Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
སྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ།
 
  
 
  
 
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousསྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ། next

སྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ།


GTN006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ངེས་པ་དོན་གྱི་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་ཞེ་ཆེན་མ་ཧཱ་པཎྜི་ཏ་༧འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ། གཞན་ཡང་མཚན་གྱི་རྣམ་གྲངས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དང་། འཇ༵མ་དབྱང༵ས་དགྱེ༵ས་པ༵འི་བློ༵་གྲོ༵ས་མཚོ༵་སྐྱེ༵ས་བཞ༵ད་པ༵འི་སྒྲ༵་དབྱང༵ས་ཞེས་པ་སོགས་མཚན་གྱིས་བསྔགས་པ་དུ་མ་དོན་དང་ངེས་པར་ལྡན་པ་དེ་ཉིད་ཀྱི་རྟོགས་པ་བརྗོད་པ་ལ་གསུམ། སྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ་ཟུར་ཙམ་སྨོས་པ་དང་། སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་སྤྲོས་པ། དེའི་དགོས་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། དམ་པའི་ཚུལ་དགུས་རྣམ་པར་བརྒྱན་པའི་དགེ་བའི་བཤེས་གཉེན་འདི། ཐུགས་རྗེ་ཡས་སྤྲུལ་ཞིག་ཡིན་ནམ། ལམ་མས་སྦྱོང་པ་ཞིག་ཡིན་སྙམ་ན། དང་པོར་ངེས་ཏེ། གྲུབ་དབང་རྫོགས་ཆེན་པ་སོགས་ཚད་མར་གྱུར་པའི་སྐྱེས་བུ་དུ་མས། གཡུ་སྒྲ་དང་། ཞང་ཁྲོམ། དྷརྨ་ཤྲཱི་སོགས་ཀྱི་སྐྱེ་སྤྲུལ་དུ་ངོས་འཛིན་མཛད་པ་ནི། རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ཁྱོད་རང་དུམ་རྒྱ་ཞང་ཁྲོམ་གྱི་སྐྱེ་བ་ཡིན། དེ་དུས་མཐུ་གཏད་ཕུང་སེལ་བྱས་པའི་རྣམ་སྨིན་ད་ལྟ་མ་ཉེས་ཁ་ཡོག་ཆེ་བ་ཡིན་གསུངས། རྒྱལ་ཚབ་རྡོ་རྗེ་འཆང་ནས་སྒྲུབ་བླ་སངས་རྒྱས་རབ་


GTN006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་སྐྱེ་སྲིད་དུ་བསྙད་ཀྱང་དོན་དུ་སྨིན་གླིང་བསྟན་པ་ལ་ཕན་པའི་ཕྱིར་མཁན་ཆེན་ཨོ་ཌི་ཡ་ནས་བྱིན་རླབས་ཆགས་པ་ཞིག་ཡིན་པར་བཞེད། ཀཿ ཐོག་པཎྜི་ཏས་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་ཡིན་གསུངས། གྲུབ་དབང་གཞི་ཆེན་བླ་མ་བསོད་ནམས་དཔལ་ལྡན་གྱིས་ནག་ཚོ་ལོ་ཙཱའི་རྣམ་སྤྲུལ་ཡིན་པས་ལྷ་གཅིག་ཇོ་བོའི་ཞབས་ཕྱི་ཞུས་པའི་བག་ཆགས་ཡད་ཡུད་ཡོད་གསུངས། རང་ཉམས་ལ་རྩེ་ལེ་སྣ་ཚོགས་རང་གྲོལ་དང་། གསལ་ལྡོམ་སྒོམ་ཤེས་ཀྱི་བག་ཆགས་ཤིག་ཉམས་རྨིས་ལ་འཆར་བ་དང་། རྨོག་སྟོན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་མནལ་ལམ་དུ་ཁོང་དང་ཐུགས་རྒྱུད་གཅིག་པ་ཡིན། ཁོང་དང་དབྱེར་མེད་གཅིག་འདྲེས་ལྟ་བུ་ཡོད་གསུངས་པའི་དོན་ལྟར། སྒྲུབ་བླ་འགྱུར་མེད་ཆོས་འཁོར་ངོར། ཉིད་ཀྱི་གསོལ་འདེབས་ཞལ་གསུང་མ། རིག་འཛིན་མཁའ་སྤྱོད་གླིང་པའི་འདུས་སྡེའི་འཚོགས་འདོན་བྱིན་རླབས་མྱུར་འཇུག་ཏུ་གྲགས་པར། ཨེ་མ་ཧོ། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་དེར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །གཟོད་ནས་ཞི་བའི་བདུད་རྩི་མངོན་བརྙེས་ཀྱང་། །གཞན་ཕན་ཐུགས་བསྐྱེད་རྒྱ་ཆེན་བོད་ཡུལ་ལྗོངས། །


GTN006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལྔའི་སེམས་ཅན་མིར་བསྒྱུར་འཕགས་པའི་སྤྲུལ། །སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་ལ་གསོལ་བ་འདེབས། །གངས་ལྗོངས་མུན་གླིང་སྒྲ་རིག་ཡི་གེ་སོགས། །འཕགས་ཡུལ་དམ་པའི་སྲོལ་བཟང་ཉིན་མོའི་འོད། །བརྡལ་མཛད་སྔོན་མེད་ཤིང་རྟ་ཀུན་གྱི་མཆོག །ཐུ་མི་སཾ་བྷོ་ཊ་ལ་གསོལ་བ་འདེབས། །མཁན་སློབ་ཆོས་གསུམ་གདན་འཛོམས་བསམ་ཡས་སུ། །རྒྱལ་མོ་རོང་ནས་བཻ་རོས་ཆོས་བསྒྱུར་མངགས། །རྫོགས་ཆེན་སེམས་སྨད་ཕྱི་འགྱུར་ལོ་ཙཱ་མཆོག །གཡུ་སྒྲ་སྙིང་པོར་གྲགས་ལ་གསོལ་བ་འདེབས། །འཇམ་དཔལ་ཞལ་གཟིགས་མངོན་སྤྱོད་ཕྲིན་ལས་གྲུབ། །མི་དང་མི་མིན་གདུག་ཅན་ཐལ་བར་བརླག །ཟབ་གཏེར་མཛོད་འཛིན་ཕྱག་རྒྱ་ཟིལ་ནོན་དངོས། །དུམ་རྒྱ་ཞང་ཁྲོམ་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་པཎ་གྲུབ་གཙུག་རྒྱན་མར་མེ་མཛད། །སྤྱན་དྲངས་བཀའ་གདམས་བསྟན་པའི་འབྱུང་ཁུངས་གྲུབ། །ཕྱི་དར་བསྟན་ལ་བཀའ་དྲིན་ལག་རྗེས་ཅན། །ནག་ཚོ་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །


GTN006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་དྭགས་པོའི་ཐུགས་སྲས་མི་གསུམ་གྲལ། །བདེ་མཆོག་གྲུབ་བརྙེས་མི་གཡེལ་གནས་མཆོག་ཏུ། །ཕྱག་རྒྱ་ཟུང་དང་མཛོ་ཁྱི་བཞི་ཡང་གྲོལ། །གསལ་ལྡོམ་སྒོམ་ཤེས་ཞབས་ལ་གསོལ་བ་འདེབས། །རྩེ་ལེ་རྒོད་ཚང་སྒྲུབ་པའི་རྒྱལ་མཚན་བཙུགས། །ཐོས་བསམ་སྒོམ་པ་མཐར་ཕྱིན་དྲོད་ཚད་བརྙེས། །དོན་གཉིས་ལྷུན་གྲུབ་ཆོས་བརྒྱད་ཞེན་པ་ཆོད། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །སྔ་འགྱུར་ཏནྟྲའི་བསྡུས་དོན་གསང་བ་སྙིང་། །དར་རྒྱས་འཆད་སྤེལ་སྙིང་སྟོབས་གཟི་འོད་འབར། །སྨད་འདུལ་བརྒྱུད་པའི་པད་ཚལ་རྒྱས་མཛད་པ། །ལོ་ཆེན་དྷརྨ་ཤྲཱི་ལ་གསོལ་བ་འདེབས། །ལྟར་སྣང་འདུ་འཛི་རྒྱང་བསྲིངས་སྦས་ཚུལ་གྱིས། །འཕགས་མཆོག་སྒྲུབ་བརྩོན་ཡང་སྙིང་དུང་ཕྱུར་གྲངས། །དུ་མར་ཟློས་མཛད་བྱ་བྲལ་ཀུ་སཱ་ལི། །སངས་རྒྱས་རབ་བརྟན་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྲོལ། །སྤེལ་ཕྱིར་མཁན་ཆེན་ཨཽ་ཌི་ཡཱ་ན་ཡིས། །


