Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

125 occurrences of གཙང་
[Clear Hits]


  
  
 
 
 
  
 
  
 
 
 
 
 
  
 
 
ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད།
 
 
 
  
 
  
  
  
  
expand section
  
 
 
 
 
65   


125 occurrences of གཙང་
[Clear Hits]

 
previousལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད།next

ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད།


GTD008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད་སྙན་པའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ། །བཀྲ་ཤིས་དགེ་མཚན་མེ་ཏོག་ཆར་འབེབས་པ། །འཇམ་དབྱངས་ཞི་ཁྲོ་དགྱེས་བཞད་རྡོ་རྗེ་སོགས། །བླ་མ་ཡི་དམ་མཆོག་གསུམ་བཅས་པ་ཡིས། །འབྲལ་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །དེའང་དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་མཐུ་རྩལ་དྲེགས་པའི་མངའ་བདག་གཉན་རྗེ་གུང་སྔོན་གྱི་གསོལ་མཆོད་ལག་དུ་བསྟར་བར་འདོད་པས་དཀར་གསུམ་མངར་གསུམ་དྲི་བཟང་པོའི་ཤིང་དང་སྨན་སྣ་བརྒྱ་ཕྲག་སྦྱར་བའི་བསང་རྫས་དཀར་གཏོར་སོགས་འདུ་བྱས་ལ་སྐྱབས་སེམས་སྔོན་དུ་བཏང། རང་ཉིད་རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་གྱི་ང་རྒྱལ་ལ་


GTD008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་མཆོད་གཏོར་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ཟག་པ་མེད་པའི་མཆོད་གཏོར་དམ་རྫས་སྤྱན་གཟིགས་སོགས་ས་དང་བར་སྣང་ནམ་མཁའི་ཁྱོན་ཡོངས་སུ་གང་བ་ལྷ་གཉན་འཁོར་བཅས་དགྱེས་པར་བྱེད་པའི་མཐུ་དང་ལྡན་པར་གྱུར། ཨོཾ་སརྦྦ་བིད་པཱུ་ར་པཱུ་ར་ཞེས་སོགས་དང༌། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། བདག་གི་བསམ་པའི་ཞེས་སོགས་ཀྱིས་བདེན་སྟོབས་བརྗོད། ན་མོ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་ཆོས་དབྱིངས་རྣམ་པར་དག་ཅིང་རྟེན་འབྱུང་བསླུ་བ་མེད་པའི་བདེན་པའི་མཐུ་ལས་ཇི་ལྟར་བརྗོད་པ་བཞིན་དུ་གྲུབ་པར་གྱུར་པ་ནི། མཐོ་ཞིང་མཛེས་ལ་བརྟན་ཅིང་བརྗིད་ཆགས་པའི་རི་རྒྱལ་ལྷུན་པོ་རྩེ་མོ་དགུང་སྔོན་གནམ་ལ་བསྙེགས་ཤིང་རྩ་བ་དབང་ཆེན་གཞི་ལ་ཟུག་པ། སྟེང་ན་གཡུ་འབྲུག་སྔོན་མོ་ལྡིར་བ། བར་ན་སྦྲང་ཆར་ཟིམ་བུ་འབབ་པ། འདབས་ན་རྩི་ཤིང་ལོ་འབྲས་སྨིན་པ། ཁོར་ཡུག་རི་བྲན་སྟོང་གིས་བསྐོར་བའི་ནང་དུ་རང་སྣང་དག་པ་ལྷའི་གཞལ་མེད་ཁང་ཆེན་པོ་ཤེལ་གྱི་རྩིག་པས་བསྐོར་ཞིང་ཀ་བ་བརྒྱ་དང་ལྡན་པ། མུ་ཏིག་གི་དོ་ཤལ་དང་གསེར་གཡུའི་རྒྱ་ཕིབས་སོགས་རྒྱན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་ན་ཅང་ཤེས་གཡུ་རྔོག་སྤྲིན་གྱི་ཤུགས་ཅན་ནོར་བུའི་སྒ་སྲབ་སྤྲད་པའི་སྟེང་དུ་སྣང་སྲིད་དྲེགས་པའི་རྒྱལ་པོ་གཉན་རྗེ་གུང་སྔོན་ནམ་མཁའི་མདངས་དང་ལྡན་ཞིང་ཉི་མ་བྱེ་བའི་གཟི་བྱིན་འབར་བ། ཕྱག་གཡས་དར་མདུང་ལྕེ་བརྒྱད་དགུང་ལ་འཕྱུར་ཞིང༌། གཡོན་གྱིས་འདོད་འཇོའི་བུམ་བཟང་ཐུགས་ཀར་འཛིན་པ། སྐུ་ལ་དར་དཀར་གྱི་རལ་གུ་དང་


