Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

1 occurrence of སྡུག་སྒུར་མུག་སྒུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་སྒྲུབ་གཏེར་ཁ་བདུན་འདུས་དང་འབྲེལ་བའི་བསྙེན་ཡིག་སྙིང་པོར་བསྡུས་པ་བལྟས་གསལ་དྲི་མེད་ཤེལ་གྱི་མེ་ལོང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


1 occurrence of སྡུག་སྒུར་མུག་སྒུར་
[Clear Hits]

 
previousཐུགས་སྒྲུབ་གཏེར་ཁ་བདུན་འདུས་དང་འབྲེལ་བའི་བསྙེན་ཡིག་སྙིང་པོར་བསྡུས་པ་བལྟས་གསལ་དྲི་མེད་ཤེལ་གྱི་མེ་ལོང་།next

ཐུགས་སྒྲུབ་གཏེར་ཁ་བདུན་འདུས་དང་འབྲེལ་བའི་བསྙེན་ཡིག་སྙིང་པོར་བསྡུས་པ་བལྟས་གསལ་དྲི་མེད་ཤེལ་གྱི་མེ་ལོང་།


JSD003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་གཏེར་ཁ་བདུན་འདུས་དང་འབྲེལ་བའི་བསྙེན་ཡིག་སྙིང་པོར་བསྡུས་པ་བལྟས་གསལ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


JSD003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མུ་ལ་སྱེ་ཡ། བླ་མ་དབྱེར་མེད་མཚོ་སྐྱེས་རྗེར། །གུས་བཏུད་དེ་སྒྲུབ་བཀའ་སྲོལ་བདུན། གཅིག་བསྡུས་བསྙེན་ཅིང་སྒྲུབ་པའི་ཚུལ། །ཉུང་གསལ་སྙིང་པོར་དྲིལ་ཏེ་འགོད། །དེ་ཡང་གུ་རུའི་ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ཀྱི་བསྙེན་སྒྲུབ་བགྱིད་པར་འདོད་ན། སྒྲུབ་པ་པོ་གང་ཟག་དབང་ནོས་ཤིང་དམ་ཚིག་དག་པ། སྒྲུབ་གནས་གུ་


JSD003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རུས་བྱིན་གྱིས་བརླབས་པའམ་དབེན་ཞིང་ཉམས་དགའ་བ། སྒྲུབ་པའི་དུས་ཡར་ངོའི་ཚེས་བཅུ་ལྟ་བུ་ལ་དབུ་བརྩམ་པར་བྱའོ། །ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། སྒྲུབ་པའི་སྔོན་འགྲོ་དང་། རྟེན་བཤམས་པའོ། །དང་པོ་ནི། མཚམས་ལ་ཞུགས་ཁར་དཀོན་མཆོག་རྩ་བ་


JSD003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཕྱི་ནང་གི་ཚོགས་གསོག །བཤགས་སྐོང་། གཏོར་མ། སཱཙྪ། བསང་བརྔན་སོགས་ཅི་འགྲུབ་བྱ། སྒྲུབ་ཁང་ཕྱག་བདར་གྱིས་གཙང་་བྱས་ཏེ་རྟེན་མཆོད་ཅི་འབྱོར་བཤམ། རང་གི་སྟན་འོག་ཏུ་ས་དཀར་གྱིས་གཡུང་དྲུང་གི་རི་མོ་བྲིས་པའི་ཁར་གདན་ནང་ཚངས་ཅན་འདིང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལག་ལེན་བྱེད་མཁན་དེང་སང་དཀོན་པས། མཚན་ཉིད་དང་ལྡན་པའི་རས་བྲིས་བཀྲམ་པ་ཉིད་འཇུག་པ་བདེ་ཞིང་། དེའང་མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་དང་བདུད་རྩི་ལྔས་གཤེར་བས་ཚོམ་བུ་ལྷ་གྲངས་དང་མཉམ་པ་ལེགས་པར་བཀོད་པས་ཀྱང་རུང་ངོ་། །གཉིས་པ་ལ། མེད་ཀ་མེད་ཀྱི་སྐུ་རྟེན་བླ་མ་ལོངས་སྤྲུལ་གང་རུང་གི་སྐུ་ཙཀ་གཞུང་མཐུན་སྦྱོང་ཁྲུས་རབ་གནས་དང་ལྡན་པ། གོ་ཡུལ་འགྲིགས་ན་རང་ཉིད་ཁ་


JSD003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ལྟ་བ་དང་ཞལ་སྤྱོད་འོང་བའི་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ཐོད་པ་དུམ་གཅིག་འབྲུ་དཀར་གྱིས་བཀང་བའི་དབུས་སུ་བཙུགས། སྐུ་ཚབ་ལྟ་བུ་ཡོད་ནའང་བཞུགས་ལ་དར་དམར་གྱི་གུར་ཕུབ། དེའི་མདུན་དུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་གཏོར་མ་རིན་ཆེན་འབར་བ་གཞུང་མཐུན་ནམ། མ་གྲུབ་ན་གཏོར་ཟླུམ་པད་འདབ་བཞིས་བསྐོར་བ། གཡས་གཡོན་དུ་སྨན་རཀ་ཕབ་ལྡན། མཐར་ཞི་མཆོད་གཡས་དང་། དྲག་མཆོད་གཡོན་དུ་བྱས་ཏེ་ཕྲེང་ཚར་རམ་བསྐོར་བཤམ་ཅི་བདེར། རྒྱབ་ངོས་ལྟ་བུར་བཀའ་སྲུང་གི་འབུལ་གཏོར་དང་ཆད་མདོ་བརྟན་མ་བཅས་འགོད། འཛོམ་ན་ཕྱོགས་བཞིར་རྒྱལ་མཚན་དང་། ཟུར་བཞིར་འཕན་རེ་འཛུག །མཎྜལ་རི་རབ་གླིང་བཞི་གླིང་བཞི་གླིང་ཕྲན་ཉི་ཟླ་བཅས་པའི་ཚོམ་བུ་