GTN006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་རྒྱུད་སྨིན་གསུམ་ལྡན་རྡོ་རྗེ་འཛིན། །མཐུ་སྟོབས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གསོལ་བཏབ་བྱིན་མཐུས་གནས་སྐབས་གདོན་ཚོགས་ཞི། །མཐར་ཐུག་སྣང་བཞིའི་རྩལ་རྫོགས་ལམ་ལྔ་དང་། །ས་བཅུའི་རྩེར་སོན་དོན་གཉིས་ལྷུན་གྱིས་གྲུབ། །རྒྱལ་བ་མཆོག་དང་ཕྲིས་ལས་མཉམ་པར་ཤོག ། ཅེས་པའི་བསྟན་དོན་ལྟར་ན། སྤྲུལ་གཞི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་གངས་ཅན་ལྷ་གཅིག་ཕྱག་ན་པདྨ་ཉིད་ཡིན་ལ། དེ་ནི་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་ནས། ཐ་ན་བྱ་དང་རི་དྭགས་སོགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་ཁོ་ན་དུས་རྟག་ཏུ་མཛད་པའི་ཕྲིན་ལས་ཅན་ཡིན་ཏེ། དམ་ཆོས་པདྨ་དཀར་པོ་ལས། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པར། རིགས་ཀྱི་བུ་གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཀྱང་ཡོད་དོ། །གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཀྱང་ཡོད་དོ། །སེམས་ཅན་ཁ་ཅིག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རང་


GTN006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟུགས་ཀྱིས་ཆོས་སྟོན་ཏོ། །སེམས་ཅན་ཁ་ཅིག་ལ་ནི་ཉན་ཐོས་ཀྱི་གཟུགས་ཀྱིས་སོ། །ཁ་ཅིག་ལ་ནི་ཚངས་པའི་གཟུགས་ཀྱིས་སོ། །ཁ་ཅིག་ལ་ནི་བརྒྱ་བྱིན་གྱི་གཟུགས་ཀྱིས་སོ། །ཁ་ཅིག་ལ་ནི་ཤ་ཟའི་གཟུགས་ཀྱིས་སོ། །ཁ་ཅིག་ལ་ནི་དྲི་ཟའི་གཟུགས་ཀྱིས་སོ། །གནོད་སྦྱིན་རྣམས་ལ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་སོ། །རྒྱལ་པོས་འདུལ་བ་ལ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཞེས་སོགས་མང་དུ་གསུངས་པ་དང་། ཟ་མ་ཏོག་བཀོད་པ་ལས་ཀྱང་རྒྱ་ཆེར་བཤད་པ་ལྟར་ཏེ། མདོར་ན་སངས་རྒྱས་རྣམས་ཀྱི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་ཅིར་ཡང་འཆར་བ་ཡིན་ཏེ། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་དང་། མི་གཡོ་བའི་རྒྱུད་ལས། གང་དང་གང་གིས་འདུལ་བ་ནི། །སེམས་ཅན་འདུལ་བ་དེ་སྙེད་འཇུག ། ཅེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་ཀྱིས་འཕགས་པའི་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བོད་ཡུལ་འདི་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་ལས། རི་དང་གྲོང་ཁྱེར་སོགས་མེད་དེ། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་གྱི་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་མཚོ་བྲི་ནས་རི་དང་ལྗོན་ཤིང་སོགས་འབྱུང་བའི་དུས་དེར། གདུལ་བྱའི་གཙོ་བོ་ལམ་མཚན་ཉིད་པའི་སྣོད་དུ་གྱུར་པ་མིའི་འགྲོ་བ་དག་གསར་དུ་ཆགས་པའང་རྒྱུ་རྐྱེན་ལ་མ་ལྟོས་པར་མི་འབྱུང་བས། དེའི་ཕྱིར་འཕགས་མཆོག་ཐུགས་


GTN006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་རྣམ་འཕྲུལ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་ཉིད། རི་བོ་པོ་ཏཱ་ལ་ནས་མངོན་སུམ་དུ་བྱོན་པ་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་སེམས་ཅན་བསྐྱབ་དགོངས་ནས། །སངས་རྒྱས་གར་མཁན་གར་མཛད་དེ། །རི་བོ་གངས་དང་སེངྒེ་དང་། །རྟ་དང་རིགས་ཅན་རྣམས་སུ་ཡང་། །སྙིང་རྗེའི་ཤུགས་ཀྱིས་སྟོན་པར་མཛད། །ཅེས་གསུངས་པ་ལྟར་དང་། དེ་དང་ལྷན་དུ་ཇོ་མོ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་ཁྱོ་ཤུག་ཏུ་འདུས་པ་ལས་གངས་ཅན་དུ་མིའི་འགྲོ་བ་འཕེལ་བ་དང་། དེར་སངས་རྒྱས་ཀྱི་བསྟན་པ་ཡང་དར་བ་ཡིན་ཏེ། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་ཆོས་དར་བར་འགྱུར་རོ། །ཞེས་གསུངས་པ་ལྟར། འགྲོ་བ་རིགས་ལྔའི་སེམས་ཅན་འགའ་ཞིག་མིའི་རིགས་སུ་སྐྱེ་བར་མཛད་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་ནས་བཟུང་། སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རྣམ་རོལ་དུ་མས་གར་བསྒྱུར་བ་ནི། བྱང་ཆུབ་སེམས་དཔའ་འཕགས་ཆེན་གྱི་རྣམ་པ་བཟུང་བ་དང་། གཞན་ཡང་དག་དང་མ་དག་པའི་ཚུལ་དུ་མ་འགྲོ་བ་རང་རང་གི་གཟུགས་དང་མཐུན་པར་འདུལ་བའི་ཐབས་གང་ལ་གང་བསྔགས་པའི་སྐྱེ་བའི་ཕྲེང་བ་སྣ་ཚོགས་སུ་སྣང་བ་ནི། རྒྱལ་བའི་སྲས་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་བའི་ཐུགས་བསྐྱེད་ཡིན་ཏེ། རྒྱུད་ལས། སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཞེས་དང་། མདོ་སྡེ་རྒྱན་ལས།


GTN006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །སྤྲོ་བའི་སེམས་དྲངས་དགའ་བས་དེ་ལ་འཇུག །ཅེས་གསུངས་པ་ལྟར། སྲིད་པའི་ཟོལ་གྱིས་སྲིད་པའི་མུན་པ་རྣམ་པར་འཇོམས་པའི་ཡོན་ཏན་རྒྱ་མཚོའི་གངས་ཆེན་མཚོར་གྱུར་པའི་སྐྱེས་མཆོག་དུ་མ་བྱོན་པ་ལས། དང་པོ་ཐོན་མི་སམ་བྷོ་ཊ་ནི། དུས་འཁོར་འགྲེལ་ཆེན་ལས། བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་སོགས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཡུལ་དེར་དེའི་སྐད་ཀྱིས་བསྡུ་བ་པོར་ལུང་བསྟན་པ་སྟེ། མང་དུ་ཐོས་པའི་མཆོག་འཕགས་པ་ཀུན་དགའ་བོ་ཉིད་བསམ་བཞིན་མིའི་སྲིད་པ་བཞེས་པ། ཕྱག་ན་པདྨ་རྒྱལ་པོའི་ཚུལ་བཟུང་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན། ཐོན་མའི་རིགས་ལས་བྱུང་བའི་ཨ་ནུ་སྣང་གྲགས་ཀྱི་སྲས་སུ་བལྟམས། ནར་སོན་ནས་རྒྱལ་པོའི་བཀས་བསྐུལ་པ་ལྟར་འཕགས་པའི་ཡུལ་དུ་བྱོན་ཏེ། ལྷ་རིག་པའི་སེངྒེ་སོགས་དམ་པའི་སློབ་དཔོན་མང་དུ་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་རྒྱ་མཚོ་ལ་ནང་བྱན་ཆུབ་པར་མཛད། སྤང་སྐོང་ཕྱག་བརྒྱ་པ་སོགས་དམ་པའི་ཆོས་དུ་མ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པའི་ཤིང་རྟའི་སྲོལ་བཏོད། བོད་ཡི་གེ་མེད་པ་ལ་ཡི་གེའི་གཟུགས་དང་བརྡ་ཆད་རྣམས་བོད་རང་སྐད་དང་འཚམས་པར་མཛད་དེ། བོད་རི་བྲག་པ་མཐའ་འཁོབ་ཀྱི་སྐད་ཡིན་ཡང་ཆོས་འབྲི་ཀློག་བསྒྱུར་བཤད་ལ་ལེགས་པར་སྦྱར་བའི་སྐད་ཀྱི་དོད་ཐུབ་པ་