GTD008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཁྲབ་གསེར་ཞོལ་མནབས་ཤིང༌། དབུ་ལ་མུ་མེན་གྱི་རྨོག་མོ་གསོལ་བ། གཡས་ན་སྟག་རལ་མདའ་མོས་གང་བ་དང༌། གཡོན་ན་གཟིག་ཤུབས་གནམ་རུས་བརྒྱན་པ། ཞབས་ལ་སག་ལྷམ་གསོལ་ཞིང་དགྱེས་འཛུམ་བཅོ་ལྔའི་ཟླ་བ་ལྟར་རྒྱས་པ། མདུན་དུ་ཡུམ་ཆེན་གཡུ་སྒྲོན་དཀར་མོ་མདའ་དར་མེ་ལོང་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན་ཡུ་མོ་ལ་བཅིབས་པ། སྲས་སྨོན་པ་དོན་གྲུབ་ཟླ་ཤེལ་ལྟར་མཛེས་ཤིང་དར་སྔོན་པོའི་ན་བཟའ་ཅན་ཕྱག་གཉིས་བུམ་བཟང་བསྣམས་ཤིང་རྟ་མཆོག་ངང་དཀར་ལ་བཅིབས་པ། ལྕམ་གངས་ཀྱི་ཡུམ་ཆེན་ཀུན་བཟང་མ་དམར་མོ་སེང་གེ་ལ་བཅིབས་ཤིང་ཚེ་བུམ་འཛིན་པ། གཡས་ཀྱི་བློན་པོ་སྤེན་དཀར་བསེ་ཁྲབ་གྱོན་པ་མི་དམར་རྟ་དམར་བཙན་མདུང་དམར་པོ་འཛིན་པ། རྒྱབ་ཀྱི་མ་ཞིང་ཁྱུང་རྩེ་སྐུ་མདོག་དཀར་པོ་རྟ་མཆོག་དུང་གི་མདོག་ཅན་བཅིབས་ཤིང་དར་མདུང་ཁྲ་བོ་འཕྱར་བ། གཡོན་ན་ཉེ་གནས་ལྕང་དཀར་གསེར་གཞོང་རིན་པོ་ཆེས་བཀང་བ་བཟུང་སྟེ་བཞེངས་པ་གཞན་ཡང་གཉན་དམག་བརྒྱད་ཁྲི་བཞི་སྟོང༌། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད། སྨན་མོའི་ཚོགས་དང་བཅས་པ་ཐམས་ཅད་མཆོག་གསུམ་བདེན་པས་བསྐུལ་ཞིང༌། མངོན་ཤེས་སྤྱན་གྱིས་གཟིགས་ནས་དགྱེས་བཞིན་མགྲོན་དུ་བྱོན་པར་གྱུར། ཀྱཻ། འཛམ་གླིང་གསེར་ལྡན་ཡངས་པའི་དཀྱིལ་འཁོར་ན༷། །གངས་ཅན་མདོ་སྨད་ནོར་འཛིན་ཐིག་ལེ་ན༷། །དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ལྷོ་སྟོད་ན༷། །རོང་ཁམས་ཀུན་གྱི་ས་ཡི་གོང་བ་ན༷། །མི་ནོར་ཕྱུགས་གསུམ་བདེ་སྐྱིད་འཛོམ་པའི་ས༷། །


