Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
ཙཱ་འདྲ་གནས་འདུས་སྒོ་བྱང་།
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousཙཱ་འདྲ་གནས་འདུས་སྒོ་བྱང་།next

ཙཱ་འདྲ་གནས་འདུས་སྒོ་བྱང་།


LT36_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདུས་སྒོ་བྱང་དང་པོ། །དཔལ་དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེའང་སངས་རྒྱས་གཉིས་པ་པདྨཱ་ཀ་རའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། །ཡོངས་སུ་གྲགས་ཤིང་ཁྱད་པར་དུ་འཕགས་པ་དབུས་གཙང་སྒྲུབ་གནས་ཉེར་གཅིག་བམས་ཀྱི་གནས་ཚན་ཉེར་ལྔ་ཞེས་གདོད་ནས་གྲགས་ཤིང་གྲུབ་པའི་ནང་ཚན་མདོ་ཁམས་སུ་བཞུགས་པའི་གནས་ཆེན་ཉེར་ལྔ་ལས་ཡོན་ཏན་ཐུགས་ཀྱི་གནས་མཆོག་འདི་ཉིད། ཐོག་མར་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ལོར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལྷ་གསར་མཆོད་སྡོང་བྱིན་རླབས་དཔལ་འབར་བཞུགས་པའི་དྲི་གཙང་ཁང་དུ་བླ་མ་དགོངས་པ་འདུས་པའི་དབང་སྒྲུབ་ཆེན་མོ་ཚུགས་པའི་སྐབས་སུ། དག་པའི་སྣང་བར་གནས་འདི་ཡུལ་ཆེན་ཉེར་བཞིའི་བྱེ་བྲག་དེ་བཱི་ཀོ་ཊེ་གསུམ་པ་ཡིན་ཚུལ་ཡེ་ཤེས་མཁའ་འགྲོའི་གསང་བའི་ལུང་ལས་ཐོས། དེ་རྗེས་མེ་སྦྲུལ་གནམ་ལོ་གསར་དུ་ཚེས་པར་ཉེ་བ་ན་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་ཁྲོམ་གཏེར་དུ་བཞེས། གནས་ཆེན་


LT36_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་པོ་ཙཱ་འདྲ་རིན་ཆེན་བྲག་གི་སྐོར་རྣམས་ཟླ་བ་དང་པོའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ངོ་སྤྲོད་མཛད། སླར་པ་ལུག་ལོར་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ཞལ་རྒྱས་པའི་སྐབས་སུ་གཏེར་ཆེན་རིན་པོ་ཆེས་ཟླ་བ་ལྔ་པའི་ཚེས་བཅུར་ཙཱ་འདྲ་རིན་ཆེན་བྲག་ནས་ཁྱད་པར་འཕགས་པའི་ཆོས་དང་དམ་རྫས་ཀྱི་ཟབ་གཏེར་སྤྱན་དྲངས་པ་དང་ལྷན་ཅིག་གནས་ཞལ་འབྱེད་ཅིང་མཚན་ཉིད་ཞིབ་པར་གཏན་འབེབས་མཛད་པས་ཆེ་བའི་ཡོན་ཏན་ཡོངས་སུ་གྲགས་ཏེ་ཕྲིན་ལས་ཀྱི་སྒོ་ཚུགས་པ་ལྟར། སྒོམ་སྒྲུབ་ཚོགས་མཆོད་ཕྱག་བསྐོར་སོགས་ཚོགས་གསོག་བགྱིས་ན་དུས་ནམ་ཡིན་ཏུ་ཁྱད་པར་མེད་པར་དགེ་རྩ་གང་སྒྲུབ་དེ་ཉིད་འབུམ་ཕྲག་རེའི་འགྱུར་ཡོད་པ་བསླུ་མེད་རྡོ་རྗེའི་ལུང་གི་ངེས་པ་ཡིན་ཅིང་། ད་ལམ་དམིགས་བསལ་ལྕགས་ལུག་ཟླ་བ་དྲུག་པའི་ཚེས་གཅིག་ནས་གནམ་གང་བར་དུ་དཔལ་གྱི་གནས་མཆོག་ཙཱ་རི་ཏྲའི་ཡེ་ཤེས་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་དངོས་སུ་བྱོན་པ་ཡིན་པས། མཐར་སྐོར་གཅིག་ལ་ཡིག་དྲུག་གམ་བཛྲ་གུ་རུ་དུང་ཕྱུར་བདུན། མཐར་སྐོར་གསུམ་ལ་ཙཱ་རི་རོང་ཆེན་བསྐོར་བའི་ཕན་ཡོན་ཡོད་ངེས་པ་ཡིན་ཅིང་། །དེ་བཞིན་ཧེ་རུ་ཀའི་བར་སྐོར་གཅིག་ལ་སྙིང་པོ་དུང་ཕྱུར་གསུམ། རྩེ་སྐོར་བདུན་ལ་དུང་ཕྱུར་གསུམ་གྱི་ཕན་ཡོན་ཡོད་པས་ཐམས་ཅད་ཀྱིས་སྒོ་གསུམ་མི་དགེ་བ་དང་མ་འདྲེས་པར་དད་གུས་མོས་པ་རྩེ་གཅིག་པའི་ངང་