GTN006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷག་པར་བྱུང་བས། དམ་པའི་ཆོས་མཐའ་དག་བསྒྱུར་བ་དང་ཉན་བཤད་སོགས་ཅི་དགར་ལོངས་སྤྱོད་ཆོག་པ་དང་། མ་ཟད་རབ་དམ་པའི་ཆོས་བཤད་ཅིང་སྒྲུབ་པ་ནས། ཐ་ན་འཇིག་རྟེན་པའི་བཟའ་བཏུང་ཉི་ཚེའི་དོན་བཅས་ཡི་གེའི་ལམ་དུ་གསལ་བར་བྱས་ཤིང་དོན་མཚོན་པས་སྐྱེས་བུའི་འདོད་དོན་བདེ་བླག་ཏུ་འགྲུབ་པ་ནི་སློབ་དཔོན་མཁས་པ་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཏེ། གངས་ལྗོངས་མུན་པ་སེལ་བའི་ཉི་མ་གཅིག་པུ་འགྲན་ཟླ་དང་བྲལ་བ་ལགས། དེ་ནས་རྗེ་འབངས་ཉེར་ལྔའི་ནང་ཚན་བཻ་རོས་རྗེས་བཟུང་གཡུ་སྒྲ་སྙིང་པོ་ནི། འཁྲུངས་ཡུལ་རྒྱལ་མོ་རོང་ཡིན། ཡུལ་དེར་བཻ་རོ་ཙ་ན་སྤྱུགས་པ་དང་མཇལ་བས་ཟབ་རྒྱས་ཀྱི་གདམས་པ་དུ་མ་གསན་བསམ་སྒོམ་པ་མཛད་ནས་རྟོགས་པའི་གདེང་ཚད་དང་ལྡན་པར་གྱུར་ཏེ། བསམ་ཡས་སུ་ཁྲི་སྲོང་རྒྱལ་བློན་གྱིས་པཎ་ཆེན་བི་མ་ལ་སྤྱན་དྲངས་ནས་ཆོས་གསུངས་པའི་རྩར་བྱོན་ཏེ་ཟབ་མོ་ཆོས་ཀྱི་བགྲོ་གླེང་མཛད་པས། པཎ་ཆེན་གྱི་གཙོས་ཐམས་ཅད་ཡ་མཚན་དུ་གྱུར། སླར་རང་ཡུལ་དུ་བྱོན་ཏེ་བཻ་རོ་བོད་དུ་སྤྱན་དྲངས། རྒྱ་བོད་ཀྱི་ལོ་པཎ་གདན་འཛོམས་པའི་སར་བཻ་རོ་དང་གཡུ་སྒྲའི་མཁས་ཚུལ་ཁྱད་ཐོན་པར་མཛད། རྫོགས་ཆེན་སེམས་སྨད་ལྔ་སོགས་ཆོས་མང་དུ་བསྒྱུར་པས་བསྟན་པ་སྔ་འགྱུར་ལ་མཁས་ཤིང་གྲུབ་པའི་གྲགས་སྙན་མཆོག་ཏུ་གསལ་བའོ། །


GTN006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དྲག་སྔགས་མཐུ་ཡི་བཀའ་བབ་རྒྱ་ཞང་ཁྲོམ་ནི། གཙང་གི་རོང་ཆེན་སྟོད་ལུང་དུམ་པ་ཆུ་ཚན་ཁར་རྒྱ་ཞེས་པའི་རུས་ལས། བལྟམས་པའི་དུས་ནས་དུང་སོ་འཁོར་མར་ཡོད་པ་དང་། སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་སོགས་ཡ་མཚན་པའི་རྟགས་དང་ལྡན་པ། སྐུ་གཞོན་ཚེ་ལོངས་སྤྱོད་དབུལ་བས་གླ་རྔན་གྱི་འཚོ་བ་ལ་བརྟེན། དུས་ལ་བབ་ཚེ་གནུབས་ཆེན་གྱི་སྤྲུལ་པ་ངེས་མེད་ཀྱི་རྣལ་འབྱོར་པ་ཞིག་གིས་གཏེར་གྱི་ཁ་བྱང་ཕུལ་བ་ལ་བརྟེན་ནས། ཕུང་པོ་རི་བོ་ཆེ་ནས་མཐུ་མཁན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་མཁས་པ་ཁྲག་འཐུང་ནག་པོ་དང་། དཔལ་གྱི་སེངྒེ། ཤཱནྟིང་གརྦྷ། བཱ་སུ་དྷཱ་ར་བཞིའི་ཐུགས་མཛོད་བརྟོལ་བའི་ཟབ་མོ་ཆོས་དྲུག་སོགས་དང་། གཞན་ཡང་གཡུང་གི་རྫ་ལྷུད་མོ། རྨུའི་མོན་མོ་གཙུག་རུམ། བསམ་ཡས་མཆིམས་ཕུ་རྣམས་ནས་གཤེད་སྐོར་གྱིས་མཚོན། ཚར་གཅོད་རྗེས་འཛིན་གྱི་ཟབ་གཏེར་དུ་མ་བཞེས་ཏེ། ཡེ་ཤེས་རྫུ་འཕྲུལ་དང་། རོག་ཇོ་སྲས་སོགས་ལུང་ཟིན་གྱི་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བས་ནག་པོའི་ཕྱོགས་ཀྱི་མི་དང་མི་མིན་ཐལ་བར་བརླག་པའི་ཕྲིན་ལས་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་པའི་ལྕགས་རི་རྨད་དུ་བྱུང་བའོ། །དེ་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ནི། འཁྲུངས་ཡུལ་ལ་སྟོད་གུང་ཐང་། སྐུ་ཆུང་ངུའི་དུས་ནས་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བས་ཆོས་ཕྱིར་སྐུ་སྲོག་གཏོང་ནུས་པ་ལྟ་བུའི་བློ་ཅན། བདག་


GTN006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལས་གཞན་དོན་གལ་ཆེན་མཛད་པ་ཞིག་ཡིན་ལ། བོད་དུ་བསྟན་པ་སྔ་དར་གྱི་མཇུག་ཕྱི་དར་གྱི་ཐོག་མར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་ཡབ་མེས་སྔོན་བྱོན་རྣམས་ཀྱི་མཛད་བཟང་འཕྲོ་མཐུད་ཀྱིས་འཕགས་ཡུལ་ནས་པཎྜི་ཏ་གདན་དྲངས་ནས། དམ་པའི་ཆོས་བསྒྱུར་བཤད་མཛད་པའི་ཐུགས་འདུན་ལ་ནག་པོའི་ཕྱོགས་གྱུར་གར་ལོག་རྒྱལ་པོས་བཙོན་དུ་བཅུག་པས་དགོངས་བཞེད་མ་འགྲུབ་པར། དེ་ཉིད་ཀྱི་ཚ་བོ་བྱང་ཆུབ་འོད་ཀྱིས་ཁུ་བོའི་བཞེད་དོན་ལྟར། རྒྱ་གར་ནས་ལྷ་གཅིག་དཱི་པཾ་ཀཱ་ར་སྤྱན་དྲང་དགོས་སྙམ་སྟེ། སྤྱན་འདྲེན་པར་གཏང་རྒྱུའི་ལོ་ཙཱ་བ་འཚོལ་ཚེ་ནག་ཚོ་ཉིད་སྔོན་དུ་ཡང་འཕགས་ཡུལ་དུ་ཕྱིན་ཏེ་ལེགས་ལམ་བྱུང་བ་ལྟར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་འབྱོན་དགོས་ཀྱི་བཀའ་ཕེབས་པ་དང་དུ་བླངས་ཏེ་གསེར་གྱི་སྐྱེས་གཏོས་ཆེ་བ་བསྣམས་ནས་སྙིང་སྟོབས་ཆེན་པོའི་གོ་ཆ་བགོས་ཏེ་ཕེབས་ནས་བི་ཀྲཱ་མ་ཤཱི་ལ་ན་ཇོ་བོ་བཞུགས་པའི་སྤྱན་སྔར་བོད་ཆོས་རྒྱལ་ཁུ་དབོན་གྱི་ཐུགས་བསྐྱེད་ཀྱིས་ཉིད་དང་བསྟན་པའི་ཕྱིར་སྐུ་སྲོག་དང་གསེར་སོགས་ཕངས་མེད་བྱས་ལུགས་དང་། བོད་ལ་ཆོས་ཀྱི་ག་དར་མཛད་དགོས་པ་ཡུས་ཆེན་མཆི་མས་གདོང་ཁེབས་ཏེ་ཞུས་པས་བོད་དུ་འབྱོན་པར་ཞལ་གྱིས་བཞེས་ཏེ་ཕེབས་ནས་ལྷ་བཙུན་གྱི་བཞེད་དོན་འགྲུབ། བསྟན་པ་སྔ་དར་ལ་རྗེ་འབངས་ཉེར་ལྔ་སོགས་ཀྱི་དུས་པདྨ་འབྱུང་གནས་དངོས་བྱོན་ནས་བོད་ཡུལ་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་མཛད་ལ། དེ་རྗེས་པད་འབྱུང་དངོས་སྤྲུལ་དཱི་པཾ་ཀ་ར་བྱོན་ནས་ཕྱི་དར་གྱི་དབུ་བརྩམས། བསྟན་པ་ཐམས་ཅད་འགལ་