GTD008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་དགེ་བཅུ་ཚང་བའི་ཡུལ་གྱི་དབུས། །དབུས་རི་སྲ་བརྟན་ལྷུན་ཆགས་བརྗིད་ཅིང་མཐོ། །མཐོ་ཁྱད་རྩེ་མོ་ཉི་ཟླའི་དབྱིངས་སུ་བསྙེགས། །འཇའ་ཆེན་སྤྲིན་དང་ན་བུན་སྟོད་གཡོགས་ཅན། །གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིར་རི་རི། །རྐེད་སྐབས་རི་སུལ་དར་གྱི་ཤམ་བུས་མཛེས། །འདབ་ཆགས་གཅན་གཟན་སྣ་ཚོགས་འདོད་དགུར་འཕྱོ། །རྩ་བར་ཆུ་མིག་རྩི་ཤིང་ཕུན་སུམ་ཚོགས། །མི་ཕྱུགས་ཐམས་ཅད་དགའ་སྐྱིད་རྩེད་འཇོས་གཡེང༌། །ཕྱི་བལྟས་རི་བོ་ནང་བལྟས་གཞལ་མེད་ཁང༌། །སུམ་རྩེན་ལྷ་ཡི་འབྱོར་བ་མ་ཚང་མེད། །དཔའ་བོ་འབུམ་གྱི་རྟ་རྒྱུག་འུར་རུ་རུ། །སྨན་མོ་འབུམ་གྱི་གླུ་སྙན་སིལ་ལི་ལི། །ནོར་བུའི་གཟི་འབར་གསེར་གྱི་རྒྱལ་མཚན་བསྒྲེང༌། །འབྱོར་བའི་གཡང་ཆགས་བཙན་པོའི་སྐུ་མཁར་ན། །བཞུགས་པ་གཉན་གྱི་རྗེ་བོ་འཁོར་དང་བཅས། །སྤྱན་འདྲེན་མཆོད་དོ་དེ་རིང་གནས་འདིར་བྱོན། །ལྷ་ཆེན་གཉན་རྗེ་གུང་སྔོན་གནས་འདིར་བྱོན། །ཡུམ་ཆེན་གཡུ་སྒྲོན་དཀར་མོ་གནས་འདིར་བྱོན། །སྲས་པོ་སྨོན་པ་དོན་གྲུབ་གནས་༝། །ལྕམ་མོ་ཀུན་ཏུ་བཟང་མོ་༝། །གཡས་ཀྱི་བློན་པོ་སྤེན་དཀར་༝། །རྒྱབ་ཀྱི་མ་ཞིང་ཁྱུང་རྩེ་༝། །གཡོན་གྱི་ཉེ་གནས་ལྕང་དཀར་༝། །གཉན་དམག་བྱེ་བ་ཕྲག་བརྒྱ་༝། །ལྷ་ཀླུ་སྨན་མོའི་ཚོགས་ཀུན་གནས་འདིར་བྱོན། །བྱོན་ནས་རང་རང་དགྱེས་པའི་གདན་ལ་བཞུགས། ཀྱཻ། མཆོག་གསུམ་ཐུགས་རྗེའི་ནམ་མཁའ་ཡངས་པ་ལ། །རྫས་སྔགས་ཏིང་འཛིན་འབྱུང་བ་ལྔ་ཚོགས་པས། །ཡིད་འཕྲོག་མཆོད་པའི་འཇའ་སྤྲིན་འཁྲིགས་པ་འདིས། །ལྷ་ཆེན་འཁོར་བཅས་དགྱེས་