JSD003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་པའམ། རི་རབ་གླིང་བཞི་ཉི་ཟླ་འདོད་ཡོན་ལྔ་མཚོན་པའི་ཚོམ་བུ་བཅུ་གཉིས་བཀོད་པ་མདུན་དུ་བཞག །བགེགས་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཅི་བདེར་བཞག །རང་གི་མདུན་དུ་གུལ་ཡུངས་འཐོར་ནས་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པ་དངོས་གཞི་ནི། དགོང་ཐུན་ལྟ་བུར་དབུ་ཚུགས་དགོས་པས། ཚིག་བདུན་མ་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་རང་ཉིད་རྟ་མགྲིན་དུ་གསལ། བགེགས་གཏོརབརླབས་ཤིང་བསྔོ། བཀའ་བསྒོའི་སྐབས་རང་ཉིད་རྟ་མགྲིན་དུ་གསལ་བའི་སྐུ་ལས་རྟ་མགྲིན་གྱི་སྐུ་ཆུང་ངུ་དཔག་ཏུ་མེད་པ་སྤྲོས་པས་སྟེང་འོག་ཕྱོགས་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམ་ལ་གུ་གུལ་གྱི་


JSD003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་འཐོར། སྤྲུལ་པའི་ཁྲོ་ཚོགས་ཚུར་འདུས་པ་ལས་ཁྲོ་བོའི་རོལ་མཚམས་དང་རྡོ་རྗེའི་ར་གུར་བླ་བྲེ་ས་གཞིའི་སྲུང་གུར་དུ་གྱུར་པར་བསམ་ལ་མཚམས་བཅད། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུ་དང་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམ་པ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃཿ གསང་བདག་སྤྱན་སྔར་དམ་ནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་


JSD003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟིམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་དྷྲྀཥྚ་རཏྣ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་སྔགས་སོ་སོའི་མཐར། ཨི་དཾ་བ་ལིངྐ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃཿ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོ་ནས་རྒྱལ་ཆེན་སྡེ་བཞི་རང་རང་གི་


JSD003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐབས་དཔུང་དང་བཅས་པས་བསྲུང་བར་བསམ། འདི་ནས་བརྩམ་མི་འགྲུལ་བཅད་ཅིང་ཀ་ཅ་ཡི་གེ་སོགས་ཀྱི་གཏོང་ལེན་ཀྱང་མཚམས་བཅད། རྟེན་བསྐྱེད་ནས་བསྟོད་པའི་བར་ལས་བྱང་དཀྱུས་ལྟར་བཏང་ལ། སིདྡྷི་སུམ་བརྒྱ། ཐོད་ཕྲེང་རྩལ་སྟོང་རྩ། ལས་སྦྱོར་ཉེར་གཅིག་ཙམ་བཟླས་ལ་ཛྭཔ་བསྟོད་ཕུལ། སྨིན་ལུགས་དམ་ཅན་སྤྱི་གཏོར་དང་ཚོགས་བྱིན་བརླབས་ནས་བསྒྲལ་བསྟབ་པར་བཏང་། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་ལ་བཙོན་དུ་བཟུང་། ནུབ་དང་པོ་འདིར་བསྐུལ་དང་ཆད་ཐོ་བརྟན་སྐྱོང་རྟ་བྲོ་བཅས་ཁ་ཅིག་གིས་བྱེད་སྲོལ་འདུག་ཀྱང་ཅི་བདེར་ཆོག །རྗེས་ནས་དེ་རྣམས་གྲོལ་དུས་བར་མི་དགོས། དེ་ནས་བཟོད་གསོལ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ཏེ་མཚན་མོ་ཉལ་བའི་རྣལ་འབྱོར་ལ་འཇུག་


JSD003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནང་ནས་བརྩམ་ཐུན་བཞི་རེ་གཅོད་དགོས་པས། ཐོར་ཐུན། ཞོགས་ཐུན། དགོང་ཐུན། སྲོད་ཐུན་བཞི་པོར་མཆོད་གཏོར་རེ་རེ་བཞིན་ཁ་གསོ། མི་ལྕོགས་ན་ཞོགས་ཐུན་ལྟ་བུར་ཚར་རེ་གསོས་པས་ཆོག །གང་ལྟར་ཐོ་རངས་སྔགས་སྒྲས་བསྐུལ་ཏེ་ཐུན་མཚམས་ཀྱི་ལྷར་ལྡང་། ངག་བྱིན་རླབས་ཚིག་བདུན་བརྒྱུད་འདེབས་མཚམས་གཅོད་ནས་བཟུང་ལས་བྱང་དངོས་གྲུབ་འདོད་འཇོ་མཐར་ཆགས་སུ་བཏང་། མཚམས་གཅོད་འཕྲོས་སུ། སྐུ་འབག་ལ་དམིགས་ཏེ་རྟེན་བསྐྱེད། སྐྱབས་སེམས་ལན་གསུམ་རེ་དང་། བཤགས་པ་བྱ། མཎྜལ་ཕུལ། བྱིན་འབེབས། མཆོད་རྫས་བྱིན་རླབས་རྣམས་དཀྱུས་ལྟར་བྱ་བ་སྟེ། དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ། དངོས་གཞི་སྐབས་སུ་བབ་པ། སྐུ་