GTN006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་རྟོགས་ཤིང་། གསུང་རབ་མ་ལུས་པ་གདམས་པར་ཤར་བའི་ལུགས་བཟང་ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུའི་བཀའ་སྲོལ་དྲི་མ་མེད་པ་འདྲེན་པའི་ཕྱག་རྗེས་རྨད་དུ་བྱུང་ཞིང་། གཞན་ཡང་ཁ་ཆེ་ཡེ་ཤེས་འབྱུང་གནས་དང་། བལ་པོ་ཞི་བའི་སྙིང་པོ་སོགས་ལའང་གཏུགས་ཏེ། རྒྱུད་བླ་མ་དང་། དབུ་མ་འཇུག་པ། རྟོག་གེ་འབར་བ་སོགས་གཞུང་མང་པོ་བསྒྱུར་བཤད་ཀྱང་མཛད་དེ་གངས་ཅན་བསྟན་འགྲོའི་རྨོངས་མུན་སེལ་བའི་ཉི་མར་གྱུར་པའོ། །དེ་ནས་མཉམ་མེད་དྭགས་པོའི་ཐུགས་སྲས་མི་གསུམ་གྱི་ཡ་གྱལ་གསལ་ལྡོམ་སྒོམ་པ་ཤེས་རབ་ནི། འཁྲུངས་ཡུལ་མདོ་ཁམས་ལྷོ་ཕྱོགས་རྟ་ཤོད་གསལ་ལྡོམ་ཡིན། སྐུ་ཆུང་ངུའི་དུས་ནས་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་མཛེས་ཤིང་། ཁྱད་པར་དྭགས་པོ་རིན་པོ་ཆེའི་མཚན་ཐོས་པས་ལུས་ཀྱི་བ་སྤུ་ལྡང་ནུས་པའི་མོས་གུས་ཡོད་པས། ཕྱིས་སྐུ་དྲུང་དུ་བསྙེན་ནས་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་འཁོར་ལོ་སྡོམ་པའི་སྨིན་གྲོལ་གྱི་ལམ་ལ་རང་བྱན་ཆུབ་པས་རྩ་ཐིག་རླུང་གི་རྣལ་འབྱོར་ལ་བརྟན་པ་ཐོབ་པས་ཕྱག་སོར་རྩེ་ལས་མེ་འབར་བ་དང་ཕ་ཝོང་འདམ་ལྟར་བརྫི་བ། དམོད་པས་གདུག་ཅན་རེངས་པ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། བཙུན་མོ་ཟུང་ལ་རོལ་པས་གནས་མདའི་དགེ་འདུན་སྡེ་ཡིས་གཤེ་སྐུར་བཏབ་ཚེ་དགེ་འདུན་རྣམས་ཀྱི་སྣོད་སྤྱད་རིགས་ཆང་གིས་གང་


GTN006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫུ་འཕྲུལ་མཛད། ཕྱག་རྒྱ་མ་ཟུང་དང་། ཁལ་བཀལ་བའི་མཛོ། སྒོ་ན་གནས་པའི་ཁྱི་དང་བཅས་པས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས། མཐར་དགུང་ལོ་དོན་ལྔ་བཞེས་པ་ན་མྱ་ངན་ལས་འདའ་བའི་ཚུལ་བསྟན། སྐུ་གདུང་ལ་ཞུགས་ཕུལ་བ་རིང་བསྲེལ་གྱི་ཕུང་པོར་སོང་བ་མཆོད་རྟེན་སྒྲུབ་པ་མཁའ་འགྲོ་མ་རྣམས་ཀྱིས་ནམ་མཁར་བཏེགས་པ། དད་ལྡན་ཀུན་གྱིས་གསོལ་བ་བཏབ་པའི་ངོར། བྱམས་མེ་དགོན་གྱི་རྒྱབ་རི་བྲག་ཟངས་ཡག་གི་རྩེར་བཞག་སོང་བ་ད་ལྟ་ཡང་མཇལ་རྒྱུ་ཡོད་པར་གྲགས་པས། ས་གསུམ་ན་གྲུབ་པ་མཆོག་གི་གཏམ་རྣམ་པར་མཛེས་པའོ། །དེ་ནས་མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་ནི། འཁྲུངས་པའི་ཡུལ་དྭགས་ཀོང་གི་ས་མཚམས་རྒྱལ་མེ་ཏོག་ཐང་གི་ཉེ་རྒྱུད་ཡིན། ཆུང་ངུ་ནས་བྱམས་དང་སྙིང་རྗེ་འབྱོངས་པས་སེམས་ཅན་ལ་འཚེ་བ་དང་། ཤ་ཁྲག་གི་ལོངས་སྤྱོད་ལ་དུག་ལྟར་འཛེམ། སྐུ་ནར་སོན་ནས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་བསྐུལ་ཏེ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉེས་ལྟུང་ཕྲ་མོ་ལའང་སྲོག་ལས་གཅེས་པའི་སྲུང་སྡོམ་མཛད། ཕྱི་ནང་གི་རིག་པའི་གནས་དང་། ཁྱད་པར་དུ་མདོ་སྔགས་ཀྱི་གཞུང་ལམ། ཆོ་གའི་ཕྱག་བཞེས་དབྱངས་རོལ་སོགས་ལའང་མཁས་པར་སྦྱངས། གོང་མའི་གདན་ས་གཙང་རྩངས་པོ་མགོ་དགུའི་ཆོས་སྡེར་གསེར་ཁྲིར་མངའ་གསོལ་ནས། འཁོར་ལོ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་རྒྱ་གང་ཆེ་མཛད། སྐུ་ཚེའི་སྨད་དུ་བྱ་བ་བཏང་ནས་རྒོད་ཚང་


GTN006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དུ་བྲག་གི་བྱ་སྐྱིབ་ལ་བཞུགས་ནས་བླ་རྫོགས་ཐུགས་གསུམ་གྱིས་མཚོན་བཀའ་གཏེར་དུ་མའི་ལྷག་པའི་ལྷ་རབ་འབྱམས་ལ་བསྙེན་སྒྲུབ་མཛད་པས། ཞལ་གཟིགས་ལུང་བསྟན་སོགས་གྲུབ་པའི་མཚན་མ་མངོན་སུམ་དུ་བརྙེས། མཁས་བཙུན་བཟང་པོའི་ཡོན་ཏན་འཛམ་གླིང་མཛེས་པའི་རྒྱན་དུ་འོས་པར་མཛད། མཐར་དགུང་ལོ་བདུན་ཅུར་སོན་པ་ན་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ། སྐུ་གདུང་ལ་རིང་བསྲེལ་གྱི་ཕུང་པོ་ཁ་དོག་ལྔ་དང་ལྡན་པ་མོས་ལྡན་ཡིད་ཀྱི་གསོས་སྨན་དུ་བཞག་པ་བཅས་སྙིགས་དུས་འདིར་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཛིན་པ་ལ་ཟླ་དང་བྲལ་བའི་སྐྱེས་མཆོག་དམ་པའོ། །དེ་ནས་འཛམ་གླིང་མཁས་པའི་ཁྱུ་མཆོག་སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་ནི། འཁྲུངས་ཡུལ་གཡོ་རུ་གྲྭ་ནང་གི་དར་རྒྱས་ཆོས་གླིང་ཞེས་མཁས་དང་གྲུབ་པའི་འབྱུང་གནས་དེར། མཐིང་མ་མྱོས་ཀྱི་གདུང་རྒྱུད་གནུབས་ཆེན་རྣམ་སྤྲུལ་གསང་བདག་ཕྲིན་ལས་ལྷུན་གྲུབ་དང་། ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས། རྗེ་གཏེར་ཆེན་བླ་མའི་གཅུང་དུ་ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་སྐུ་བལྟམས། དགུང་ལོ་བཅུ་བཞེས་པ་ན་འབྲི་ཀློག་ལ་ཐོགས་པ་མེད་ཅིང་རིམ་གྱིས་སྦྱངས་ནས་བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་རྩེར་སོན། རྒྱལ་མཆོག་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་། མཁན་ཆེན་དཀོན་མཆོག་བསྟན་འཛིན་མདུན་


