Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
 
 
  
 
  
 expand section
  
 
  
རིག་འཛིན་བྱང་ཆུབ་རྡོ་རྗེའི་གསུང་མགུར།
  
  
  
  
  
  
  
  
  
  
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousརིག་འཛིན་བྱང་ཆུབ་རྡོ་རྗེའི་གསུང་མགུར།next

རིག་འཛིན་བྱང་ཆུབ་རྡོ་རྗེའི་གསུང་མགུར།

རིག་འཛིན་བྱང་ཆུབ་རྡོ་རྗེའི་གསུང་མགུར་བཞུགས། །སྐྱབས་གནས་ཀུན་འདུས་དྲིན་ཆེན་གྱི་བླ་མ། །རྩ་བའི་བླ་མ་མཁྱེན་བརྩེ་ཡི་འོད་ཟེར། །འབངས་གཅིག་བདག་གི་གཙུག་རྒྱན་དུ་རོལ་ལ། །རྗེས་འཇུག་སློབ་བུ་བཀའ་དྲིན་གྱིས་སྐྱོངས་ཤིག །ཀྱེ་ཧོ་གསོན་དང་དད་ལྡན་གྱི་སྣོད་མཆོག །དལ་འབྱོར་རྙེད་དཀའ་འཇིགས་སླ་ལ་སེམས་དང་། །ཡུན་རིང་སྡོད་ཤོམ་འདི་ཉིད་ཀྱིས་བསླུ་ཡོང་། །སྒྱུ་འབྲས་བསླུ་མེད་ས་བོན་གྱིས་བསྐྲུན་པའི། །འཁོར་བའི་ཉེས་དམིགས་སྐྱུང་ཐབས་ལ་རེམས་ཤིག །ཐར་པའི་ཕན་ཡོན་དགེ་སྟོབས་ཀྱིས་ཡིན་པའི། །ཐོག་མཐའ་བར་གསུམ་དགེ་བ་ལ་འབུངས་འཚལ། །ཀུན་རྫོབ་ཆོས་ཞིབ་དོན་དམ་ལ་འདུས་པའི། །རང་སེམས་སྐྱེ་མེད་མཐོང་ཐབས་ལ་རེམ་མཛོད། །སེམས་ཉིད་ཇི་བཞིན་མངོན་སུམ་དུ་མཐོང་ཚེ། །ལྟ་མཁན་མ་གཏོགས་བལྟ་ཡུལ་ཀྱང་མཛོད། །བལྟ་ཡུལ་མེད་པའི་ལྟ་མཁན་ཁོ་མཐོང་ཚེ། །ལྟ་མཁན་ཁོ་རང་བསམ་བརྗོད་ལས་འདས་ཤིང་། །ཡོད་ཅེས་རྡུལ་གྱི་ཕྲ་མོ་ཙམ་མེད་ཅིང་། །མེད་པ་མ་ཡིན་མཁན་པོ་ཁོ་རྟག་པ། །རྟག་པ་མ་ཡིན་ངོས་བཟུང་དང་བྲལ་ཞིང་། །ཆད་པ་མ་ཡིན་གཏིང་གསལ་གྱི་རིག་པ། །བལྟས་པས་མི་མཐོང་གདོད་མ་ནས་སྟོང་ཞིང་། །བསྐྱུར་བས་མི་སྤོང་ཚ་བ་དང་མེ་བཞིན། །བསྒོམ་པས་སུ་སྒོམ་སྒོམ་མཁན་ཁོ་མིན་པའི། །སྒོམ་སྒྱུ་ལོག་ན་ཨེ་འདུག་ཞིག་ལྟོས་དང་། ཧེ་ཧེ། བསྒོམ་རྒྱུ་མེད་ཀྱང་སྒོམ་མཁན་ཞིག་ཡོད་ན། །གང་ཟག་བདག་མེད་ཇི་བཞིན་དུ་རྟོགས་ཀྱང་། །ཆོས་ཀྱི་བདག་མེད་མ་རྟོགས་པའི་སྐྱོན་ཡིན། །དེ་ཕྱིར་སྒོམ་མཁན་བསྒོམ་རྒྱུ་གཉིས་གང་ཡང་། །ཡོད་མེད་རྟག་ཆད་མཐའ་དབུས་དང་བྲལ་བའི། །ནམ་མཁའ་ཇི་བཞིན་མ་བཅོས་པར་སྒོམས་ཤིག །དྲན་པ་སྒོམ་གྱི་དངོས་གཞི་རུ་གསུངས་ཀྱང་། །དྲན་འཛིན་ཞེན་ཆགས་འཁོར་བ་ཡི་རྒྱུར་གསུངས། །དེ་ཕྱིར་འཛིན་མེད་དྲན་པ་འདི་གཅེས་སོགས། །དྲུག་ལྡན་བླ་མའི་བྱིན་རླབས་དང་ནུས་སྟོབས། །སྐལ་ལྡན་བདག་ལ་ཡོངས་འདུས་སུ་སྨིན་ནས། །བསྟན་འགྲོ་ཡོངས་ཀྱི་ནོར་མཆོག་ཏུ་གྱུར་ཅིག །དགེའོ། དགེའོ། དགེའོ། །
ཨེ་མ་ཧོ། དཔལ་ཡོན་ཏན་ཀུན་གྱི་འབྱུང་གནས་ཆེ། །ཕ་དུས་གསུམ་ཀུན་མཁྱེན་འཇིགས་མེད་གླིང་། །བདག་གསོལ་འདེབས་བུ་སློབ་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །ཁྱོད་གསོན་དང་ཆུ་སྐྱེས་དྲི་མེད་ལགས། །རྟེན་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །ཆོས་རྣམ་དང་བསྒྲུབ་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་འཆི་ཚེ་གདེངས་ཐོབ་གལ། །ལས་རྒྱུ་འབྲས་ཆོ་བཤད་མང་ཐོས་ཀྱང་། །དོན་བླང་དོར་མི་འཛོལ་ལ་ལ་ཙམ། །དོན་དེ་ཕྱིར་དགེ་སྒྲུབ་སྡིག་སྤང་རེམ། །སྲིད་འཁོར་བའི་ཉེས་སྐྱོན་མང་ཐོས་ཀྱང་། །ལམ་ཐར་པ་དོན་གཉེར་ལ་ལ་ཙམ། །དོན་དེ་ཕྱིར་ཐར་དང་རྣམ་མཁྱེན་སྒྲུབས། །ལམ་ཐེག་ཆེན་བཞུགས་རློམ་མང་ལགས་ཀྱང་། །དོན་གཞན་ཕན་སྒྲུབ་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་གཞན་ཕན་ནན་གྱིས་སྒྲུབས། །ཆོས་སྨིན་གྲོལ་ཐོབ་པ་མང་ལགས་ཀྱང་། །གནད་དམ་ཚིག་བསྲུང་བ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་དམ་སྲུངས་སྒོམ་བཟླས་འབུངས། །ལུས་དབེན་པར་སྦས་རློམ་མང་ལགས་ཀྱང་། །སེམས་དབེན་པར་གནས་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་ཡེངས་མེད་ཏིང་འཛིན་གནད། །སྒོམ་བྱེད་ལོས་གཟུགས་བརྙན་མང་ལགས་ཀྱང་། །སེམས་ལུང་མ་བསྟན་ལས་སད་པ་ཉུང་། །དོན་དེ་ཕྱིར་མ་ཡེངས་མི་སྒོམ་གནད། །སེམས་རང་ངོ་མཐོང་རློང་མང་ལགས་ཀྱང་། །གནད་རྟོགས་བྲལ་ཡེངས་མེད་མཇལ་བ་ཉུང་། །དོན་དེ་ཕྱིར་ལྟ་སྒོམ་གཡོགས་དང་ཕྲོལ། །ཉམས་དམིགས་པའི་དྲན་འཛིན་བསྟན་ལགས་ཀྱང་། །གནད་དྲན་མེད་ངོ་བོ་མཐོང་བ་ཉུང་། །ལར་ལྟ་བ་ལ་ཡིན་པ་མེད་པ་གཅེས། །དེ་ཅི་ལྟར་ན་ཡིན་བློའི་འཛིན་པ་བྲལ། །དོན་སྒོམ་པ་ལ་མིན་པ་མེད་པ་ཞེས། །ཆོས་སྣ་ཚོགས་ཀུན་སྒོམ་དུ་ཤར་བ་གཅེས། །ཚུལ་སྤྱོད་པ་ལ་བཅོས་བསླད་མེད་པ་ཞེས། །དོན་རྗེས་ཤེས་ཀྱི་དྲན་པས་ཡོངས་ཁྱབ་གནད། །ཚུལ་དེ་བཞིན་གྱིས་ཐོས་དང་བསམ་པ་དང་། །སྒོམ་པ་ཡིས་མཐའ་རུ་ཕྱིན་པར་མཛོད། །ཚིག་དེ་སྐད་ཅེས་རྡོ་བླས་སྨྲས་པ་དགེ །སརྦ་མངྒ་ལཾ།
སྙི་བླ་བསྟན་འཛིན་དར་རྒྱས་ལ་གདམས་པ། །ཕྱོགས་རིས་མེད་པའི་ལྟ་བ་དང་། །དམིགས་གཏད་བྲལ་བའི་སྒོམ་པ་ལ། །བཅོས་བསྒྱུར་སྤོང་བའི་སྤྱོད་པས་མཛེས། །བྲལ་ཐོབ་རང་ངོར་རྫོགས་ཁྱོད་རྒྱལ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་འགག་གནས་གསུམ་བྲལ་མོད་ཀྱང་། །སྐྱེ་འགག་སེམས་དང་རིག་པ་དབྱེར་མེད་དེ། །ཤེལ་དང་གདངས་འོད་དབྱེར་མེད་དཔེ། །བྱུང་གནས་འགྲོ་གསུམ་དབྱེར་མེད་དཔེ། །ཆུ་རླན་རླབ་ཕྲེང་ཟུང་འཇུག་ལྟར། །སེམས་ཞེས་དུས་གསུམ་རྣམ་རྟོག་ལ། །རིག་པ་དེའི་དབྱིངས་འགྱུར་མེད་དོན། །སེམས་ཀྱི་དཔེ་ནི་སྤྲིན་ཕུང་དང་། །ཁ་ཆར་རླུང་འཚུབ་སེར་བ་འཇའ། །གློ་བུར་ལྷག་པའི་འབྱུང་འཕྲུལ་བཞིན། །རིག་པ་ཡེ་སྟོང་ནམ་མཁའ་འདྲ། །བལྟས་པས་མཐོང་མེད་མཁའ་ལྟར་སྟོང་། །མཐོང་མེད་མཐོང་འཛིན་གཉིས་འཛིན་སྐྱོན། །མ་ཡེངས་རློམ་ཀྱང་དམིགས་གཏད་ཡིན། །ཡེངས་པར་དྭོགས་ཀྱང་ཤོར་རྒྱུ་ཅི། །དཔེར་ན་སྤྲིན་སོགས་འབྱུང་འཕྲུལ་ཚོགས། །ནམ་མཁའ་ཉིད་དང་འདྲེས་པ་མེད། །དེ་བཞིན་ཡེ་སྟོང་རིག་པ་དང་། །དུས་གསུམ་རྟོག་ཚོགས་འདྲེས་པ་མེད། །སྲིན་འཇའ་ཉི་སོགས་འབྱུང་འཕྲུལ་གྱིས། །ནམ་མཁར་ཕན་དང་གནོད་པ་བྲལ། །དེ་


previousརིག་འཛིན་བྱང་ཆུབ་རྡོ་རྗེའི་གསུང་མགུར།next