LT36_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བསང་དང་ཚོགས་གཏོར་མཆོད་འབུལ། ཕྱག་བསྐོར་སོགས་དགེ་བའི་འབྲེལ་འཇོག་ཅི་ནུས་ལ་འབད་ན་མི་ལུས་དོན་ལྡན་ཏུ་འགྱུར་བ་དང་། ཚོགས་མཆོད་ལྟ་བུ་ལེན་རེ་ཕུལ་བས་ཀྱང་འབུམ་འགྱུར་གྱི་ཕན་ཡོད་ངེས་པར་ཐོབ་པ་དང་། ཁྱད་པར་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཡེ་ཤེས་ཀྱི་སྐུ་དངོས་དང་རྣམ་དབྱེར་མེད་པ་སྒྲོལ་སྐུ་གསུང་འབྱོན་མ་བཞུགས་ཡོད་པས། འཕགས་མ་སྒྲོལ་མ་ལ་དད་གུས་ཆེན་པོས་ཕྱག་འཚལ་ཉེར་གཅིག་དང་། སྒྲོལ་མའི་སྙིང་པོ་བཟླ་བཞིན་ཏུ་ཕྱག་བསྐོར་བྱས་ན་གནས་སྐབས་ཀྱི་འགལ་རྐྱེན་ཉེར་འཚོ་མཐའ་དག་ཞི་ཞིང་ཚེ་བསོད་ཡེ་ཤེས་འཕེལ། མཐའ་དམག་གདུག་པའི་ཉེར་བར་འཚེ་བ་ཞི་ཞིང་མཐར་ཐུག་འཕགས་མས་རྗེས་སུ་འཛིན་བའི་རྟེན་འབྲེལ་ཡོད་པ་དང་། གནས་ཀྱི་དབུ་རྩེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་དམ་གུ་རུ་རིན་པོ་ཆེ་ལ་རྩལ་བའི་འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་སྣང་བརྙན་ཡེ་ཤེས་ཀྱི་སྐུ་དང་ཚུལ་མཚུངས་པ་བསྟན་པའི་བཙས་སུ་ཟབ་གཏེར་དུ་བཞུགས་པས། སྙིང་པོ་ཡི་གེ་དྲུག་མ་བཟླ་བཞིན་ཕྱག་མཆོད་བསྐོར་བ་ལ་འབད་ན་མཚམས་མེད་པ་ལྔའི་སྡིག་པ་བྱང་ཞིང་འབྲེལ་ཚད་བདེ་བ་ཅན་ཏུ་སྐྱེ་བ་དང་། ཚེ་བསོད་དཔལ་འབྱོར་


