱང་། ཁྱད་གཞིའི་གནད་ཀྱིས་རྟོགས་དཀའ་སླ་ཡོད་པའི་ཕྱིར། དེར་ཐལ། ལམ་རིམ་ལས། གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་ངེས་རྒྱུའི་བདག་མེད་ལ་ཕྲ་རགས་མེད་ཀྱང་། ཁྱད་གཞིའི་གནད་ཀྱིས་གང་ཟག་གི་སྟེང་དུ་ངེས་སླ་ལ་ཆོས་ཀྱི་སྟེང་དུ་ངེས་དཀའ་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནམ་མཁའ་བདེན་མེད་དུ་རྟོགས་པའི་གང་ཟག་ཡིན་ན་གང་ཟག་བདེན་མེད་དུ་རྟོགས་པས་ཁྱབ་པར་ཐལ། རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར། ཟེར་ན་སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བར་མ་རྟོགས་ན་ཆོས་ཐམས་ཅད་བདེན་སྟོང་དུ་


GLG012_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པས་ཁྱབ་པར་ཐལ། དེ་གཉིས་ལ་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བར་མངོན་སུམ་དུ་རྟོགས་པའི་ཚུར་མཐོང་ཡོད། ཅིག་ཤོས་མེད་པའི་ཕྱིར། དང་པོ་དེར་ཐལ། སྔོན་གནས་རྗེས་དྲན་གྱིས་མངོན་ཤེས་རྒྱུད་ལ་ལྡན་པའི་ཚུར་མཐོང་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཐམས་ཅད་བདེན་སྟོང་དུ་གྲུབ་ཟིན་དཔེར་བཀོད་ནས། ཅིག་ཤོས་འབྱུང་བར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཁ་ཅིག་ཀ་བུམ་གཉིས་ལ་རྟོགས་དཀའ་སླ་ཡོད་པར་ཐལ། ཀ་བ་བདེན་མེད་དུ་རྟོགས་པ་ལ་བློ་ཁ་ཕྱོགས། ཅིག་ཤོས་ལ་མ་ཕྱོགས་པ་ཡོད་པའི་ཕྱིར། ཟེར་ན་གློག་སྐད་ཅིག་ཐ་མ་མི་རྟག་པར་མ་རྟོགས། བུམ་པ་མི་རྟག་པར་རྟོགས་པའི་གང་ཟག་མེད་པར་ཐལ། དེ་ལས་དེ་རྟོགས་དཀའ་བའི་ཕྱིར། ཁྱབ་པ་འགྲིག །འདོད་ན། ཡོད་པར་ཐལ། བུམ་པ་རྟག་གམ་མི་རྟག་སྙམ་པའི་བློ་རྒྱུད་ལ་ལྡན་ཞིང་། ཅིག་ཤོས་རྒྱུད་ལ་མི་ལྡན་པའི་གང་ཟག་ཡོད་པའི་ཕྱིར། ཁ་ཅིག་ཆོས་གཅིག་བདེན་མེད་དུ་རྟོགས་ན་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པས་ཁྱབ་ཟེར་ན། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། མྱུ་གུ་བདེན་མེད་དུ་རྟོགས་པར་ཐལ། རྟེན་འབྲེལ་བདེན་མེད་དུ་རྟོགས་པའི་ཕྱིར། དེར་ཐལ། རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པ་རྟོགས་པའི་ཕྱིར། དེར་ཐལ། སྦྱོར་བ་དེ་སྐོར་གྱི་རྗེས་ཁྱབ་ཚད་མས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །


GLG012_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བཞི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་ཟེར་ན། འགོག་བདེན་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་མེད་པར་ཐལ། ཁྱོད་དོན་དམ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག །ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་ཟེར་ན། དེ་འདྲའི་གང་ཟག་དེ་ཆོས་ཅན། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པར་ཐལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཉེས་དམིགས་ཕྲ་མོ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ངེས་འབྱུང་རྣམ་དག་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཅན་གསུམ་པོ་གང་རུང་གི་ལམ་ལ་ཞུགས་པར་ཐལ་ལོ། ཁ་ཅིག་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་ཡིན་ན་དགྲ་བཅོམ་ཡིན་པས་ཁྱབ་ཟེར་ན། བདེན་འཛིན་མ་སྤངས་པའི་དགྲ་བཅོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཡིན་དགོས་པར་ཐལ། མངོན་པ་གཉིས་ནས་བཤད་པའི་བུམ་པ་ཡིན་ན་བུམ་པ་ཡིན་དགོས་པའི་ཕྱིར། ཁ་ཅིག །དེ་ལ་མ་ཁྱབ་ཟེར། འོ་ན་བདེན་པར་གྲུབ་པའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མངོན་པ་བས་དེ་བདེན་གྲུབ་ཏུ་ཁས་ལེན་པའི་ཕྱིར། ཁ་ཅིག །འགོག་བདེན་ལ་


GLG012_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་ཀྱི་ཆ་གཉིས་ཡོད་ཟེར་ན། ས་བཅུའི་མཉམ་གཞག་ལ་གློ་བུར་དྲི་བྲལ་གྱི་ཆོས་སྐུ་མཐོང་ཚུལ་ལ་ཁྱད་པར་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་དེས་མཐོང་སྤང་མ་ལུས་པར་སྤངས་པའི་སྤངས་པ་དེ་མངོན་སུམ་དུ་མཐོང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེས་གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་སྤངས་པའི་སྤངས་པ་མངོན་སུམ་དུ་མཐོང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་སྤངས་པ་དེ་དོན་དམ་པ་བདེན་པ་ཡིན་པར་ཐལ། དེ་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་གྱི་དངོས་གཞལ་ཡིན་པའི་ཕྱིར། ཁ་ཅིག །ལྷག་བཅས་མྱང་འདས་ཡིན་ན་རང་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རང་ཉིད་ལ་གཉིས་སྣང་དང་བཅས་པས་ཁྱབ་ཟེར་ན། རྗེས་ཐོབ་ཡེ་ཤེས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཡིན་པར་ཐལ་ལོ། ཁ་ཅིག་བྱེ་བྲག་སྨྲ་བ་དང་བྱང་སེམས་སྦྱོར་ལམ་པའི་གཞི་མཐུན་ཡོད་ཟེར་ན། མེད་པར་ཐལ། བྱང་སེམས་སྦྱོར་ལམ་པ་ཡིན་ན་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ཐོབ་པས་ཁྱབ་པའི་ཕྱིར། བྱས་པ་ལ། ཤཱི་ལ་རཀྵི་


GLG012_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཆོས་ཅན། སྦྱོར་ལམ་པ་མ་ཡིན་པར་ཐལ། བྱེ་བྲག་སྨྲ་བ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ལམ་རིམ་ལས་བཤད་པའི་ཕྱིར། ཟེར་བ་མི་འཐད་དེ། ཕལ་ཆེན་སྡེ་པའི་དགེ་སློང་ཡིན་ན་ཕལ་ཆེར་སྡེ་པ་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཐམས་ཅད་ཡོད་སྨྲ་ལ་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །བདག་འཛིན་ཉོན་སྒྲིབ་མ་ཡིན་ཟེར་ན། ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་དེ་ཡིན་པ་གང་ཞིག །གང་ཟག་གི་བདག་འཛིན་དེ་ཡིན། དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པའི་ཕྱིར། ཕྱི་མ་དེར་ཐལ། དགག་བྱ་རང་བཞིན་གྱིས་གྲུབ་པ་ཕུང་སོགས་ཆོས་ཀྱི་སྟེང་དུ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། གང་ཟག་གི་སྟེང་དུ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་པའི་ཕྱིར། དེར་ཐལ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པའི་ཕྱིར།སྨྲས་པ། ཀུན་མཁྱེན་ཡེ་ཤེས་ཐོབ་དང་དེ་བསྒྲུབ་པའི། །ཐབས་མཆོག་འོད་ཀྱིས་འགྲོ་བའི་མུན་པ་ཀུན། སེལ་སྙམ་དགའ་བའི་ངོ་མཚར་ཁྱད་པར་ཅན། །མངོན་གྱུར་འཕགས་ཆེན་དམ་པ་འདི་རྨད་བྱུང་། །གཞན་ཕན་ལྷག་བསམ་འདབ་གཤོག་རབ་ལྡན་པའི། །མཁའ་ལྡིང་དབང་པོ་ན་ཚོད་ཆེས་ཕྲ་ཡང་། །བློ་སྟོབས་བགྲང་བྱས་ལྕི་བའི་གཉིས་སྐྱེས་ཕལ། །རྣམ་དཔྱོད་རིགས་ཀྱི་མཐུ་ལ་འགྲན་དུ་ཅི། །འགོག་པར་འཇུག་ལྡང་སྐད་ཅིག་ནུས་པའི་རྩལ། །རྫོགས་པའི་རྒྱལ་བའི་སྲས་ལ་ཉན་རང་གིས། །འགྲན་ན་དམན་པས་གཞལ་མིན་


GLG012_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐབས་ལ། །ས་སྤྱོད་དམ་པ་མཁས་ཀྱང་དགོས་པས་སྟོངས། །ཤེས་བྱ་ཀུན་ལ་ཀུན་མཁྱེན་གཉིས་པ་ལྟར། །བློ་གྲོས་གཅིག་གིས་ཅིག་ཅར་གཞལ་ནུས་པའི། །བཟང་པོའི་རྣམ་དཔྱོད་རྣམ་པར་ཐར་པའི་དྲི། །གྲགས་པའི་སྒྲ་དབྱངས་སྒྲ་བརྒྱ་པ་བཞིན་སྒྲོགས། ཁོ་བོ་ལུང་རིགས་འདི་འདྲ་སྨྲ་བའི་བློས། །མཁས་རྣམས་དགའ་བ་བསྐྱེད་པར་ནུས་བཞིན་དུ། །བླུན་པོ་དར་གྱིས་གྲིལ་བའི་དེང་དུས་ཀྱི། །བླ་ཆེན་གྲལ་དུ་བསྒྲིགས་འདི་ངོ་རེ་གནོང་། །འོན་ཀྱང་ནམ་མཁའི་ལམ་དུ་རྟ་ལྗང་དང་། །རྒྱུ་སྐར་ཕྲ་མོ་རྒྱུ་བར་མཚུངས་འདྲ་ཡང་། །ཉིན་དང་མཚན་མོའི་རྣམ་དབྱེ་འབྱེད་པ་ལ། །པད་གཉེན་མིན་པ་གཞན་གྱིས་ག་ལ་ནུས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་ལ། ས་དང་པོ་ལ་གནས་པའི་སྦྱིན་པ་བཤད་པ། རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་དང་བཞི། དང་པོ་ནི། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་དེ་ཆོས་ཅན། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་རྒྱུད་དང་པོ་སྦྱིན་པའི་ཕར་ཕྱིན་ཉིད་ནི་ཕར་ཕྱིན་གཞན་ལས་ཆེས་ལྷག་པར་འགྱུར་ཏེ། ལུས་ལོངས་སྤྱོད་གཏོང་བ་ལ་སེར་སྣའི་ཀུན་འཛིན་གྱི་དྲི་མ་མེད་ཅིང་། ཕར་ཕྱིན་གཞན་དེ་ཙམ་མ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། རང་གི་ཤ་སྟེར་བ་ལའང་ཆེས་གུས་པར་བྱས་པ་ཡིས་ཆོས་ཅན། ས་དང་པོ་ལ་གནས་པའི་བྱང་སེམས་ལ་གང་ཟག་ཕལ་ཆེ་བ་