GTN006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་ནས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་མཆོག་ཏུ་གྱུར་ཅིང་། ཁྱད་པར་རང་ཅག་རྙིང་མ་པ་རྣམས་བོད་ཐོག་མའི་འདུལ་བསྟན་མཁན་ཆེན་ཞི་འཚོའི་ཕ་ནོར་གར་སོང་ཆ་མེད་དུ་སྟོར་བ་འདིའི་རིང་ལ་ནོར་བདག་པོའི་ལག་ཏུ་འབྱོར། གཞན་ཡང་གསང་སྔགས་རྙིང་མར་གྲགས་པའི་མཚན་གཞི་མདོ་སྒྱུ་སེམས་གསུམ་དང་། མཆོག་གཉིས་གླིང་པ་ཕལ་ཆེར་གྱིས་མཚོན་གཏེར་ཆོས་ད་ལྟ་རྒྱུན་ཡོད་རིགས་དང་། ཆོས་དྲུག །ཞི་བྱེད། གཅོད་སྐོར་སོགས་ལ་གསན་བསམ་མཛད་པའི་ཕྱག་རྗེས་ལ། སྒྱུ་འཕྲུལ་འགྲེལ་ཆེན་རྣམ་གཉིས་དང་། འདུས་མདོའི་དབང་དང་སྒྲུབ་ཐབས་སྐོར་གྱི་ཡིག་ཆ། གར་ཐིག་གི་ངེས་པ་སོགས་མཁས་པའི་ལེགས་བཤད་སྐལ་བཟང་རྩེ་དགའི་འཁྲི་ཤིང་མའི་ཐོས་འཛིན་མཛེས་པའི་རྒྱན་དུ་རྣམ་པར་དཔྱངས་པས། རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་ཀུན། དགྱེས་པའི་མེ་ཏོག་ཁོང་ནས་བཞད་པའི་བཀའ་དྲིན་བསྩལ། གོང་མའི་ལུང་གིས་བསྔགས་པ་ཐོབ་པའི་ཆབ་མདོའི་སྤྲུལ་སྐུ་རྣམ་གསུམ། ས་སྐྱ་བདག་ཆེན་སོགས་ཆེ་དགུའི་གཙུག་གིས་བཀུར་ཞིང་། མཁས་པར་གྲགས་པའི་གཏམ་གྱིས་འཛམ་གླིང་མཛེས་པ། བརྒྱུད་འཛིན་གྱི་བུ་སློབ་གྲུབ་མཐའ་རིས་མེད་པའི་བསྟན་པའི་གསལ་བྱེད་དུ་གྱུར་པ་གྲངས་ལས་འདས་པ་བྱུང་། མཐར་དགུང་ལོ་སྨིན་ཆེས་སྐབས་བསྟན་འགྲོའི་བདེ་ལེགས་ཐལ་བར་རློག་བྱེད་དུ་རུ་ཁའི་དམག་དཔུང་བྱུང་སྟེ་བཙོན་དུ་བཅིངས་ཚེ་སྐྱེ་འཆི་ལ་རང་དབང་ཐོབ་པས་ཐུགས་འོག་མིན་དུ་འཕོས་པས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་པའོ། །


GTN006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐུ་འདི་ཉིད་དང་སྐྱེ་བ་བར་མ་ཆོད་པའི་གོང་མ་རྟོགས་ལྡན་སངས་རྒྱས་རབ་བརྟན་ནི། རྒྱལ་ཚབ་རྡོ་རྗེ་འཆང་བསྟན་འཛིན་ཆོས་རྒྱལ་གྱི་སྐུ་སྔོན་མ་ཨ་འཇའ་བླ་མ་པད་རྒྱལ་གྱི་གཅུང་དུ་འཁྲུངས། ཆུང་ངུ་ནས་དམ་པ་ཆོས་ཀྱི་བག་ཆགས་སད་དེ། སྤྱོད་ལམ་དུལ་བ་གཞན་གནོད་སྤོང་བ་སོགས་སྒོ་གསུམ་དགེ་བའི་ཕྱོགས་ལ་འདུན་པ་ཞིག་ཡིན། ཁྱད་པར་སྔོན་གྱི་སྨོན་ལམ་སྟོབས་བཙན་པས་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་དང་བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་རྗེས་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལས་ཟབ་རྒྱས་ཀྱི་གདམས་པ་དུ་མ་གསན་ནས་སྒྲུབ་པའི་དཀའ་སྤྱད་གཞན་གྱི་བརྣག་དཀའ་བས། ཡིག་དྲུག་དུང་ཕྱུར་བདུན་དང་། ཨ་མི་དྷེ་ཝ་དུང་ཕྱུར་གཅིག་གིས་གཙོས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མི་ཚེ་ཧྲིལ་པོར་མཛད་པས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོས་དངོས་ཉམས་རྨི་ལམ་དུ་ཞལ་གཟིགས་ལུང་བསྟན་དང་བཅས་པས་རྗེས་སུ་བཟུང་། མཐར་འཆི་བ་ལ་ཉམ་ང་མེད་པར། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་ཐོབ་པའི་ཕྱིར་ཁོ་བོས་ལྷག་བསམ་དག་པས་བསྔོ་བ་ཡིན་པས། དྲུང་ན་འཁོད་པའི་མཆེད་གྲོགས་རྣམས་ལ་ཁྱེད་ཅག་གིས་ཀྱང་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛོད་ཅིག་ཅེས་གསུངས་ནས་གདོང་ལྔའི་དབང་པོ་གངས་ལ་ཕྱིན་པ་ལྟར་འཆི་བ་འོད་གསལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པར་མཛད་དོ། །


GTN006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཕྲེང་གསོལ་འདེབས་ནང་དེར་འཁོད་པར་མ་མཛད་ཀྱང་། སློབ་བུ་འགྱུར་མེད་རྣམ་རྒྱལ་གྱི་གསོལ་འདེབས་ནང་ལ་འཁོད་པ་ལྟར། གྲུབ་པའི་དབང་ཕྱུག་ཤེས་རབ་ཡར་འཕེལ་གྱིས་ཉེ་བར་གནས་པ་ཨོ་རྒྱན་དཔལ་འབྱོར་ལ། རང་རེའི་སྤྲུལ་སྐུ་འདི་ལ་ཁ་ཟེར་བ་མང་དུ་འབྱུང་ན་ཡང་། ཁྱེད་རྣམས་ཀྱིས་དེ་ལྟར་འཛིན་མི་རུང་། འདི་ཟུར་ཆུང་ཤེས་རབ་གྲགས་པ་དངོས་ཡིན་གསུངས་པ། ཕྱིས་སུ་ཨོ་རྒྱན་དཔལ་འབྱོར་གྱིས་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེ་ལ་ཞུས་པ། ཀོང་སྤྲུལ་ནས་ཕྲན་སྐོར་ལ་ལན་མང་གསུངས་ཕེབས་པས། དེ་ལྟར་ན། དེའི་རྣམ་ཐར་ནི་མདོ་སྒྱུའི་ཆོས་འབྱུང་རྣམས་སུ་རླུང་ལྟར་གྲགས་པ་དེ་ལྟར་ལ། དེར་མ་ཟད་སྤྲུལ་པའི་གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་ཡ་གྱལ། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ཨོ་རྒྱན་དྲི་མེད་ཀུན་དགའི་རྣམ་འཕྲུལ་ཡིན་པའི་རྒྱུ་མཚན་ཡིད་ཆེས་དང་ལྡན་པ་ཡོད་དེ། དེའི་རྣམ་ཐར་ནི། རང་གཏེར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལུང་བྱང་ལས། གྲྭ་ཕྱིའི་ཕྱོགས་སུ་ལས་ལྡན་སྔགས་པའི་རིགས༔ བུདྡྷའི་སྤྲུལ་པ་མཚོ་རྒྱལ་སྙིང་གི་བུ༔ མེ་ཁམས་ཕག་ལོ་སྐྱེ་མཐའི་བྱང་ཆུབ་སེམས༔ དྲི་མེད་བསླབ་ལྡན་མཚན་དཔེའི་ཆ་ཤས་རྫོགས༔ ངང་རྒྱུད་རིང་ཞིང་ཐབས་མཁས་འགྲོ་བ་འདུལ༔ ཀུན་དགའི་མིང་ཅན་དེ་དང་འཕྲད་པར་འགྱུར༔ དེ་ཚེ་རྒྱ་ཆེའི་བླ་རྫོགས་ཐུགས་རྗེའི་སྐོར༔ བཤད་དང་སྒྲུབ་པས་འགྲོ་མང་ཐར་ལམ་བཀོད༔ ཁྱད་པར་གདུལ་བྱ་ཤར་གྱི་ཕྱོགས་སུ་རྒྱས༔ དཀར་པོའི་བརྒྱུད་འཛིན་སྟོད་ཁམས་ཀུན་ཏུ་དར༔ ཞེས་གསུངས་པ་ལྟར་གྲྭ་ཕྱིའི་མདའ་ཁང་