LT36_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐམས་ཅད་རྒྱས་པར་རྡོ་རྗེའི་ལུང་ལས་གསལ་པས་དད་མོས་རྩེ་གཅིག་པས་ཕྱག་བསྐོར་མཆོད་འབུལ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་སོགས་སྒོ་གསུམ་འཇུག་པ་གཅིག་པས་འབད་བརྩོན་བགྱིས་ན་འདི་ཕྱི་ཀུན་ཏུ་དགེ་ཞིང་དོན་ཐམས་ཅད་འགྲུབ་པར་ངེས་པས་ཀུན་གྱིས་ཐུགས་ལ་གཞག་པར་ཞུ། ཞེས་དགེ་བསྐུལ་གྱི་ཡི་གེ་རབ་བྱུང་བཅོ་ལྔ་པའི་ནང་གསེས་སྐྱེ་དགུའི་བདག་ཅེས་ལྕགས་ལུགས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་རྫོང་སར་བཀྲ་ཤིས་ལྷ་རྩེའི་རང་གནས་བསམ་གཏན་གྱི་ཁང་བུ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། འཆི་མེད་བསྟན་གཉིས་གཡུ་དྲུང་གླིང་པ་ཟུང་གིས་སྤེལ་པ་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་རྟག་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཾ་མངྒ་ལཾ་བྷ་བནྟུ། ༈ །གནས་འདུས་སྒོ་བྱང་གཉིས་ད་ཨོཾ་སྭ་སྟི་སིདྡྷཾ། །གངས་ཅན་གྱི་ལྗོངས་འདིར་རྒྱལ་བ་ཀུན་ལས་བཀའ་དྲིན་ཕུལ་དུ་བྱུང་བ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཐོག་མར་མིའི་འགྲོ་བ་དང་ལོངས་སྤྱོད་ཀྱི་ཟས་བཅུད་སྤེལ་ཅིང་ས་རྡོ་རི་བྲག་རྣམས་ཀྱང་བྱིན་གྱིས་བརླབས། དེ་ཉིད་སྤྲུལ་པའི་རྒྱལ་པོའི་ཚུལ་བཟུང་བ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་རྟེན་བཀོད་ནས་མཐའ་འཁོབ་ཀྱི་ཡུལ་འདི་འཕགས་པའི་ཡུལ་ལྗོངས་དང་།


LT36_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མཛད། སྤྱན་རས་གཟིགས་ཉིད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་བཟུང་བ་སངས་རྒྱས་གཉིས་པ་པདྨཱ་ཀ་ར་བོད་ཡུལ་དུ་སྐུ་དངོས་ཀྱིས་ཕེབས་པས་བོད་ཁམས་མཐའ་དབུས་ཀུན་གྱིས་གཞི་རྟ་རྨིག་ཅོམ་ཡང་མ་ལུས་པ་ཞབས་ཀྱིས་གཅགས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། གངས་བྲག་རི་མཚོ་མ་ལུས་པ་སྒྲུབ་པའི་གནས་སུ་མཛད་ཅིང་ཕལ་ཆེར་གདོད་ནས་གྲུབ་པའི་གནས་ཆེན་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས་པ་ཐམས་ཅད་ཀྱང་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ཅན་ཏུ་བཞུགས་པ་ལས། སྐབས་སུ་བབས་པ། མདོ་ཁམས་ལྗོངས་སུ་གནས་ཆེན་གནས་ཕྲན་བསམ་གྱིས་མི་ཁྱབ་པ་བཞུགས་པ་ཐམས་ཅད་ཀྱི་གཙོ་བོ་གནས་ཆེན་ཉེར་ལྔ་ཞེས་ཡོངས་སུ་གྲགས་པ་ལས། ཡོན་ཏན་གྱི་གནས་ལྔ་པོ་སྡེ་བཞི་དགེ་བཅུས་མཚན་བའི་རྒྱལ་ཁམས་འདིར་བཞུགས་བའི་ནང་གསེས་ཡོན་ཏན་ཐུགས་ཀྱི་གནས་དཔལ་གྱི་ཙཱ་རི་ཏྲ་དང་རྣམ་དབྱེར་མེད་བ་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་ཅེས་པ་འདི་ཉིད། སྔོན་གྱི་དུས་ནས་གནས་ཆེན་ཡིན་པར་གྲགས་ཀྱང་སྤས་པའི་ཚུལ་དུ་བཞུགས་པ་ལ། དེང་སང་འགྲོ་དོན་དུས་ལ་བབས་ཤིང་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་བའི་རྒྱུ་ལས་རྩོད་བྲལ་གྱི་གཏེར་ཆེན་ཨོ་རྒྱན་མཆོག་