GLG012_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣང་དུ་མི་རུང་བའི་ཡོན་ཏན་ཁྱད་པར་ཅན་དཔོག་པའི་རྒྱུར་ཡང་འགྱུར་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ལ། སྦྱིན་པས་འཁོར་བའི་བདེ་བ་འཐོབ་པ། སྦྱིན་པས་མྱང་འདས་ཀྱི་བདེ་བ་འཐོབ་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། གདུལ་བྱ་ལ་ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན་ཡོད་དེ། སྐྱེ་བོ་འདི་ཀུན་འཕོངས་པའི་སྡུག་བསྔལ་བ་ཕྱིར་བཅོས་པའི་བདེ་བ་མངོན་པར་འདོད་ཅིང་། མི་རྣམས་ཀྱི་བདེ་བའང་ལོངས་སྤྱོད་མེད་པར་འབྱུང་བ་མ་ཡིན་ལ། ལོངས་སྤྱོད་ཀྱང་ནི་སྔོན་སྦྱིན་པ་བཏང་བ་ལས་འབྱུང་བར་མཁྱེན་ཅིང་། ཐབས་དེ་བསྒྲུབ་པ་ཡང་ཆེས་སླ་བའི་ཕྱིར། སྦྱིན་པས་ལོངས་སྤྱོད་འབྱུང་བར་གཏོང་བ་པོ་ཚུལ་མཐུན་ཞིག་མི་དགོས་ཏེ། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་པའི་སེམས་དང་ལྡན་པ་ཅན། རང་དོན་མངོན་མཐོ་ཙམ་ལྷུར་ལེན་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་བ་སྦྱིན་པ་ལས་བྱུང་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་པས་མྱང་འདས་ཀྱི་བདེ་བ་བསྒྲུབ་སྟེ། རྟེན་དམན་པར་སྦྱིན་པ་གཏོང་བ་འདི་ཡང་སྦྱིན་པ་གཏོང་བའི་སྐབས་ཀྱི་དུས་ནམ་ཞིག་གི་ཚེ་འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་འཐོབ་ལ། དེ་ནས་དེས་ཆོས་བསྟན་པ་ཉམས་སུ་བླངས་པས་སྲིད་པ་འཁོར་བའི་རྒྱུན་ཡང་དག་པར་བཅད་པར་བྱས་ཏེ་འཕགས་པ་དང་ཕྲད་པ་དེའི་རྒྱུ་ཅན་གྱིས་ཞི་བ་ཉན་རང་གི་མྱང་འདས་སུ་འགྲོ་བར་འགྱུར་བའི་ཕྱིར། གསུམ་པ་ལ། བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པ་བསྟན་པ།


GLG012_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ། བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཇི་ལྟ་བུ་འཐོབ་པ་བསྟན་པ། བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་དཔྱད་པའོ། །དང་པོ་ནི། འགྲོ་བ་ལ་ཕན་པར་དམ་བཅས་པའི་ཡིད་ཅན་གྱི་བྱང་སེམས་རྣམས་ཆོས་ཅན། སྦྱིན་པ་གཏོང་བ་ལ་གུས་པའི་རྒྱུ་མཚན་ཡོད་དེ། སྦྱིན་པས་རིང་པོར་མི་ཐོགས་པར་ཕ་རོལ་པོ་ཡིད་ཚིམ་པར་མཐོང་བ་ན་སྦྱིན་འབྲས་དགའ་བ་མཆོག་ཏུ་གྱུར་པ་འཐོབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་ཉིད་གཙོ་བོར་གལ་ཆེ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བརྩེ་བའི་བདག་ཉིད་བྱང་སེམས་དང་། བརྩེ་བའི་བདག་ཉིད་བྱང་སེམས་མ་ཡིན་པ་གཉིས་ཀའི་མངོན་མཐོ་དང་ངེས་ལེགས་སྦྱིན་པས་འདྲེན་པ་དེའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ལུས་ལོངས