JSD003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ། སྙིང་པོ་བཟླ་བ། དགོངས་པ་བསྐྱང་བ་གསུམ་གཙོ་བོ་ཡིན་པས། དང་པོ་ནི། ཏིང་འཛིན་རྣམ་གསུམ་གྱིས་ཁོག༔ དབུབ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ་པ་སྟེ། དེའང་དཀྱིལ་འཁོར་གྱི་དབུས་ཉི་ཟླ་པདྨའི་གདན་ལ་རང་རིག་གསེར་གྱི་རྡོ་རྗེ་གནས་སུ་གྱུར་པ་གཙོ་བོ་རྟ་ཕག་ཡབ་ཡུམ་དུ་བསྒོམ་པའི་ཕྱོགས་བཞིར་པད་འདབ་ལ་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་རྣམས་རིགས་ཀྱི་ཁ་དོག་ལ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ། རྟ་མགྲིན་གྱི་དབུ་ཐོག་ཏུ་བླ་མ་ལོངས་སྐ་ཡབ་ཡུམ་མམ་སྤྲུལ་སྐུའི་ཆ་ལུགས་གང་མོས་ལྟར་གསལ་བའི་མདུན་དང་ཕྱོགས་བཞིར་ཐོད་ཕྲེང་རིགས་ལྔ། དེའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཀྱི་ཐད་ཀའི་སྟེང་གི་བར་


JSD003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འཇའ་འོད་ཀྱི་ཀློང་ན་མཚན་བརྒྱད། དེའི་མཐར་མོས་བསྐྱེད་ཙམ་གྱིས་རྩ་བརྒྱུད་ཀྱི་བླ་མའི་ཚོགས་དང་། སྣ་ཚོགས་པད་འཁོར་ཕྱི་མ་ལ་ཡི་དམ་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་དུ་བསྒོམ་ཞིང་། དེ་ཐམས་ཅད་དུ་མར་སྣང་ཡང་རང་གི་སེམས་ཉིད་བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་ཞེན་བྲལ་དུ་བསྒོམ་པར་བྱ་བ་གཅེས་སོ། །དེའི་རྗེས་འབྲེལ་དུ་ཡེ་ཤེས་པ་སྤྱན་འདྲེན་ཅིང་། བཞུགས་གསོལ་ཕྱག་འཚལ་བསྟོད་པ་རྣམས་ཚང་བར་བྱ། གཉིས་པ་སྔགས་བཟླ་བའི་ཐོག་མར། སྣང་སྲིད་གཞལ་ཡས་བླ་མ་ལྷ། ཞེས་སོགས་ཤློ་ཀས་བསྟན་པའི་དགོངས་པ་སྲོག་ཏུ་བཟུང་སྟེ་སྤྱི་བོའི་བླ་མ་


JSD003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་པས་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་སྔོན་དུ་འགྲོ་བས་བཛྲ་གུ་རུ་ཅུང་ཟད་གསོལ་འདེབས་ཀྱི་ཚུལ་དུ་བཟླས་མཐར། དབང་བཞི་བླང་བའི་དམིགས་པ་ནི། ཐུགས་སྒབ་ཐམས་ཅད་ཀྱི་རྒྱལ་པོ་གསང་འདུས་རྩ་གཞུང་ལས། ༣ བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལ་ལྟེ་བར་ཧྲཱིཿ༔ ཡུམ་གྱི་ལྟེ་བར་མ་བསྒོམ་མོ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔


JSD003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃཿ་མཐིང་འོད་ཟེར་དང་བཅས་བདག་གི་སྙིང་གའི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནསཿ༔ ཧྲཱིཿམ་འོད་ཟེར་ལྔ་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ ཅེས་གསུངས་པའི་དོན་བསྒོམ་ལ། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ སོགས་ངག་ཏུ་བརྗོད་ལ་དབང་བླངས། རྗེས་དགོངས་པ་བསྐྱང་བ་ནི། བདུད་འདུལ་དགོངས་པ་ཡོངས་འདུས་ལས། ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ཡིད་ནི་གསང་ལམ་མིག་འབྲས་ཀྱི༔ དཀྱིལ་


