Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
སྦས་ཡུལ་ཡོལ་མོའི་གནས་བསྟོད་ཀ་ཁ་སུམ་ཅུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦས་ཡུལ་ཡོལ་མོའི་གནས་བསྟོད་ཀ་ཁ་སུམ་ཅུ་པ།next

སྦས་ཡུལ་ཡོལ་མོའི་གནས་བསྟོད་ཀ་ཁ་སུམ་ཅུ་པ།


JSD004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ཡུལ་ཡོལ་མོའི་གནས་བསྟོད་ཀཁ་སུམ་ཅུ་པ་བཞུགས་སོ། །ན་མོ་གུ་རུ་བྷྱ། ཀ་བ་གནམ་དུ་བསྒྲེངས་འདྲའི་ཇོ་མོ་ཡི་གཡང་རི། །ཁ་དོག་གཅིག་ཏུ་མི་གནས་ནམ་ཟླ་ཁོས་འགྱུར་འགྲོ། །ག་བུར་རྡུལ་ལྟར་དཀར་བའི་གངས་རི་ཡིས་མཐའ་བསྐོར། །ང་ཅག་པདྨའི་བརྒྱུད་འཛིན་བསྟི་གནས་སུ་བསྔགས་སོ། །ཅ་ཅོ་རྣམ་གཡེང་ཏིང་འཛིན་ཚེར་མ་དང་བྲལ་ཞིང་། །ཆ་ཙམ་ཉོན་མོངས་ཡུལ་མིན་རི་དྭགས་ཀྱི་གྲོགས་དང་། །ཇ་ཆང་རྙེད་དང་བཀུར་སྟིས་ཆོས་མཛད་རྣམས་བཏེགས་ཀྱང་། །ཉ་ཕག་ཁ་ན་མ་ཐོའི་སྡིག་ཟས་ནི་མ་ལགས། །ཏ་ཐཱ་ག་ཏ་དྲི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །ཐ་མའི་དུས་ལ་དགོངས་ནས་བྱིན་གྱིས་རང་བརླབས་མཐུས། །ད་ལྟ་སྒྲུབ་པའི་མཐུན་རྐྱེན་རང་ཤུགས་ཀྱིས་ཚང་ཞིང་། །ན་དགའ་འཆི་སྐྱིད་གདེང་ཐོབ་སྦས་གནས་འདི་དགའ་


JSD004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འོ། །པ་ཝ་སངས་ལྟར་དཀར་བའི་ཕུ་གསུམ་གྱི་གངས་འདབས། །ཕ་རོལ་ཚུ་རོལ་མེད་པར་བྲག་ཁྲོད་དང་ནགས་རོང་། །བ་ལིང་གཏོར་གྲལ་བཤམས་འདྲའི་འཇིགས་རྔམ་གྱི་བཀོད་པ། །མ་མཐོང་ལྟད་མོ་གསར་པའི་དགའ་སྟོན་འདི་ཡག་བྱུང་། །ཙཱ་རི་ཙཱ་གོང་ལྟ་བུར་མཐའ་དམག་གིས་མི་འཇིག །ཚ་གྲང་སྙོམ་པ་བལ་བོད་ས་མཚམས་སུ་ཆགས་ཀྱང་། །ཛ་ལང་ལོག་ལྟ་ཅན་ཚོས་སྤྱོད་ཡུལ་ཡང་མ་ལགས། །ཝ་སྤྱང་ནགས་སུ་གནས་འདྲའི་དམུ་རྒོད་རྣམས་ཅི་ཆ། །ཞ་རིངས་སྤངས་པའི་སྤྲ་སྤྲེའུ་མིག་འཕྲུལ་བཞིན་རྩེ་ཞིང་། །ཟ་འདོད་ལིངས་པའི་དགྲ་ལ་རི་དྭགས་ཚོགས་བཟུར་ཏེ། །འ་ཅག་རང་ཤོང་སྤྱིལ་བུའི་ཉེ་འཁྲིས་སུ་ཡིབ་འདིས། །ཡ་ང་སྙིང་རྗེའི་བསམ་བློ་དབང་མེད་དུ་སྐྱེས་བྱུང་། །རྭ་ལོ་མི་ལ་རྒོད་ཚང་རྣམ་གསུམ་སོགས་བོད་ཀྱི། །ལ་ལ་ཙམ་མིན་


JSD004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་གྲུབ་ཐོབ་ནི་དུ་མས། །ཤ་མོ་ཟ་ཚོད་འཚོ་བ་དཀའ་ཐུབ་ལ་བརྟེན་ཅིང་། །ས་ལམ་དབུ་མའི་སྦུབས་ནས་རྫོགས་པ་ལ་གཟིགས་ཤིག །ཧ་ལམ་བཅད་མ་ལྷུག་གི་གནས་བསྟོད་ཀྱི་གླུ་དབྱངས། །ཨ་མ་ཇོ་མོའི་རི་སུལ་ཉམས་དགའ་ནས་བླངས་སོ། །ཞེས་པའང་བྱ་བྲལ་བུདྡྷས་༧་ཉམས་མཚར་རོ།།


JSD004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྦས་ཡུལ་ཡོལ་མོའི་གནས་བསྟོད་ཀ་ཁ་སུམ་ཅུ་པ།next