GTN006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཞེས་བྱ་བར། ཡབ་དཔལ་འབྱོར་བཟང་པོ་དང་ཡུམ་འཛོམས་པ་ཞེས་བྱ་བའི་སྲས་སུ། མེ་མོ་ཕག་གི་ལོ་ལ་སྐུ་འཁྲུངས། དེ་ཡང་སྔགས་རིགས་བཟང་པོ་ཁྱད་པར་དུ་འཕགས་པ། དབུ་ལ་གཙུག་ཏོར་མཐེབ་གང་དང་། དཔྲལ་བར་མཛོད་སྤུ་དུང་གཡས་འཁྱིལ་གྱི་རི་མོའི་རྣམ་པ་དང་། གནས་ལྔ་ཡི་གེས་མཚན་པ་སོགས་ངོ་མཚར་བའི་མཚན་དཔེ་ཅན། གཞོན་ནུའི་རོལ་རྩེད་དུས་ནས་དབང་བསྐུར་བ་དང་ཆོས་འཆད་པའི་རྣམ་པ་མཛད་པས་དམ་པའི་ངང་ཚུལ་སད་པ་དེ་སྐབས་སུ་པེ་དཀར་གྱིས་ཆོ་འཕྲུལ་བཏང་བ་དང་། བར་ཆད་བྱུང་བ་རྣམས་རྩ་གསུམ་སྲུང་མས་མངོན་སུམ་དུ་བཏུལ། དེ་ནས་གྲྭ་ཕྱི་previous hit ཆུབཟང next hit་དུ་དམ་པའི་ཆོས་འདུལ་བ་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གཅིག་བཞེས་པ་ན། མཁན་ཆེན་མཉམ་མེད་previous hit ཆུབཟང next hit་བ་ཆེན་པོའི་དྲུང་དུ་ཚིགས་གསུམ་བར་མ་ཆད་དུ་ནོས་ནས་མཚན་ཤེས་རབ་རྒྱལ་མཚན་ཞེས་བྱ་བར་བཏགས། དེ་ནས་བླ་མ་དང་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད་པས་དབང་དང་གདམས་ངག་ཐམས་ཅད་ཨོ་རྒྱན་དངོས་ཀྱིས་གནང་བ་བྱུང་། རྟོགས་པ་ཚད་མེད་པ་འཁྲུངས། ཁྱད་པར་དགུང་ལོ་ཉེར་དྲུག་གི་སྟེང་དུ། མཆིམས་ཕུ་བློན་པོ་མགུལ་གྱི་རྩེ་མོར་ཨོ་རྒྱན་རིན་པོ་ཆེ་དང་མཇལ་ཞིང་ལུང་བསྟན་པ་ལྟར་ཡེ་ཤེས་མཚོ་རྒྱལ་གྱིས་མཆིམས་ཕུ་བྲག་སྣ་ནས་གཏེར་བཞེས་རྒྱུའི་ཁ་བྱང་དངོས་སུ་གཏད། དེའི་ཕྱི་ལོ་བྲག་སྣ་སེངྒེའི་གདོང་པ་ཅན་ནས། བླ་མ་ནོར་བུའི་ལམ་ཁྱེར་དང་། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་ལ་


GTN006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བླ་རྫོགས་ཐུགས་གསུམ་དང་། གཞན་ཡང་བཀའ་བརྒྱད་གཙུག་རྒྱན་ནོར་བུ། ཚེ་སྒྲུབ་རྟ་མཆོག་རོལ་པ། མཁའ་འགྲོ་ཆེན་མོ། མགོན་པོ་འབར་ཆུང་ལ་སོགས་པའི་གཏེར་ཆོས་ཁྱད་པར་ཅན་མང་པོ་སྤྱན་དྲངས། གཞན་ཡང་ནོར་བུ་སྟག་ཤ་དེ་བ་དང་། མཚོ་རྒྱལ་མགུལ་གཡུ་སོགས་རྫས་གཏེར་ཀྱང་མང་དུ་གདན་དྲངས། མཆིམས་ཕུ་ཨོ་རྒྱན་གསང་ཕུག་ཏུ་ལྷ་སོ་སོའི་སྒྲུབ་པ་མཛད་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་མཇལ། བླ་རྫོགས་ཐུགས་གསུམ་གྱི་སྒོ་ནས། དབུས་གཙང་ལྷོ་མོན་ལ་སོགས་པར་འགྲོ་དོན་རྒྱ་ཆེན་པོར་མཛད། དེ་ནས་ཤར་ཕྱོགས་ཀོང་ཡུལ་དུ་བྱོན་ཏེ་ཆོས་ཀྱི་ཆར་ཆེན་པོ་ཕབ། ཁྱད་པར་དུ་ཨ་ཏི་བླ་མེད་ཀྱིས་འགྲོ་མང་སྨིན་གྲོལ་ལ་བཀོད། བསྟན་འགྲོར་སྨན་སླད་ལྷུན་གྲུབ་བྲག་དགོན་ཞེས་བྱ་བའི་སྔགས་འཆང་གི་སྡེ་བཏབ། དེའི་སྔགས་པ་རྣམས་གཏེར་སྟོན་ལ་གཙུག་ཏོར་མཐེབ་གང་ཡོད་པ་ལ་དབུ་སྐྲ་དཀྲིས་པའི་ཚུལ་བཞིན་སྐྲ་ཐོར་ཚུགས་ཁོ་ན་ཡིན་ཟེར། དེ་ནས་གཏེར་སྟོན་ཉིད་ཞི་བར་གཤེགས་རྗེས། འབྲི་གུང་གི་ཞལ་སློབ་མཚན་ལྡན་གཞོན་ནུ་སངས་རྒྱས་ཞེས་བྱ་བ་རྗེས་སུ་གཏེར་སྟོན་ཆེན་པོའི་སློབ་མའི་ཐུ་བོར་གྱུར་པ་དེ་ཉིད་ཀྱིས་གདན་ས་བསྐྱངས་ཏེ་དྭགས་པོ་མཚོ་མེར་ལ་སྒྲུབ་པར་བཞུགས་པའི་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ། དབུའི་གཙུག་ཏོར་དཀྲིས་པ་འདི་བཞིན་ལ་སྐུ་ཆས་དཀར་པོར་བསྒྱུར་གསུངས་ཀྱང་ཐེ་ཚོམ་པས་བཏང་སྙོམས་སུ་བཞག་པས་དཀར་པོའི་ཆས་ཀྱིས་བོད་གངས་ཅན་གང་བའི་རྟེན་འབྲེལ་མ་འགྲིགས། ལུང་བསྟན་གསུམ་གྱི་རྗེས་