JSD003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཡེངས་ཙན་ནེ་བཞག༔ བསྒོམ་བྱ་སྒོམ་བྱེད་མེད་པར་བཞག༔ རང་བྱུང་ཡེ་ཤེས་ལྷན་སྐྱེས་འཆར༔ བདེ་གསལ་ཆོས་ཉིད་རོལ་པ་ལ༔ དེར་འཛིན་སྐྱེས་ནས་འཆིང་བར་བྱེད༔ དེ་ཉིད་རང་རིག་མི་འགྱུར་ན༔ རིག་པ་རྩལ་གྱི་དབང་ཐོབ་ནས༔ ཉོན་མོངས་སྐྱེས་ཚད་གྲོགས་སུ་འཆརཿ༔ བདག་ཉིད་ཆེན་པོའི་བླ་མ་ཡི༔ དབང་ཆེན་ཐོབ་པར་ངེས་ཤེས་བསྐྱེད༔ ཅེས་གསུངས་པའི་དོན་བསམ། བཟླས་པའི་དངོས་གཞི་ཐོད་ཕྲེང་རྩལ་ཤམ་བུ་མེད་པ་ཁོ་ན་སྒྲིབ་པའི་ཚུལ་དུ་དམིགས་གནད་གཞུང་བཞིན་གསལ་ཞིང་ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ནམ་མཁའ་གང་བར་བྱོན་ཏེ་རང་གི་ཐུགས་ཀའི་བླ་མ་ལ་ཐིམ་པའི་དམིགས་པ་སོགས་བྱ། དེ་ལྟར་ཡང་གསང་འདུས་ཞལ་གདམས་སུ། ས་ནི་བཅུ་གཅིག་ལམ་ལྔ་ཡང་༔ ང་


JSD003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐོད་ཕྲེང་བཟླས་པས་བགྲོདཿ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་ཀློག་དང་མཚུངས༔ ཞེས་དང་། རེས་འགའ་སྔགས་ཀྱི་འབྲུ་དོན་བསམ༔ ཨོཾ་ནས་ཨཱཿནི་ཡན་ཆོད་ལ༔ བཟླས་བསྒོམ་རིག་པ་གཏད་དུས་སུ༔ བླ་མ་ཌཱ་ཀིའི་སྲོག་ཐོབ་གྱུར༔ ཞེས་གསུངས་པས། འབྲུ་ཉེར་བཞི་པོ་རེ་རེ་བཞིན་དབྱིབས་དང་གདངས་ཤེས་ནས་སྔགས་དོན་བསམ་ལ་སེམས་གཏད་པ་དང་། གཞན་ཡང་། ཙ་ཀ་ལི་ནི་སྐུ་ཡི་རྟེནཿ༔ དེ་ལ་ལྟ་ཞིང་དམིགས་པ་བཟུང་༔ མ་ཡེངས་ཡིད་ཀྱི་འཛིན་ཕུར་གདབ༔ ཅེས་གསུངས་པས་མདུན་གྱི་སྐུ་རྟེན་དེ་ལ་མིག་ཅེར་ཟིན མདུང་ཚུགས་མ་ཡིན་པའི་ཡིད་དམིགས་རླུང་གསུམ་ལྷན་ནེར་གཏད་ལ་བཟླ། སྐབས་དེར་ལྷ་སྔགས་ལ་ཆེད་འཛིན་མི་བྱེད་པར་རང་རིག་གི་ངོ་བོ་བསྐྱང་


JSD003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟླ་བ་སོགས་མདོར་ན་དམིགས་གཏད་གཅིག་ཁོ་ནའི་སྤར་བཀབ་མིན་པར་ཤེས་པ་བག་ཡངས་སུ་མ་ཤོར་བའི་ངང་ནས་ཉམས་དང་གང་མཐུན་པ་བསྐྱང་ཞིང་ཛྭཔ་བཟླ། འདིར་ལས་སྦྱོར་ཤམ་བུ་ཅན་གྱི་བཟླས་དམིགས་ནི། རྗེས་ཀྱི་ས་བཅད་དུ་ལམ་སྲོལ་འདི་ལ་ཚད་མར་གྱུར་པའི་དམ་པ་སྔ་མ་རྣམས་བསྡུ་མཛད་པས་འོག་ཏུ་འཆད་ལ་དུས་རྒྱུན་མ་བྱས་ཀྱང་ཆད་སྐྱོན་མེད་དོ། །བཟླས་པའི་ཐུན་འཇོག་ཁར་གསུམ་པ་དགོངས་པ་བསྐྱང་བ་ནི། ཇི་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ ཡེ་ནས་བདག་མེད་གཞལ་ཡསཁང་༔ འཁོར་བས་མ་གོས་པདྨ་གསལཿ༔ དགོས་འདོད་ཀུན་འབྱུར་རིན་པོ་ཆེ༔ ཀུན་གཞི་ཀློང་ཡངས་ཕག་མོ་ཡུམ༔ ཡིད་ཀྱི་བྱེད་པ་རྟ་མགྲིན་ཡབ༔ མ་སྐྱེས་མི་འགག༔


JSD003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ༔ ཡེ་ནས་བདག་མེད་སྤྲོས་དང་བྲལ༔ བླ་མ་རང་རིག་ཀུན་ཏུ་བཟང་༔ བདེ་ཆེན་རྣམ་དག་མཚོ་རྒྱལ་ཡུམ༔ རྟོག་ཚོགས་རང་གྲོལ་དཔའ་བོ་སྟེ༔ འགྱུར་མེད་ཐག་ཆོད་མཁའ་འགྲོ་མ༔ དེ་ལྟར་རང་བྱུང་ལྷུན་གྱིས་གྲུབ༔ རང་བྱུང་དངོས་གྲུབ་བསམ་ཡས་པ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ཡིན༔ སྐྱེ་མེད་བདེ་ཆེན་དོན་རྟོགས་ན༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ འཁོར་བ་མ་སྤངས་འཁོར་རྐྱེན་དག༔ པདྨ་འབྱུང་གནས་རང་ལ་རྫོགས༔ གཉེན་པོས་མི་ཤིགས་འགྱུར་བ་མེད༔ རྡོ་རྗེ་སེམས་དཔའ་རང་ལ་རྫོགས༔ དེ་ལྟར་དགོངས་ན་ཀུན་ཏུ་བཟང་༔ ཞེས་བསམ་ཞིང་ངག་ཏུ་བརྗོད་ནའང་རྩ་གཞུང་སོ་སོའི་དགོངས་པ་དང་འབྱོར་བས་ལེགས་ཤིང་ལྷ་སྔགས་ལ་ཆེད་འཛིན་གྱི་སྤྲོས་པ་དོར་ཏེ་རང་རིག་གཉུག་མའི་ངོ་བོ་ཟང་