GTD008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེད་གྱུར་ཅིག །དཀར་གསུམ་བདུད་རྩིའི་མཆོད་ཡོན་མཚོ་རུ་འཁྱིལ། །བསུང་ཞིམ་མེ་ཏོག་སིལ་མས་ས་སྟེང་ཁྱབ། །མངར་གསུམ་བཟའ་བཅའ་གཏོར་མ་རི་བཞིན་སྤུངས། །སྙན་འགྱུར་རོལ་མོས་བར་སྣང་གང་བ་འདིས། །ལྷ་ཆེན་གཉན་རྗེ་གུང་སྔོན་ཐུགས་དམ་བསྐང༌། །ཡུམ་ཆེན་གཡུ་སྒྲོན་དཀར་མོའི་ཐུགས་དམ་བསྐང༌། །སྲས་པོ་སྨོན་པ་དོན་གྲུབ་ཐུགས་༝། །ལྕམ་མོ་ཀུན་ཏུ་བཟང་མོའི་༝། །གཡས་ཀྱི་བློན་པོ་སྤེན་དཀར་༝། །རྒྱབ་ཀྱི་མ་ཞིང་ཁྱུང་རྩེའི་༝། །གཡོན་གྱི་ཉེ་གནས་ལྕང་དཀར་༝། །གཉན་དམག་བྱེ་བ་ཕྲག་བརྒྱའི་༝། །ལྷ་ཀླུ་སྨན་མོའི་ཚོགས་ཀྱི་ཐུགས་དམ་བསྐང༌། །ཉམས་ཆག་ཉེས་པ་ཐམས་ཅད་དབྱིངས་སུ་སྦྱོངས། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །གཟུགས་བཟང་མདོག་ལེགས་འགྲོས་མགྱོགས་གྱི་ལིང་རྟ། །རྔམ་འཇིགས་སྒྲ་སྒྲོགས་ཞོལ་ཕོ་ཞོལ་མོའི་ཚོགས། །ཤ་རྒྱས་གཡང་མོ་ལུག་དང་ཚེ་ཚེ་ར། །སྒོ་ཁྱི་སྟག་གཟིག་གཅན་གཟན་སྣ་ཚོགས་ཀྱིས། །ལྷ་ཆེན་གཉན་རྗེ༌༝༝༝གྲུབ་པར་མཛོད། །གོ་བེམ་ཁྲབ་རྨོག་རྫ་རི་བཞིན་དུ་བསྙིལ། །རྣོ་ངར་རུ་མཚོན་ནགས་ཀྱི་ཚལ་བཞིན་བསྒྲེངས། །གདུགས་དང་རྒྱལ་མཚན་འཇའ་ཚོན་བཞིན་དུ་བཤམས། །ཇ་ཕུད་ཆང་ཕུད་རྒྱ་མཚོ་བཞིན་འཁྱིལ་བས། །ལྷ་ཆེན་སོགས་འགྲེ། སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ་ལ་སོགས། །ནས་དཀར་previous hit གཙང next hit་མའི་ཟན་དང་སྦྱར་བ་ཡི། །གཏོར་མ་ཁ་དོག་དྲི་རོ་ཕུན་ཚོགས་ཤིང༌། །ཟག་མེད་བདུད་རྩིར་བྱིན་གྱིས་བརླབས་པ་འདིས། །ལྷ་ཆེན༌༝༝༝། །ལྷ་མདའ་ཚིགས་