GTN006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་དཀར་ཆས་མཛད་པས། གངས་ཏི་སེ་ནས་ཀོང་པོ་རྒྱ་ལ་ཡན་ལ་རྟའི་ཟེ་བ་ཙམ་ཞིག་བྱུང་། དེའི་དུས་སུ་མཁའ་འགྲོས་ཕྲིན་ལས་སྒྲུབ། ཕྱོགས་ཀྱི་སྦྱིན་བདག་འདུས། ཚོགས་ཀྱི་ཡོ་བྱད་སྤྲིན་ལྟར་འཁྲིགས་པ་དང་། ཁྱད་པར་བདུད་རྩི་མཚོ་ལྟར་མེར་བས་དྭགས་པོ་མཚོ་མེར་དུ་གྲགས། གོང་གི་གཏེར་སྟོན་གྱིས་བཏབ་པའི་དགོན་པའང་དཀར་ཆས་སུ་བསྒྱུར་བས། ལྷུན་བྲག་དཀར་པོ་པར་གྲགས་ཏེ་འགྲོ་དོན་རྒྱ་ཆེ་སྟེ། འདི་ནས་བཟུང་དཀར་པོ་པར་གྲགས་པ་འདི་བྱུང་བ་ཡིན། མཚན་ལྡན་གཞོན་ནུ་སངས་རྒྱས་ནས། མཚུངས་མེད་གཞོན་ནུ་བསམ་འགྲུབ། འཇམ་དབྱངས་གཞོན་ནུ་དོན་གྲུབ། མཁས་གྲུབ་གླང་ཆེན་པ། ཐུགས་སྲས་དཀར་པོ་ཀུན་དགའ་གྲགས་པ་སོགས་སློབ་བརྒྱུད་རིགས་གཅིག་དང་། མཚོ་མེར་སྟེང་ནས་བརྒྱུད་པ་གདན་ས་མ་བུ་བརྒྱད་དུ་གྱེས་ཏེ། གླིང་མཐའ་བ། ས་དཀར་བ། འགོར་པ། ན་སྤུངས་པ། རི་བོ་ཏ་ལ་པ། སྲིན་སྦུག་པ་སོགས་སོ། །སྐུའི་རིགས་རྒྱུད་ནི་དབུས་ན་འགའ་ཞིག་ཡོད་པ་རྣམས་སྔགས་རིགས་འཛིན་པ་ཙམ་ལས་གྲགས་ཆེ་བ་མ་བྱུང་། ཀོང་པོ་ན་ཡོད་པ་རྣམས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་ཁྲིད་རྒྱུན་སྤེལ་བ་སོགས་འགྲོ་དོན་ཆེ་བར་བྱུང་བའོ། །ཡིད་ཆེས་འོས་པའི་རྒྱུ་མཚན་ཇི་ལྟ་བུ་ཡིན་ཞེ་ན། སྔ་མའི་ཐུགས་རྗེ་ཆེན་པོའི་ལུང་བྱང་གི་འཕྲོར། སྙིང་པོའི་མཆོག་འདི་རང་གི་ཉམས་བླངས་ནས༔ སླར་ཡང་མགྲིན་པ་བཟང་པོའི་བྲེ་གུའི་སུལ༔ ཡང་གཏེར་རྒྱས་བཏབ་སྨོན་ལམ་རྒྱ་ཆེར་ཐོབ༔ དེ་ནས་མ་འོངས་ཤིན་ཏུ་རྩུབ་འགྱུར་དུས༔ ཡབ་གཅིག་ཁྲི་སྲོང་ལྷ་སྲས་


GTN006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་རྗེ༔ ཟུང་འཇུག་རྣམ་འཕྲུལ་སྒྱུ་མའི་རང་མདངས་ཤིག༔ མདོ་ཁམས་ཤར་དུ་ལྕགས་ཁམས་འབྲུག་གི་ལོ༔ བཀའ་བབ་བདུན་ལྡན་རིག་རྩལ་ཐོད་རྒལ་འཆང་༔ བརྟུལ་ཞུགས་གཟི་ལྡན་དཔའ་བོ་སྟག་ཤམ་ཅན༔ ཨོ་རྒྱན་ཐུགས་སྲས་པདྨའི་མིང་ཅན་ལ༔ ཡེ་ཤེས་མཁའ་འགྲོས་གཏེར་ཁ་དངོས་སུ་སྤྲད༔ ཅེས་པའི་དོན་ལྟར་། ཡང་ཟབ་ཕུལ་དུ་ཕྱུང་བའི་གདམས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཉིད། ཐོག་མར་རབ་བྱུང་དྲུག་པའི་ལྕགས་མོ་གླང་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་བསམ་ཡས་མཆིམས་ཕུའི་བྲག་སྣ་སེངྒེའི་གདོང་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ། སྤྲུལ་པའི་གཏེར་སྟོན་དྲི་མེད་ཀུན་དགའ་ཉིད་ཀྱིས་ཟབ་མོའི་གཏེར་ཁ་དུ་མ་བཞེས་ཏེ། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་བརྡལ་དུ་སྤེལ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཡང་ཟབ་འདི་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར་སླར་བྲག་དམར་མགྲིན་བཟང་གི་བྲེ་གུར་རྒྱས་བཏབ་པ། སླད་ནས་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་གནམ་ལོ་ཤར་བའི་དབྱུག་པ་ཟླ་བའི་ཚེས་བཅུ་ལ། རྗེ་ཞེ་ཆེན་པ་མ་ཧཱ་པཎྜི་ཏ་ཉིད་ཀྱི་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན། མཚན་མོའི་མགོན་པོ་ཆ་ཤས་ཡོངས་སུ་གང་བ་ལྟ་བུ། རྒྱལ་བའི་མདུན་ན་རྒྱལ་སྲས་འཇམ་དཔལ་དབྱངས་དང་མཚུངས་ཤིང་། འཇམ་དཔལ་དབྱངས་དངོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། དེ་ཉིད་ཀྱི་དེ་མ་ཐག་པའི་སྐྱེ་བ་ལྷ་སྲས་མཆོག་གྲུབ་རྗེའི་རྣམ་པར་སྤྲུལ་པའང་ཡིན་ལ་ཡིན་


GTN006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་ཀྱང་མངོན་སུམ་དུ་མངའ་བ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་སྤྲུལ་པའི་གཏེར་སྟོན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་གཏེར་གནས་དེ་ཉིད་དུ་བྱོན་པའི་ཚེ། ཡང་གཏེར་དུ་ཡང་ཟབ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་འདི་དང་འགྲོ་འདུལ་འཕགས་པའི་ཐུགས་ཐིག་བཅས་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་བསྩལ་པ་རིང་དུ་གསང་རྒྱས་བཏབ་པ། ཕྱིས་རབ་བྱུང་བཅོ་ལྔ་པའི་མེ་གླང་གནམ་ལོ་ཤར་བ་ན། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་ཀྱི་གདན་ས། སྔོན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་ཕྱག་བཏབ་ཀྱི་ཆོས་སྡེ་རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས། དཔལ་ས་ངོར་ཚར་གསུམ་གྱི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོ་དེར། རྗེ་ཞེ་ཆེན་པ་ཉིད་ཀྱི་སློབ་མའི་ཁྱུ་མཆོག་རྒྱལ་བའི་མདུན་ན་དཔལ་གསང་བའི་བདག་པོ་ལྟ་བུ། གསང་བདག་ཉིད་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པའང་ཡིན་ལ། གསང་བའི་བདག་པོ་ཉིད་ཀྱི་བློ་གྲོས་དང་བརྟུལ་ཞུགས་ཀྱང་མངོན་སུམ་དུ་སྣང་བ། ཀོང་བམ་སྟེང་སྤྲུལ་སྐུའམ་ཁྱུང་པོ་སྤྲུལ་སྐུ་མཚན་བློ་གྲོས་མཐའ་ཡས་སུ་འབོད་པ། སྤྲུལ་པའི་གཏེར་སྟོན་བསྟན་གཉིས་གླིང་པས། ཟབ་མོ་གཏེར་གྱི་སྐོར་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་ཀྱི་སྒོ་ཀཿ དཔལ་ཞེ་ཆེན་གྱི་སྤྲུལ་པའི་སྐུ་རྣམས་གཙོ་བོར་གྱུར་པའི་དད་འདུས་པ་ཡོངས་ལ་སྔ་འགྱུར་བསྟན་པའི་བཙས་སུ་ཕྱེ་བའི་སྐབས། འཕགས་ཆེན་རྣམས་ཀྱི་ཕྲིན་ལས་ནི་ཆུ་ཟླའི་ཚུལ་དུ་ཅིར་ཡང་སྣང་བ་ཆོས་ཉིད་ལགས་པས། ལུང་བྱང་