LT36_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གླིང་པས་སྤྱིའི་མདོ་བྱང་དང་། བྱེ་བྲག་འདི་ཉིད་དཀར་ཆག་གཏེར་ནས་བཞེས་ཤིང་གནས་ཞལ་འབྱེད་པར་མཛད། དཔལ་རྒྱལ་དབང་ཀརྨ་པ་ཡབ་སྲས་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པ་འདི་ཉིད་དག་པའི་སྣང་ངོར་ཡེ་ཤེས་ཀྱི་ཕོ་བྲང་རྩ་གསུམ་རྒྱལ་བ་རྒྱ་མཚོ་རྟག་ཏུ་བཞུགས་པ་ཡིན་པས་ནམ་དུའང་བྱིན་རླབས་དང་ལྡན་ཅིང་ཕྱག་བསྐོར་སོགས་ཀྱི་ཕན་ཡོན་གཏེར་གཞུང་ལས་འབྱུང་བ་ལྟར་ཡོད་པ་གཞིར་བཅས་ཀྱང་། ཁྱད་པར་དུས་ནི་གཏེར་གཞུང་ལས། ཁྱད་པར་ལུག་ལོ་སྤྲེལ་ཟླ་བར༔རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ཕྱོགས་བཅུའི་གནས་ནས་འདི་རུ་བྱོན། ཅེས་གསུངས་པ་ལྟར་ལུག་ལོ་ནམ་ཤར་དང་དེའི་ཡང་སྤྲེལ་ཟླའི་ནང་དུ་འདུ་བ་ཁྱད་པར་ཅན་ངེས་པར་ཡོད་པས། གནམ་ལོ་འདིའི་ཟླ་བ་ལྔ་པ། དྲུག་པ། བདུན་པ་སྟེ་སྤྲེལ་ཟླ་ལུག་གསུམ་དང་། ཁྱད་པར་ཟླ་བ་དྲུག་པ་ལ་དཔལ་གྱི་ཙཱ་རི་ཏྲ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་འདིར་འཕོས་ནས་བཞུགས་པ་ཡིན་པས་རྩེ་སྐོར་བདུན། བར་སྒོར་གསུམ། །མཐའ་སྐོར་གཅིག་ལ་དུང་ཕྱུར་བདུན་གྱི་འགྱུར་ཡོད་ཅིང་སྤྱིར་གཏེར་གཞུང་ལས། ཐུན་མོང་ཁྱད་པར་ཐམས་ཅད་དུ༔ དད་ཅིང་མོས་པ་བརྟན་པོ་ཡིས༔ གང་འདིར་ཕྱིན་པ་ཙམ་གྱིས་ཀྱང་། ངན་སོང་དུ༔ཁ་ལས་སྐྱོབ་ཅིང་༔ ཕྱི་ནང་གསང་བའི་ཚོགས་