JSD003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་རྗེན་པར་བསྐྱང་བཞིན་པའི་ངང་ནས་ཛཔ་ཀྱང་བཟླ། ཐུན་མཐར་དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་བརྗོད་ལ་ལྷག་ཆད་ཁ་སྐོང་ཞིང་བརྟན་པར་བྱ། ཉེར་སྤྱོད་སྨན་རཀ་གཏོར་མ་སྔགས་ཙམ་གྱིས་མཆོད། མ་བཅོས་སྤྲོས་བྲལ་ཤློ་ཀས་བསྟོད། ཡི་གེ་བརྒྱ་པས ནོངས་པ་བཤགས་ནས། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས། དེ་ཉིད་རང་ལ་ཐིམ་ནས་གཉིས་མེད་བློ་འདས་ཀ་དག་གི་ངང་ལ་བཞག །སླར་ཡང་ཟུང་འཇུག་གི་སྐུར་ལྡང་ལ། བསྔོ་སྨོན་དང་ཤིས་བརྗོད་བྱ། ཐུན་མཚམས་སུའང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བར་སྙིང་པོ་ཅི་ནུས་སུ་བར་མ་ཆད་དུ་བཟླ་ཞིང་གྲངས་སུ་མི་འདྲེན། བཟའ་བཏུང་བདུད་རྩིར་བརླབས་ཏེ་ནང་གི་ཚོགས་སུ་རོལ། ཐུན་བཞི་ཀ་དེའི་


JSD003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་སུ་བྱ་ཞིང་། དགོང་ཐུན་ནམ་སྲོད་ཐུན་གང་རིགས་ལ་རྗེས་སུ་ཚོགས་མཆོད་དང་། དམ་ཅན་སྤྱི་གཏོར་བཅས་མ་ཆགས་པར་བྱ་ཞིང་སྲོད་ཐུན་གཤམ་དུ་དཀྱིལ་འཁོར་བསྡུས་ནས་རྟོག་མེད་འོད་གསལ་གྱི་ངང་དུ་ཉལ་བ་སོགས་སྤྱོད་ལམ་ཐམས་ཅད་ཀྱི་ལམ་དུ་བསྒྱུར་བའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །བཟླས་པའི་འགོར་ཕྲེང་བ་བྱིན་བརླབས་སྤྱི་ལྟར་བྱེད་པ་དང་། ཐུན་གྱི་དངོས་གཞི་མི་ཚིག་གིས་བར་མ་ཆད་པར་བཟླ་ཞིང་སྒྲ་ཧ་ཅང་ཆེ་བ་དང་། ཆུང་ནས་འབྲུ་མི་གསལ་བ་དང་། མྱུར་ནས་སྒྲ་འདྲེས་པ་དང་། བུལ་ནས་བྱེ་བ་དང་། ཡེངས་པ་དང་། དུབ་པར་སྒྲིམ་པ་སོགས་སྤངས་ལ། དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་བྱེ་བ་གཅིག་སྟེ་འབུམ་ཕྲག་བཅུ། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་གུ་རུའི་ཞལ་མཐོང་བ་སོགས་


JSD003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྤྱི་མཐུན་འབྱུང་སྟེ་གྲངས་དུས་རྟགས་གསུམ་ཀ་རྫོགས་ན་རབ་ཡིན་ལ་མ་བྱུང་ཡང་གང་རུང་ཞིག་མཐར་ཕྱིན་པར་བྱའོ། གསུམ་པ་རྗེས་མཐའ་རྒྱས་ལ་གཉིས། ལས་སྦྱོར་དང་། དངོས་གྲུབ་བླང་བ་སོགས་སོ། །དང་པོ་ནི། མཚམས་མ་གྲོལ་གོང་ཉིན་གསུམ་ཙམ་གྱི་རིང་ཐོག་མར་དགོང་ཐུན་ཞིག་ནས་དབུ་བཟུང་སྟེ། ཐུན་ཐམས་ཅད་ལ་བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་རེ་སོང་ནས་ལས་སྦྱོར་གྱི་དམིགས་པ་ནི། བླ་མ་འོད་ཞུ་རང་ལ་ཐིམ༔ སོགས་བརྗོད་ཅིང་བསམ་ལ་ཐོད་ཕྲེང་རྩལ་གྱི་ཤམ་བུརཾ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི་ཧྲི་ཛ༔ སརྦ་སིདྡྷི་ཤཱིནྟཾ་པུཙྪི་ཝཱ་ཤཾ་མཱ་ར་ཡ་རྦད། ཅེས་བཏགས་པ་སུམ་བརྒྱ་ཙམ་བཟླ། འདི་སྐབས་དམིགས་པ་ནི། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐད་ཅིག་གིས་རང་ཉིད་