་སྤྱོད་ཐམས་ཅད་བཏང་བས་སློང་མོ་བ་ཚིམ་པར་མཐོང་བ་ན་དེ་ལ་ཉན་རང་ཞི་བདེར་ཞུགས་པ་ལས་ལྷག་པའི་བདེ་བ་འབྱུང་བ་ལྟ་ཞིག་སྨོས་ཅི་ཞིག་དགོས་ཏེ་མི་དགོས་ཏེ། ཇི་ལྟར་བྱིན་ཅིག་ཅེས་པའི་སྒྲ་ཐོས་པའི་དོན་བསམས་པ་ལས། རང་ལ་སློང་བ་གོ་བ་ན་རྒྱལ་སྲས་དེ་ལ་བདེ་བ་འབྱུང་བ་དེ་ལྟ་ནི་ཐུབ་པ་ཉན་རང་དགྲ་བཅོམ་པ་རྣམས་ལ་ཞི་བར་ཞུགས་པས་བདེ་བ་དེ་ལྟ་བུ་སྐྱེད་པར་བྱེད་པ་མིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། བྱང་འཕགས་རྣམས་ལུས་གཏོང་བ་ལ་སྡུག་བསྔལ་མེད་ཀྱང་སོ་སྐྱེ་རྣམས་སྡུག་བསྔལ་ཡོད་བཞིན་དུ་འཇུག་སྟེ། རང་གི་ལུས་བཅད་ནས་སྟེར་བའི་སྡུག་བསྔལ་གྱིས་སེམས་ཅན་གཞན་དག་རྣམས་


GLG012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རང་གིས་རིག་ཅིང་ཉམས་སུ་མྱོང་བ་ཉིད་དུ་མཐོང་ནས་ནི་སྡུག་བསྔལ་དེ་བཅད་པར་བྱ་བའི་ཕྱིར་དུ་མྱུར་དུ་བརྩོན་འགྲུས་རྩོམ་པར་འགྱུར་བའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་ལ་དབྱེ་ན་གཉིས་སུ་ཡོད་དེ། སྦྱིན་བྱ་དང་། ལེན་པོ་དང་། གཏོང་བ་པོ་གསུམ་པོ་རང་བཞིན་གྱིས་གྲུབ་པས་སྟོངས་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དེ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། སྦྱིན་པའི་འཁོར་གསུམ་པོ་དག་ལ་བདེན་པར་ཆགས་པ་སྐྱེས་པར་གྱུར་པས་བཅིངས་པའི་སྦྱིན་པ་དེ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའི་ཕྱིར། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐད་དོད་དུ། དཱ་ན་པཱ་ར་མི་ཏཿཞེས་པ། ཌུ་ད་ན་སྦྱིན་པ་ལའོ་ཞེས་པའི་བྱིངས་ལ་ཌུ་ཨ་རྗེས་འབྲེལ། པ་ད་རུ་ཛ་བི་ཤ་སྒྲི་ཤ་ཨུ་ཙ་རྣམས་ཀྱི་གྷཉ་འོ། །པྲའི་བརྟན་པ་དང་ནད་དག་ལའོ། །དངོས་པོ་ལའོ། །ཞེས་པས་གྷཉའི་རྐྱེན་བྱིན། ཉ་རྗེས་འབྲེལ་གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨི་ཙ་བཞིན་དུའོ་འཕེལ་བ་བྱས། ཙ་ཛ་དག་གི་དྷུཌཱ་གྷ་རྗེས་སུ་འབྲེལ་པ་ལ་ཀ་ག་དག་གོ་ཞེས་པས་གྷ་ཕྱིས། ཨ་བཞག་གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲངས། ཡང་ན་པྲཱྀ་སྐྱོང་བ་ལའོ་ཞེས་པའི་བྱིངས་ལ་སྔར་བཞིན་གྷ་ཉའི་རྐྱེན་དང་འཕེལ་བ་བྱས་པས་པཱ་ར་ཞེས་པ་འགྲུབ། དེ་ལ་ལས་སུ་བྱ་བའི་དོན་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན། ཨ་ཡིག་ལ་དབྱིའོ་ཞེས་པས་རྟགས་མཐའི་སྲོག་གི་ཨ་ཕྱིས་མཚམས་སྦྱར། ཨི་ཎ་འགྲོ་བའི་བྱིངས་ལ་དང་པོའི་ལས་