GTN006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མའི་འཕྲོར། རྨི་ལམ་ཚུལ་དུ་ཆོས་ཀྱི་བདག་པོ་ཡི༔ བཀའ་གཏད་བྱིན་རླབས་བསྐུལ་མ་ཐེངས་གསུམ་འོང་༔ དེ་དུས་གདམས་པ་འདི་ཉིད་གཏན་ལ་ཕོབ༔ ཅེས་གསུངས་པའི་དོན་ལྟར། ཀོང་སྤྲུལ་རིན་པོ་ཆེའི་གསུང་འཕྲོས་བཞིན་བཀོད་པ། ཞབས་དྲུང་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་འོད་གསལ་གྱི་སྣང་ཆར། མ་ཧཱ་པཎྜི་ཏ་ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་མཚན་ཅན་ཉིད། སྐུ་ཐ་མལ་ཉིན་ཐང་ལྟར་སྐུ་ཆས་ཡོ་བྱད་རྣམས་གྱི་ནའི་ཚུལ་དུ་བཞུགས་པ་མཇལ་བའི་མོད་ལ་དྲུང་དུ་བཅར་བ་དང་། ཞལ་ནས་ཀོང་སྤྲུལ་ཚང་དང་། ཁྱེད་རྣམ་གཉིས་ཀྱིས་གཏེར་ཆོས་རྒྱུན་ཡོད་མེད་རིགས་ཕྱོགས་སུ་བསྡོམས་ནས་དབང་ལུང་བྱེད་པ་འདི་ཅི་ཡིན་གསུངས་པ་དང་། ལན་ལ་སྔར་ཞེ་དགོན་དུ་སྐུ་རྩར་བཞུགས་སྐབས། བླ་སློབ་རྙིང་མ་དང་ས་སྐྱའི་གྲུབ་མཐའ་བཟུང་ནས་ཞལ་རྩོད་མཛད་པའི་བག་ཆགས་ཀྱིས། བརྒྱུད་པ་མེད་པ་གང་ཡང་བཞག་མེད། དངོས་སུ་བརྒྱུད་པ་ཡོད་རིགས་ནི་ཡོངས་སུ་གྲགས་པ་ལྟར་ལ། ཁྱེད་རྙིང་མ་པ་ལ་ཞལ་གཟིགས་དང་། དག་སྣང་ལུང་བསྟན་ཟེར་བའི་སྲོལ་འདུག་པ་དེ་རིགས་ནི་འགལ་མེད་སྙམ་ནས་བཞག་པ་ཡིན་ཞུས་པ་དང་། འོ་ན་ཇོ་མོ་སྨན་མོ་ཟེར་བའི་སྨད་འཚོང་མ་དེ་དང་། ར་མོ་ཤག་སྨན་ཟེར་བའི་ལྷ་རྗེ་སྐྱ་ཐོ་སེ་བ་དེའི་རིགས་ཀྱི་གཏེར་ཆོས་སྤེལ་ན། ངེད་རང་གི་གཏེར་ཆོས་དེ་མི་སྤེལ་བའི་རྒྱུ་མཚན་ཅི་ཡིན་གསུངས་བྱུང་བ་ལ། ཉིད་ཀྱིས་གཏེར་སྟོན་མཛད་པ་དང་། གཏེར་ཆོས་ཡོད་པ་མི་དྲན་ན་ཅི་ཞིག་སྤེལ་ཞུས་པ་དང་། གཏེར་ཆོས་ཡོད། ང་རང་གཏེར་སྟོན་དྲི་མེད་ཀུན་དགའ་ཡིན་གསུང་བྱུང་བ་


GTN006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་མ་ཐག་སྐུའི་རྣམ་འགྱུར་སྔར་དེ་དང་མི་འདྲ་བ་དབུ་སྐྲ་ཐོར་ཅོག་གླེགས་བམ་གྱིས་བརྒྱན་པ། བག་དྲོ་ལྷུན་ཆགས་དཀར་ཆས་མཛད་པ་སྙན་ལ་དུང་ལུང་གིས་མཛེས་པ་ཅན་ཞིག་ཏུ་གྱུར་ནས། ཅུང་ཟད་ནམ་མཁར་འཕགས་ཏེ། ངའི་ཡང་གཏེར་གྱི་སྐོར་དེ་རྣམས་འཕྲལ་དུ་གཏན་ལ་ཕབ་ནས་རིན་ཆེན་གཏེར་མཛོད་དུ་བཞག་དགོས་ཞེས་ནན་ཏན་དུ་བཀའ་སྩལ་པའི་མོད་ལ་ཨོ་རྒྱན་དྲི་མེད་ཀུན་དགའ་དངོས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་ཉམས་ཤར་བ་ལ་བརྟེན་ནས། གཏེར་ཤོག་རིགས་ཚང་མ་གཏན་ལ་ཕབ་ཅིང་། ཤིང་རྟ་ཆེན་པོ་བློ་གྲོས་མཐའ་ཡས་སམ། ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པ་སོགས་ལ་ཐོག་མར་ཆོས་སྒོ་ཕྱེ་བར་མཛད་ནས་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་ལགས་པས་གཏན་ཚིགས་བསྙོན་མེད་དུ་ངེས་པར་གྲུབ་པ་འདི་ལ་ཆོས་མཐུན་གྱིས་རྒོལ་བ་འཇུག་པའི་གནས་མེད་དོ། །དེ་ལྟ་བུའི་སྐྱེས་རབས་ཀྱི་ཕྲེང་བ་དག་གོ་རིམ་བསྟར་ཆགས་སུ་མ་ངེས་པ་དང་། སྐྱེ་འཕགས་ཀྱི་རྣམ་པ་ཐ་དད་པར་སྣ་ཚོགས་སུ་སྣང་བ་དང་། གང་ཟག་གཞན་དང་གཞན་གྱི་སྐྱེས་རབས་དང་ཟློས་པ་སོགས་ལ་ལོག་པར་མི་ལྟ་སྟེ། རྩ་བའི་སྤྲུལ་གཞི་འཕགས་པ་སྤྱན་རས་གཟིགས་ནི། རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ས་བཅུའི་རྒྱུན་མཐའ་ན་གནས་པའི་ཚུལ་བཟུང་བ་ཡིན་པས་དེ་ལ་བྱིས་པའི་བློས་སྣང་ཚོད་ཀྱིས་དཔག་པའི་ཡུལ་མ་ཡིན་ཏེ། དབུ་མ་འཇུག་པ་ལས། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་


GTN006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཞིང་། །ངག་གི་སྤྱོད་ཡུལ་མ་ཡིན་རྡུལ་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་འདས་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །ཞེས་དང་། ཤར་ཙོང་ཁ་བ་ཆེན་པོའི་འཇམ་དཔལ་ལ་བསྟོད་པ་ལས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུའི། །ནམ་མཁའི་མཐས་གཏུག་གཏུག་པ་མེད་པའི་ཞིང་མཆོག་ཀུན་ཏུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། །ལ་ལར་བལྟམས་ཤིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །ཞེས་སོ། །དེ་ལྟའི་ཚུལ་ལ་བློ་ཁ་ཕྱོགས་ཤིང་ཁོང་དུ་ཆུད་པ་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་སོགས་མདོ་སྡེ་མང་པོ་ནས་བསྔགས་པར་བྱས་པའོ། །སྨྲས་པ། སྔོན་བྱོན་མཁས་དང་གྲུབ་པའི་ལག་རྗེས་དེ། །རྒྱུ་འབྲས་དེ་བྱུང་འབྲེལ་བ་མི་བསླུ་བས། །འདི་ན་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས། །རྒྱལ་བསྟན་རྫོགས་ལྡན་དང་པོའི་གནས་སུ་བསྒྱུར། །མཁས་མཁས་འ༵གྱུར་མེ༵ད་དོན་དམ་རྟོགས་པས་མཁས། །
མཁས་མཁས་མདོ་སྔགས་བསྟན༵་པ་འཛི༵ན་ལ་མཁས། །མཁས་མཁས་སློབ་ཚོགས་འཕེ༵ལ་ཞིང་རྒྱ༵ས་ལ་མཁས། །མཁས་མཁས་གྲགས་པས་ས་གསུམ་སྙན་ལ་མཁས། །མདོ་དང་སྔགས་ཀྱི་ལུང་རྟོགས་ཆོས་འཁོར་ལོ། །འཁོར་ལོ་གསུམ་གྱིས་སྲིད་མཐར་རྒྱས་མཛད་པ། །མཛད་པ་མཆོག་དེ་ནུབ་མེད་གཏམ་བཟང་པོ། །བཟང་པོའི་ངག་ལས་འབད་པའི་རྩེ་མོར་སོན། །དེ་ལྟར་ཚིགས་སུ་བཅད་པས་མཚམས་སྦྱར་ནས།


previousསྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ། next