JSD003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་ཕྲེང་རྩལ་དུ་གནས་གྱུར་པའི་སྤྱི་བོར་ཤར་གྱི་རྡོ་རྗེ་ཐོད་ཕྲེལ་རྩལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་ནད་གདོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཞི་བར་བསམ། དེ་བཞིན་དུ་རིགས་འགྲེ་སྦྱར་ཏེ། རཏྣ་ཐོད་ཕྲེང་རྩལ་དང་རིན་ཆེན་མཁའ་འགྲོ་ལས་འོད་ཟེར་སེར་པོས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་རྒྱས། པདྨ་ཐོད་ཕྲེང་རྩལ་དང་པདྨ་མཁའ་འགྲོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ཁ་དང་མོའི་གསང་གནས་


JSD003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པར་བསམ་པ་དང་། ཀརྨ་ཐོད་ཕྲེང་རྩལ་དང་ལས་ཀྱི་མཁའ་འགྲོ་ལས་འོད་ཟེར་ལྗང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཐལ་བར་བརླག །ཚུར་འདུས་རང་ལ་ཐིམ་པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་མེད་དུ་སྦྱངས་པར་བསམ། བུདྡྷ་ཐོད་ཕྲེང་རྩལ་དང་མཁའ་འགྲོ་བཞི་ཀ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་པས་ལས་བཞི་གཅིག་ཆར་དུ་འགྲུབ་ཅིང་བཅུད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ་སྦྱངས། ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། འདི་དག་གི་ཚེ་མཁའ་འགྲོ་རེ་རེ་ལའང་སོ་སོའི་རིགས་


JSD003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་དུ་མས་བསྐོར་བ་རྣམས་ཐོད་ཕྲེང་རྩལ་གྱི་བཀའ་ཉན་ཅིང་ལས་དེ་དང་དེ་སྒྲབ་པའི་ཕྲིན་ལས་ལ་གཅིག་ཏུ་བརྩོན་པར་བསམ། སྤྲོས་པ་ལ་དགའ་ན་སྔགས་ཀྱི་ཤམ་འདོགས་ཀྱང་སརྦ་སིདྡྷི་ཞེས་པའི་མཐར། ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། ཚེ་དང་བསོད་ནམས་པུཥྞི་ཀུ་རུ་ཡེ་སྭཱཧཱ། ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱཧཱ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད། ཅེས་སྦྱར་ནའང་ལེགས་པའི་ཡན་ལག་ཏུ་འགྱུར། ཐུན་གྱི་མཐའི་འགྲིགས་སྔར་བཞིན་ནོ། །གཉིས་པ་ནི། བསྙེན་སྒྲུབ་ལས་སྦྱོར་བཅས་གྲུབ་ནས་ཡར་མར་ཚེས་བཅུ་ལྟ་བུའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་མཐར་དངོས་གྲུབ་བླངས་ནས་མཚམས་གྲོལ་རྒྱུ་ཡིན་པས་གཏོར་མ་རིན་ཆེན་འབར་བ་ཕྱག་ལེན་ལྟར་བཞེངས་པར་ཤ་ཆང་གཙོ་བོར་གྱུར་པའི་


JSD003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫས་བཟའ་བཅའ་གང་འབྱོར་གྱིས་བསྐོར་བ་དཀྱིལ་འཁོར་གྱི་ཉེ་ལོགས་སུ་བཤམས། གཞན་ཡང་བགེགས་གཏོར་གཅིག འཛུག་གཏོར་གྲས་སུ་མེད་ན་ཆད་ཐོའི་གཏོར་མ། ཚོགས་དང་། རྒྱལ་ཆེན་བཞིའི་ཐོ་འགྲོལ་གྱི་གཏོར་མ་བཅས་བཤམས། ལས་བྱང་ཚང་བར་བཏང་བའི་བགེགས་བསྐྲད་ཀྱི་སྐབས་སུ་སྒྲུབ་རྫས་ལ་བགེགས་བསྐྲད་པའི་དམིགས་པ་བྱེད། ལྷ་བསྐྱེད་སྐབས་རང་དང་མདུན་གྱི་སྐུ་རྟེན་གཏོར་མ་ཆེན་པོ་བཅས་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་པ་ལྷན་ཅིག་ཏུ་བསྟིམ། བཟླས་པའི་སྐབས་སུ་རྩ་སྔགས་ཀྱི་བཟླས་པ་ལྔ་བརྒྱ་ཙམ། ལས་སྔགས་ཤམ་བུ་སྦྲེལ་བ་བརྒྱའམ་ཉེར་གཅིག་བཟླ། འདི་སྐབས་དམིགས་པ་གཙོ་བོར་བདག་བསྐྱེད་


JSD003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་བྱས་ཀྱང་རུང་། ཡང་མདུན་བསྐྱེད་ཀྱི་བླ་མ་དབང་ལེན་པའི་ཡུལ་དུ་བྱས་ཀྱང་རུང་སྟེ། བློ་ལ་འཆར་གང་བདེ་བྱེད། ཁྱད་པར་མདུན་གྱི་བླ་མའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པར་བར་མ་ཆད་པར་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཀྱང་འོད་ཟེར་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་རྣམས་ལ་བསྟིམ་པའི་མོས་པས་སྒྲུབ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཞེས་བཏགས་པ་བརྒྱ་སྟོང་སོགས་བཟླ། དེ་འཕྲོས་དགོངས་པ་བསྐྱང་ཞིང་ཚོགས་མཆོད་གཏོར་བསྔོ་རྒྱས་པར་བྱེད། ཚོགས་ལ་རོལ་ཞིང་སྔར་