LT36_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ ཕྱག་དང་སྐོར་བ་སུས་བྱེད་པ༔ ལས་ངན་སྡིག་སྒྲིབ་ཐམས་ཅད་འདག༔ གཞན་ཏུ་ལོ་གཅིག་སྒྲུབ་པ་ལས༔ ༔འདི་རུ་ཐུན་གཅིག་བསྒོས་བས་ཟབ༔ གནས་འདིར་མཆོད་པ་སུས་བྱེད་པ། ཚེ་དང་བསོད་ནམས་ཐམས་ཅད་རྒྱས༔ ཞེས་དང་། ཡང་བྱང་ལས། ཕྱག་འཚལ་ལན་གཅིག་བགྱིས་པ་དང་༔ ལན་གཅིག་བསྐོར་བས་ལུས་སྒྲིབ་དག༔ ཆེ་བའི་ཡོན་ཏན་སུས་བརྗོད་པ༔ ངག་གི་སྒྲིབ་པ་ཐམས་ཅད་བྱང་༔ དད་དང་ངེས་ཤེས་ཆེ་ལྡན་ན༔ མཆོག་དངོས་འགྲུབ་པ་སྨོས་ཅི་དགོས༔ ཞེས་སོགས་ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་གིས་ཡང་ཡང་བསྔགས་པ་ལ་དད་ཅིང་ཐེ་ཚོམ་མེད་པའི་ངེས་ཤེས་དང་ལྡན་པས་གནས་ནང་དུ་བྱ་དང་རི་དྭགས་གསོད་པ༔ རྩྭ་ཤིང་གཅོད་ཅིང་བྲག་བཤིག་ས་རྦབ་བསྒྲིལ། །རྐུ་འཕྲོག་འཐབ་རྩོད་མཁོན་འཁྲུགས་སོགས་མི་དགེ་བའི་ལས་སྤངས་ནས། ཚོགས་འཁོར། མཆོད་འབུལ། ཚེ་ཐར། ཀླུང་གཏའ་དར་ཅོག །ཁ་བཏོན། བཟླས་བརྗོད། ཕྱག་བསྐོར་སོགས་དགེ་བའི་ལས་ཅི་འགྲུབ་བྱས་ན་རེ་རེ་ལའང་འགྱུར་ཁྱད་ཕན་ཡོན་གོང་སྨོས་ལྟར་ཡོད་ངེས་པ་ཡིན་པས་མཆོག་དམན་ཀུན་གྱིས་ཐུགས་ལ་གཅགས་ཏེ་འདི་ཕྱིའི་གཏན་འདུན་དུས་ཐུང་དུས་འགྲུབ་པ་ལ་བཏང་


LT36_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་སུ་མ་ལུས་པའི་སྤང་བླང་མཛད་པ་ཞུ། ཞེས་དགེ་བསྐུལ་གྱི་ཡི་གེ་ཉི་མ་ཞེས་པ་ཆུ་མོ་ལུག་ལོ་ས་ག་ཟླ་བའི་གར་ཕྱོགས་ཀྱི་ཚེས་བཟང་པོར་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། འཆི་མེད་བསྟན་གཉིས་གཡུ་དྲུང་གླིང་བཟུང་གིས་སྤེལ་བ་སརྦ་དཱཀ་ལྱ་ི་བྷ་བནྟུ། ༈ །གནས་འདུས་སྒོ་བྱང་གསུམ་པ། གངས་ཅན་འགྲོ་བའི་སྐྱབས་གཅིག་པུ། །སངས་རྒྱས་གཉིས་པ་པདྨ་འབྱུང་། །དབྱིངས་ཡུམ་བདེ་ཆེན་རྒྱལ་མོ་ལ། །ཕྱག་འཚལ་གསོལ་འདེབས་བྱིན་གྱིས་རློབས། །འཛམ་བུའི་གླིང་འདིར་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་ཤིང་གདོད་ནས་གྲུབ་པའི་གནས་ཆེན་ཉི་ཤུ་རྩ་བཞི། ཡུལ་མཆོག་སུམ་ཅུ་སོ་གཉིས་རྣམས་སུ་བཞུགས་པའི་ནང་ཚན་བོད་ཡུལ་འདིར་བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་བཞུགས་པའི་གནས་ཆེན་གཅིག་ཁོ་ན་ཡོད་པ་ནི་དཔལ་གྱི་ཙཱ་རི་ཏྲ་ཡིན་ལ། དེའི་བཀོད་པ་གཉིས་པ་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་འདི་ཡིན་པའི་ཚུལ་མངའ་བདག་མར་པ་ལོ་ཙས། འདི་དང་ཉེ་བ་ན་དཔལ་གྱི་ཙ་རི་ཏྲ་ཡོད། དེའི་ཤར་ཕྱོགས་ན་དེའཱི་ཀོ་ཊ་ཞེས་བྱ་བ་ཡོད། མ་འོངས་པ་ན་ངའི་བུ་བརྒྱུད་ཀྱིས་འཛིན་པར་འགྱུར་ཅེས་ལུང་བསྟན་པ་བཞིན་སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པས་ཆོས་འཁོར་བཏབ་ཅིང་དར་རྒྱས་ཆེན་པོ་བྱུང་། ཕྱིས་སུ་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གདན་ས་མཛད་ཅིང་དཔལ་སྤུངས་དགོན་ཅེས་ཡོངས་སུ་གྲགས་པ་ཆགས་པའི་གནས་ཆེན་འདི་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་