GTD008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་རྒོད་ཆེན་སྒྲོ་ཡིས་བརྒྱན། །རྣོ་ངར་མི་བཟད་གནམ་ལྕགས་མདེའུ་ཅན། །སྣང་སྲིད་གསལ་བའི་མེ་ལོང་མགུལ་དུ་བཏགས། །མཛེས་པའི་དར་ཚོན་སྣ་ལྔས་སྤུད་པ་འདིས། །ལྷ་ཆེན་༝༝༝། །གསེར་གཡུ་དར་ཟབ་མཁོ་དགུའི་བང་མཛོད་དང། །ནོར་བུའི་རྒྱན་ཕྲེང་ལྷ་རྫས་ན་བཟའི་ཚོགས། །འདོད་ཡོན་རྣམ་ལྔ་བཀྲ་ཤིས་རྟགས་རྫས་བརྒྱད། །སྤྱན་གཟིགས་དཀོར་ནོར་མ་ཚང་མེད་པ་འདིས། །ལྷ་ཆེན་༝༝༝། །བཟང་དྲུག་ཙནྡན་དཀར་དམར་ཨ་ཀ་རུ། །ལྷ་ཤུག་མཁན་པ་བ་ལུ་སུ་ལུ་སོགས། །བསང་ཤིང་སྣ་ཚོགས་ཕྱེ་མར་ཟས་སྣ་ཀུན། །བསྲེགས་པའི་དུད་སྤྲིན་ནམ་མཁའ་གང་བ་འདིས། །ལྷ་ཆེན་མཉན་རྗེ་གུང་སྔོན་ཐུགས་དམ་བསྐང༌། །ཞེས་པ་ནས། མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །previous hit གཙང next hit་ཞིང་previous hit གཙང next hit་མར་སྦྱར་བའི་བསང་མཆོད་ཀྱི། །དྲི་ངད་བསུང་ཞིམ་ཕྱོགས་བརྒྱར་འཐུལ་བ་ཡིས། །དམེ་འཁོན་བྱིན་ལ་རོ་གྲིབ་ཡུགས་གྲིབ་སོགས། །ཉམས་གྲིབ་བཙོག་གྲིབ་ཐམས་ཅད་སྦྱོང་གྱུར་ཅིག །ས་གཉན་རྐོ་ཞིང་ཆུ་གཉན་དཀྲུག་པ་དང༌། །ཤིང་གཉན་བཅད་པ་ཐམས་ཅད་བསང་གིས་བསངས། །རྒྱུན་གྱི་བསང་གསོལ་ཚེ་ཐར་ཆག་པ་དང༌། །ཐབ་གཞོབ་ནོངས་པ་གང་བགྱིས་བསང་གིས་བསངས། །མདོར་ན་སྒོ་གསུམ་ཉེས་པས་ལྷ་མནོལ་ཏེ། །འཐིབ་ཅིང་རྨུག་པ་ཐམས་ཅད་བསང་གིས་བསངས། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང༌། །འབྱམས་ཀླས་འཇིགས་པ་ཀུན་དང་བྲལ་སོགས་ཀྱི། །ཐུགས་རྗེས་བསང་མཆོད་མཁོ་དགུའི་ལོངས་སྤྱོད་ཀུན། །མ་ཚང་མེད་པའི་རྣམ་པར་ཤར་བ་ཡིས། །ལྷ་གཉན་འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ཏེ། །མཐུན་


GTD008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དངོས་གྲུབ་ཆར་བཞིན་དབབ་གྱུར་ཅིག །ཀྱཻ། ཡུལ་གྱི་ལྷ་གཉན་ཆེན་པོ་འཁོར་དང་བཅས། །མཐུན་པའི་བསང་དང་མཆོད་གཏོར་འདི་བཞེས་ལ། །མངོན་ཤེས་སྒྲིབ་པ་མེད་པའི་སྤྱན་བགྲད་དེ། །མཐུ་སྟོབས་ཐོགས་པ་མེད་པའི་དཔུང་སྐྱེད་ལ། །བསྟན་འགྲོ་ཡོངས་ལ་གནོད་པའི་སྤྱི་དགྲ་ཟློག །ཡོན་མཆོད་རྣམས་ལ་འཚེ་བའི་སྒོས་དགྲ་ཟློག །ཕ་རོལ་གདུག་པའི་བསམ་སྦྱོར་ངན་པ་༝། །བན་བོན་སྔགས་པའི་མནན་གཏད་ཕུར་ཁ་༝། །ཁ་རྗེ་དབང་ཐང་རླུང་རྟ་རྒུད་པ་༝། །ལོ་སྐག་ཟླ་སྐག་ཞག་སྐག་ཐམས་ཅད་༝། །བདུན་ཟུར་དྲུག་ཁྲམ་འབྱུང་བའི་བཞི་གཤེད་༝། །ཕ་ཁུ་རྒས་སུ་མི་འཇུག་ཆེ་སྲི་༝། །བུ་ཚ་ཚར་དུ་མི་འཇུག་ཆུང་སྲི་༝། །མཚོན་སྲིས་རྨས་ཤིང་ཆུ་སྲིས་ཁྱེར་བ་༝། །ལྕེབ་སྲིས་འཕྱོ་ཞིང་ཕུང་སྲིས་དཀྲུགས་པ་༝། །རྒྱུ་ཟོག་འཕེལ་ཁར་ཉམས་པའི་གོད་སྲི་༝། །བསམ་པའི་དོན་ལ་འཚེ་བའི་དགྲ་སྲི་༝། །དོན་མེད་དགྲ་ཡི་ཁ་སྨྲས་ལྡང་བ་༝། །ཉིན་གྱི་ཇག་ཁ་མཚན་གྱི་རྐུན་ཁ་༝། །བརྒྱ་སྡེའི་མི་ཁ་ཉེ་དུའི་བྱོལ་ཁ་༝། །བཟའ་ཚང་བྱེ་བྲལ་ཕུ་ནུའི་ནང་འཁྲུག་༝། །མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་༝། །ཚ་གྲང་རྔོ་སོགས་རྟ་ནད་ཐམས་ཅད་༝། །གློ་གོར་ལྷོག་པ་ནོར་ནད་ཐམས་ཅད་༝། །ཨོལ་འགག་འབུ་སོགས་ལུག་ནད་ཐམས་ཅད་༝། །རླུང་མཁྲིས་བད་ཀན་མི་ནད་ཐམས་ཅད་༝། །ལྟག་པའི་བདུད་གཅོད་གདོང་གི་མདངས་འཕྲོག་༝། །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་༝། །བགེགས་རིགས་བརྒྱད་ཁྲི་གདོན་རིགས་སུམ་བརྒྱ་༝། །དེ་སྙད་སྐྲག་ཅིང་དངངས་པའི་ཡེ་འབྲོག་༝། །ཐོག་སེར་


GTD008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བདུད་བཙན་གྱི་གནོད་པ་༝། །རྨི་ལམ་ངན་དང་མཚན་ལྟས་ངན་པ་༝། །གཟའ་སྐར་ངན་དང་དུས་སྦྱོར་ངན་པ་༝། །མདོར་ན་མི་འདོད་ཉེར་འཚེ་ཐམས་ཅད་ཟློག །བཟློག་གོ་སྡང་བར་བྱེད་བའི་དགྲ་ལ་བཟློག །བསྒྱུར་རོ་གནོད་པར་བྱེད་པའི་བགེགས་ལ་བསྒྱུར། །མཐུན་པའི་དངོས་གྲུབ་མ་ལུས་པ། །ཞེས་པ་ནས། རྒྱས་པར་མཛོད་ཅིག་ཡུལ་ལྷའི་ཚོགས། །ཀྱཻ། མཚོ་སྐྱེས་རྡོ་རྗེ་རྒྱལ་བ་ཙོང་ཁ་པ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བཀའ་བསྒོས་བཞིན། །དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་ཁྱོད་ལ་བསྟོད། །གངས་སེང་དཀར་མོ་བཞིན་དུ་སྟོབས་རྩལ་རྒྱ༷ས། །ནགས་ཀྱི་རྒྱ་སྟག་བཞིན་དུ་བཀྲག་མདངས་རྒྱ༷ས། །གཡུ་འབྲུག་སྔོན་མོ་བཞིན་དུ་སྙན་གྲགས་རྒྱ༷ས། །དཀར་ཕྱོགས་༝། །ནམ་མཁའི་ཉི་ཟླ་བཞིན་དུ་གཟི་མདངས་གསལ། །གློག་དམར་ཞགས་པ་བཞིན་དུ་མཐུ་རྩལ་མྱུར། །གནམ་ལྕགས་ཐོག་མདའ་བཞིན་དུ་དྲག་རྩལ་ཆེ། །དཀར་ཕྱོགས་༝། །རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་ཅིང་བརྗིད། །ལྷ་དབང་བརྒྱ་བྱིན་བཞིན་དུ་མངའ་ཐང་རྒྱས། །ཡིད་བཞིན་ནོར་བུ་བཞིན་དུ་དགོས་འདོད་སྩོལ། །དཀར་ཕྱོགས་༝། །ཡུལ་གྱི་ལྷ་ཆེན་དཔག་བསམ་ལྗོན་ཤིང་འདྲ། །ངེད་ཅག་ཡུལ་མི་ཤིང་གི་ལོ་འདབ་ཡིན། །ཡུལ་གྱི་ལྷ་ཆེན་ཡིད་བཞིན་རྒྱ་མཚོ་འདྲ། །ངེད་ཅག་ཡུལ་མི་མཚོ་ཡི་ཉ་མོ་ཡིན། །ཡུལ་གྱི་ལྷ་ཆེན་དགུང་སྔོན་ནམ་མཁའ་འདྲ། །ངེད་ཅག་ཡུལ་མི་ནམ་མཁའི་རྒྱུ་སྐར་ཡིན། །ཡུལ་གྱི་ལྷ་ཆེན་རི་བོ་སྤོ་མཐོ་འདྲ། །ངེད་ཅག་ཡུལ་མི་རི་ཡི་རྩི་ཤིང་ཡིན། །ཡུལ་མིའི་བདེ་སྐྱིད་ཡུལ་གྱི་ལྷ་ལ་ཐུག །ཡུལ་ལྷའི་ཐུགས་རྗེ་སྐུལ་