JSD003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ཚོགས་ལྷག་དང་ཚོགས་ལྷག་གསར་པ་སྣོད་གཅིག་ཏུ་སྤུངས་ལ་སྨན་རཀ་བྲན། ལྷག་མ་བསྔོས་ལ་སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་བསྐྱལ་དུ་གཞུག །དེ་ནས་བསྐུལ་དང་ཆད་མདོ་བཏང་ལ་ཆད་ཐོའི་གཏོར་མ་ཐམས་ཅད་ཡང་ཐོག་ཁར་འབུལ། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་འབྱུང་པོ་ཐམས་ཅད་མནན་པའི་ཁར་སྣང་སྲིད་ཐམས་ཅད་རྟ་མགྲིན་གྱི དཀྱིལ་འཁོར་དུ་གསལ་བས་བྲོ་བརྡུང་བར་བསམ། རྟ་ཡི་བརྟུལ་ཞུགས་སོགས་བརྗོད། སྤྲོ་ན་མཚོ་སྐྱེས་ཐུགས་ཐིག་ལྟ་བུའི་ཚེ་འགུགས་བྱ། ཐོག༔ མར་སྒྲུབ་གཏོར་ལྷར་གསལ་བ་ལས་དབང་བཞི་ལེན་པའི་དམིགས་པ་རྒྱུན་གྱིས་དབང་བཞིའི་དམིགས་པ་ལྟར་བྱེད། དེ་རྗེས་ཐོད་པ་སྐུ་ཙཀ་བཅས་ལྷར་


JSD003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལས་ཀྱང་དབང་བཞི་ནན་ཆགས་སུ་ལེན་ཅིང་གཏོར་མ་སྐ་ཙཀ་བཅས་རང་གི་གནས་གསུམ་དུ་རེག ཧཱུྃཿ བདེ་མཆོག་བདེ་སྤྱོད་སོགས་བརྗོད་པའི་མཐར་གཏོར་མའི་ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པ་འོད་དུ་ཞུ་བ་ལས་སྒྲུབ་རྫས་དངོས་གྲུབ་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བསམ་ལ། གཏོར་ཟན་ཅུང་ཟད་ལོངས་སྤྱོད་ལ་སླར་ཡང་སྔར་ཤུལ་དུ་བཀོད། གཏོར་མ་རིན་ཆེན་འབར་བ་ཟས་སྣས་བསྐོར་བའི་དུམ་བུར་བཀས་ལ་རང་ཉིད་ཀྱིས་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་རྗེས་མཆོད་གཏོར་ཁ་གསོས་ལ་བྱིན་བརླབ། ལས་བྱང་ལྟར། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་སོགས་ཕྱི་མཆོད་ཚིགས་བཅད་ལ་ཕྱི་ནང་གསང་མཆོད་སྔགས་བཅས་འབུལ། མ་བཅོས་སྤྲོས་བྲལ་སོགས་བློ་ཀས་བསྟོད། ཉམས་ཆག་སྐོང་བའི་


JSD003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་། ཡི་གེ་བརྒྱ་པ་བརྒྱའམ་ཉེར་གཅིག་བཟླས་རྗེས། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རས་བྲིས་ཡོད་ན་དང་བྲིས་སྐུ་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས། སུ་པྲཏིཥྛས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། བདག་བསྐྱེད་ཉེར་བསྡུ་སྤྲོས་པ་ལ་དགའ་ན་སྣང་སྲིད་ལྷར་གསལ་བ་འོད་དུ་ཞུ་བ་སྲུང་འཁོར་ལ་ཐིམ། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ ཅེས་པ་དང་མཉམ་དུ་སྤྱི་བོའི་བླ་མ་ཡང་རང་ལ་ཐིམ། རང་ཡང་ཡས་མས་ནས་འོད་དུ་ཞུ་སྟེ་ཐུགས་སྲོག་ཧྲཱིཿལ། དེའང་ར་བཏགས་ཧ་གི་གུའི་བར་རིམ་བཞིན་ཡར་ཐིམ། གི་གུ་མི་དམིགས་པར་བསམ་ལ་མཉམ་པར་འཇོག་པའམ། བསྡུ་ན་རྒྱུན་གཏན་ཇི་ལྟ་བ་བཞིན་བགྱིས་ཀྱང་རུང་། དེ་རྗེས་རང་ཉིད་ཐུན་མཚམས་ཀྱི་ལྷ་རྟ་མགྲིན་དཔའ་བོ་