GLG012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་པོ་ལའང་ཀྟའོ་ཞེས་པས་ཀྟའི་རྐྱེན་བྱིན། ཀ་རྗེས་འབྲེལ་ཨི་ཏ་ཞེས་པ་འགྲུབ། པཱ་ར་མ་དང་ཨི་ཏ་མཚམས་སྦྱར་བས་པཱ་ར་མི་ཏ་ཞེས་པའི་མཐར། ཙནྡྲ་པ་ལྟར་ན་སུ་དང་། ཀ་ལཱ་པ་ལྟར་ན་སི་བྱིན་ནས་རྣམ་བཅད་བྱས་པས་གྲུབ་འབྲས་ལ་ཁྱད་པར་མེད། ཏ་རིང་པོར་བྱས་ན་བུད་མེད་ལ་ཨ་ལས་ཨཱ་པ་ཞེས་པས་ཨཱ་པ་བྱིན་པའི་ཤུལ་དུ་འགྲོ་བས། བོད་སྐད་དུ་ཕ་རོལ་ཏུ་ཕྱིན་མ་ཞེས་པ་འབྱུང་ལ། དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་བྱིན་ཀྱང་། ཐུང་དུ་ནཱ་རཱི་ཤདྡྷཱ་ལས་སི་དབྱིའོ། །ཞེས་པས་རྣམ་བཅད་མངོན་པ་མ་ཡིན་ནོ། །འདི་ཡང་རིག་པའི་གནས་དུ་མ་ལ་མཁྱེན་པའི་སྤྱན་ཡངས་པ་རྣམས་ཀྱི་དགྱེས་པ་བསྐྱེད་པའི་རོལ་མོར་འབུལ་གྱི། ཕལ་ཆེར་ལ་ཕན་པར་དཀའ་ཡང་། རྗེ་བཙུན་ས་པཎ་གྱིས། ཙུ་ཏིའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་རྩི། །ཞེས་པ་ལྟར། རང་ཉིད་ཀྱིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་སྡང་སྨྲ་མི་མཛད་པ་ཞུ། །གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། ས་དང་པོ་རབ་ཏུ་དགའ་བ་ནི་ཆོས་ཅན། ནོར་བུ་ཆུ་ཤེལ་ཟླ་བ་ཇི་ལྟ་བ་བཞིན་དུ་གནས་ཏེ། ཟླ་བ་དེ་ནམ་མཁའ་མཐོན་པོ་ལ་གནས་ཤིང་རང་གང་ལ་གནས་པའི་ནམ་མཁའ་འོད་དཀར་པོས་མཛེས་པར་བྱེད་པ་དང་། མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་གནས་པ་དེ་བཞིན་དུ་སྔར་བཤད་པ་དེ་ལྟར་ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་ཏུ་གནས་ཤིང་། རང་གི་དམ་པའ་ིརྟེན་ས་དང་པོ་བའི་ཡིད་ལ་ཡེ་ཤེས་ཀྱི་འོད་ཆགས་པ་མཛེས་པ་རྙེད་པར་གྱུར་པ་དང་མཐོང་སྤང་ལས་རྒྱལ་བ་ཡིན་པའི་ཕྱིར། ཤེས་
བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་དང་པོ་གཏན་ལ་ཕབ་པ་ཡིན་ཏེ། ས་དང་པོའི་ཡོན་ཏན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། མཁྱེན་པའི་ཆུ་སྐྱེས་རྣམ་པར་རྒོད་པའི་ཟེའུ་འབྲུ་ལས། །ཞིབ་ཅིང་ཆེས་ཕྲ་ལེགས་པར་བཤད་པའི་སྦྲང་རྩིའི་བཅུད། །བློ་གསལ་བུང་བའི་དགའ་སྟོན་དཔལ་དུ་སྟེར་མཛད་པའི། །འཇམ་མགོན་བླ་མ་ཉིན་མོར་བྱེད་པའི་ཞལ་ལུང་ལས། །ཅུང་ཟད་ཐོས་པའི་དགོངས་འགྲེལ་འོད་ཟེར་གྱིས། །ལོག་སྨྲའི་སྲིན་བུ་མེ་ཁྱེར་གཞོམ་པ་དང་། །སྐལ་བཟང་བློ་ཡི་སྣང་བ་ཆེར་རྒྱས་པ། །ཅིག་ཅར་འགྲུབ་པའི་ཟློས་གར་འདི་ན་བསྟན། །རང་ཉིད་སོ་སྐྱེའི་གོ་འཕང་ལ་གནས་ཀྱང་། །རྒྱལ་སྲས་འཕགས་པའི་སྤྱོད་ཚུལ་མ་ལུས་པ། །རྒྱུས་ལྡན་བཞིན་དུ་ཞིབ་མོར་བཤད་པ་ན། །འཇིག་རྟེན་བྱེད་པོ་གཟུགས་ཁམས་གནས་སུ་བྲོས། །ས་ཆེན་མ་ལུས་རབ་གཡོ་ཞིང་། །ས་ནས་སར་གནོན་བྱེད་པ་ཡི། །ས་མཆོག་རབ་དགའ་བཤད་པའི་དགེས། །ས་དེར་འགྲོ་ཀུན་བགྲོད་གྱུར་ཅིག །བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས། སེམས་བསྐྱེད་པ་དང་པོའི་ཚིག་དོན་སྤྱི་དོན་མཐའ་དཔྱོད་རྣམས་བཤད་ཟིན་ཏོ། །


previousརིང་སོང་དང་རིགས་པ་གསུམ་བཤད་པ།next