GTD008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བསང་མཆོད་ཡིན། །དེ་རིང་བསང་མཆོད་རྒྱ་མཚོ་འདི་འབུལ་ན། །མཐུ་རྩལ་དུས་ལ་བབ་ཀྱི་མཐུ་མ་ཆུང༌། །མདའ་དར་གཡབ་མོ་གཡབ་བོ་སྤྱན་མ་རྟུལ། །ལྷང་ལྷང་ལན་གསུམ་འབོད་དོ་སྙན་མ་སྲ། །མྱུར་མགྱོགས་ལས་ལ་སྐུལ་ལོ་བང་མ་ཞན། །མི་ནོར་ཟས་གསུམ་དར་ཞིང་རྒྱས་པར་མཛོད། །བདེ་སྐྱིད་སྙན་གསུམ་འཕེལ་ཞིང་བརྟན་པར་མཛོད། །མགོན་སྐྱབས་དཔུང་གཉེན་ཁ་འཛིན་རྒྱབ་རྟེན་མཛོད། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །ཚེ་དང་བསོད་ནམས་རླུང་རྟ་དར་བར་མཛོད། །མངའ་ཐང་རིགས་རྒྱུད་སྙན་གྲགས་རྒྱས་པར་མཛོད། །གཞིས་སུ་ཆོས་སྲིད་ལེགས་ཚོགས་འདུ་བར་མཛོད། །ལམ་དུ་འཇིགས་སྒྲོལ་བསུ་ཞིང་སྐྱེལ་བར་མཛོད། །བྱེས་སུ་བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །མི་ཕྱུགས་ནད་དང་གོད་ཁ་ཞི་བར་མཛོད། །ཡུལ་ལ་གཡང་ཆགས་ཟས་ལ་རོ་བཅུད་འདུས། །གོས་ལ་བཀྲག་འཁོར་ལུས་ལ་གཟི་མདངས་རྒྱས། །ཚེ་ལ་གཡུང་དྲུང་སེམས་ལ་དགེ་བློ་སྐྱེས། །འདི་ཕྱིའི་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་བཀྲ་ཤིས་ཉི་ཟླའི་འོད་སྟོང་གསལ། །དགེ་ལེགས་སྣང་བས་ས་གསུམ་འཇིག་རྟེན་ཁྱབ། །ནད་མུག་འཁྲུག་རྩོད་མུན་པའི་ཚོགས་ཞི་ནས། །དགའ་སྐྱིད་གླུ་དབྱངས་སྲིད་རྩེར་སྒྲོག་གྱུར་ཅིག །ཡིག་བརྒྱ་ལན་གསུམ་བརྗོད་པས་བསང་མཆོད་དམན་ཞིང་previous hit གཙང next hit་སྦྲ་མ་ཐོན་པ་སོགས་ཉེས་པ་རྣམས་བྱང་བར་བསམས་ལ། མགྲོན་རྣམས་དགྱེས་བཞིན་རང་གནས་སུ་གཤེགས་པར་གྱུར་པར་མོས་ཏེ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཚེ་