JSD003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་སྐུར་ལྡང་། གནས་གསུམ་བསྲུང་། ལམ་ཟབ་འདི་ཁོ་ན་དངོས་གྲུབ་ཀྱི་རྩ་བར་ངེས་པའི་ཤེས་པ་གཏིང་ཚུགས་བསྐྱེད་ལ་གྲུབ་མཐའ་བཟུང་། སྨོན་ལམ་དང་ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་བྱ། དེའི་རྗེས་ཐོག་ཁ་སྐོང་ཞི་བའི་སྦྱིན་སྲེག་གི་ཆོ་གའང་རིགས་མཐུན་གཞན་ནས་འབྱུང་བ་ལྟར་ཆའི་གྲངས་སོགས་འགྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཡང་། སྔོན་གྱི་བསྙེན་ཡིག་རྣམས་སུ་མི་གསལ་བས་མ་བྱས་ཀྱང་ཆད་སྐྱོན་དུ་མི་འགྱུར། དེ་ནས་སྒོའི་མཚམས་ཐོའི་དྲུང་དུ་མཆོད་གཏོར་བཤམ་ལ་རང་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་སྔར་བཞིན་བྱིན་བརླབས་ཤིང་སྔགས་ཀྱིས་ཕུལ་ནས། ཧཱུྃཿ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔


JSD003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུ༔ ཞེས་གཤེགས་གསོལ་བྱས་ལ་ཐོག་མར་མིག་ཉི་ཟླ་ལ་བལྟ་ཞིང་གྱེན་དུ་འགྲོ་བ་སོགས་རྟེན་འབྲེལ་གྱི་སྒོ་མ་ལོག་པ་བྱས་ཏེ་ནང་མཚམས་ནས་བརྩམ་སྟེ་རིམ་པར་གྲོལ། དགའ་སྟོན་ཕུན་སུམ་ཚོགས་པས་དགེ་ལེགས་གོང་འཕེལ་དུ་བྱ། དེ་ལྟར་བསྒྲུབ་པའི་ཕན་ཡོན་ཀྱང་སྤྱིར་གསང་སྔགས་ཀུན་ནས་རྒྱ་ཆེར་གསུངས་ཤིང་རྡོ་རྗེ་ཐེག་པའི་ཉེ་ལམ་རྩ་བའི་བླ་མ་ཚུལ་བཞིན་སྒྲབ་པ་ལ་རག་ལས་པ་དང་། ཁྱད་པར་སངས་རྒྱས་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་འདེབས་མཆོད་བསྟོད་བསྙེན་སྒྲུབ་ལ་སོགས་པ་བགྱིས་ན་རྨད་དུ་བྱུང་བའི་ཐུགས་རྗེས་ངན་སོང་དང་འཁོར་བའི་དུཿཁ་ལས་ངེས་པར་སྒྲོལ་ཞིང་གྲུབ་རྟགས་ལོ་ཟླ་མི་


JSD003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འགྱངས་པར་གྲུབ་གཉིས་ལག་རྩེར་མངོན་དུ་སྨིན་ནས་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཐུགས་ཀློང་དུ་སངས་རྒྱས་པ་ནི། གསང་འདུས་ཐེམས་མེད་ཞལ་གདམས་ལས། མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། བློ་སྙིང་བྲང་གསུམ་པདྨ་ང་ལ་གཏོདཿ བསླུས་ན་པདྨ་ཞན་ནོ་ཕྱི་རབས་རྣམས༔ ཞེས་སངས་རྒྱས་ཀུན་འདུས་ཉིད་ཀྱི་ཞལ་ནས་དབུགས་དབྱུང་ཕྱིར་ནམ་དུའང་རྫུན་མི་གསུང་བའི་ངེས་ཤེས་བརྟན་པོ་བློ་ལ་བཞག་ནས་ཕ་རྒན་བླ་མ་པདྨ་འབྱུང་གནས་ལ་བློ་སྙིང་བྲང་གསུམ་བཀལ་ནས་གསོལ་འདེབས་བཟླས་བསྒོམ་གྱི་ངང་མི་ཚེ་སྐྱེལ་བ་ཞིག་ཐུགས་ལ་བཏགས་པ་ཅི་ནས་ཀྱང་འཚལ་ལོ་ཞེས་བདག་གི་རྡོ་རྗེའི་སྤུན་གྲོགས་རྣམས་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས་སོ། འདིར་


JSD003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འབད་རྣམ་དཀར་ཟླ་འོད་ཀྱིས། །འཇིགས་རུང་སྲིད་པའི་མུན་དཔྱིས་འབྱིན། །དོན་གཉིས་ཀུ་མུཏ་འཛུམ་མུལ་ནས། །བསྐལ་བཟང་བུང་བ་དགའ་བྱེད་ཤོག །ཅེས་བླ་སྒྲུབ་གཏེར་ཁ་བདུན་འདུས་ཀྱི་བསྙེན་པའི་གསལ་བྱེད་ཀྱི་རིམ་པ་འདི་ལྟ་བུ་ཞིག་དགོས་ཞེས་ལམ་ཟབ་འདི་ལ་མཆོག་ཏུ་མོས་ཤིང་འཇུག་པ་ལྷུར་ལེན་པའི་སྐལ་བ་དགེ་བ་ཅན་རྣམ་སྲས་ཚེ་དབང་བསོད་ནམས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་དུས་ཞབས་ཀྱི་བྱ་བྲལ་མ་ཎི་སངས་རྒྱས་རྡོ་རྗེས་བགྱིས་པ་དགེ་ལེགས་འཕེལ།། །།


JSD003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་སྒྲུབ་གཏེར་ཁ་བདུན་འདུས་དང་འབྲེལ་བའི་བསྙེན་ཡིག་སྙིང་པོར་བསྡུས་པ་བལྟས་གསལ་དྲི་མེད་ཤེལ་གྱི་མེ་ལོང་།next