GTD008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་གཏོང་ན་བསྐང་བའི་འཕྲོར། རྟ་ནོར་སོགས་ཚེ་ཐར་གཏོང་རྒྱུ་དེ་ལ་དར་ཚོན་previous hit གཙང next hit་མས་བརྒྱན། དཔྲལ་བར་མར་བྱུགས། previous hit གཙང next hit་སྦྲ་བྱས་ཏེ་བསང་གི་མཐར་གཡས་སྐོར་དུ་འཁྲིད་ཅིང༌། རྟ་ལ། ཡུལ་གྱི་ལྷ་ཆེན་སྙིང་རྗེའི་བདག་ཉིད་ཅན། །ཁྱེད་རྣམས་འགྲོ་བའི་ཚེ་སྲོག་སྐྱོབ་ལ་དགྱེས། །སྤྲིན་གྱི་ཤུགས་འཆང་ཅང་ཤེས་རྟ་མཆོག་འདི། །ལྷ་ཆེན་གཉན་རྗེ་གུང་སྔོན་རྟེན་དུ་འཛུག །ཡུམ་ཆེན་གཡུ་སྒྲོན་དཀར་མོའི་རྟེན་དུ་འཛུག །ཅེས་པ་ནས། ལྷ་ཀླུ་སྨན་མོའི་ཚོགས་ཀྱི་རྟེན་དུ་འཛུག །རྟེན་ལས་མ་འདའ་འབེམ་ལས་མ་གཡོ་བར། །རབ་ཏུ་དགྱེས་པས་མཐུ་དང་དཔུང་སྐྱེད་དེ། །ནག་ཕྱོགས་དགྲ་སྡེའི་གཡུལ་ལས་རྒྱལ་བ་དང༌། །ཡོན་མཆོད་མཐའ་དག་ཚེ་དཔལ་མངའ་ཐང་རྒྱས། །ཆོས་སྲིད་ལེགས་ཚོགས་ལྷུན་གྱིས་གྲུབ་པར་མཛོད། །ཞོལ་པོ་ལ། གཞན་རྣམས་འདྲ་ཞིང་སྤྲིན་གྱི་ཤུགས་འཆང་ཞེས་པའི་ཚབ་ཏུ། རྔམ་བརྗིད་ངར་སྒྲ་སྒྲོགས་པའི་ཞོལ་པོ་འདི། །ཞེས་དང༌། ཞོལ་མོ་ལ། བརྗིད་ཆགས་འོ་མའི་རྒྱུད་འཛིན་ཞོལ་མོ་འདི། །ཞེས་དང༌། ལུག་ལ། གཟུགས་བཟང་ཤ་རྒྱས་ལྷ་ལུག་དཀར་མོ་འདི། །ཞེས་སྦྱོར་རོ། །ལྷ་ཆེན་དགྱེས་པ་སྐྱེད་པའི་དབྱངས། །དབྱར་གྱི་རྔ་གསང་སྒྲོགས་པ་ཡིས། །དགེ་ལེགས་བྱེ་བའི་གྲུ་ཆར་གྱིས། །འཇིག་རྟེན་ཤིས་པས་སྐྱོང་གྱུར་ཅིག །ཅེས་ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད་སྙན་པའི་དབྱར་རྔ་ཞེས་བྱ་བ་འདི་ནི། སྤྱིར་ལྷ་ཆེན་འདི་ཉིད་སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་སྡེ་གསར་འདེབས་ཀྱི་དུས་ནས་གྲོགས་ལྡན་མཛད་ཚུལ་གྱི་ལོ་རྒྱུས་མང་བས་དཀར་ཕྱོགས་སྐྱོང་བ་ཁྱད་པར་ཅན་ཡིན་སྟབས་བསང་མཆོད་ཅིག་ཡོད་ན་ལེགས་པར་སེམས་ཤིང༌། དེའི་ཉེ་འཁོར་དུ་


GTD008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པའི་ཨ་མཆོག་གི་སྦྱིན་བདག་རྣམས་ནས་ཀྱང་བསྐུལ་མ་བྱུང་བས་མཚམས་སྦྱར། དེའང་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ཆོས་པ་ལ་བླ་མ་ཡི་དམ་དང་ཆོས་སྐྱོང་མཉེས་པ་གལ་ཆེ། འཇིག་རྟེན་པ་ལ་ཡུལ་ལྷ་མཉེས་པ་གལ་ཆེ་གསུངས་པ་བཞིན་གྲོང་པ་རྣམས་ལ་ལྷག་པར་མཁོ་ཞིང༌། དེའང་སྙན་ངག་མངོན་བརྗོད་སོགས་ཀྱིས་བཅིངས་ན་གོ་མི་ནུས་པས་ཕལ་གཏམ་གྱི་ཚུལ་དུ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་སྐྱེ་བོ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། །།


previousལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད།next