LT36_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ཡོན་ཏན་ཐུགས་ཀྱི་གནས་ཆེན་ངེས་ཚད་དོན་དང་ལྡན་པ་ཡིན་ཀྱང་སྔར་སྦས་པའི་ཚུལ་དུ་བཞུགས་པ་ལ་དེང་སང་འགྲོ་དོན་དུས་ལ་བབས་ནས་ཐོག་མར་ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན། དེ་རྗེས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ལ་ཁོ་བོས་སྔ་རྗེས་བསྐུལ་མ་ཞུས་པ་ལྟར་གནས་ཆེན་ཉེར་ལྔའི་མདོ་བྱང་དང་གནས་འདིའི་དཀར་ཆག་དམིགས་གསལ་གཏེར་ནས་སྤྱན་དྲངས། རྗེ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡང་བྱང་གཏེར་དུ་བཞེས་པ་རྣམས་ཀྱི་དོན་བཞིན་གནས་ཞལ་ཕྱེས་པ་འདི་ཉིད་ལ་དུས་རྒྱུན་ཕྱག་བསྐོར་སོགས་དགེ་སྒྲུབ་ཅི་བྱས་ཀྱང་འབུམ་ཕྲག་རེའི་འགྱུར་ཁྱད་ཡོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟག་ཏུ་བཞུགས་པ་ཡིན་ཀྱང་། །ཁྱད་པར་གྱི་དུས་ནི་དཀར་ཆག་གཏེར་གཞུང་ལས། ཁྱད་པར་ལུག་ལོ་སྤྲེལ་ཟླ་བར༔ རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ ཕྱོགས་བཅུའི་གནས་ནས་འདི་རུ་བྱོན། ཞེས་གསུངས་པ་ལྟར་ངེས་པས། ཤིང་ལུག་གནམ་ལོ་འདིའི་ཟླ་བ་ལྔ་པ། དྲུག་པ། བདུན་པ་སྟེ་སྤྲེལ་ཟླ་ལུག་གསུམ་འབྱུང་བའི་སྐབས་སུ་རྩ་གསུམ་རབ་འབྱམས་བཞུགས་པའི་གནས་ཆེན་སྤྱི་དང་། བྱེ་བྲག་དཔལ་གྱི་ཙཱ་རི་ཏྲའི་དཀྱིལ་འཁོར་བ་མངོན་སུམ་དུ་བྱོན་ནས་དཔའ་བོ་དཔའ་མོའི་འདུ་བ་ལ་སྤྱོད་པ་ཡིན་པས་མཐའ་


LT36_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གཅིག་ལ་ཡིག་དྲུག་དང་བཛྲ་གུ་རུ་བཟླ་བ་སོགས་དགེ་རྩ་གང་སྒྲུབ་དུང་ཕྱུར་བདུན། བར་སྐོར་གཅིག་ལ་དུང་ཕྱུར་གསུམ། རྩེ་སྐོར་བདུན་ལ་དུང་ཕྱུར་གསུམ་གྱི་འགྱུར་བ་དང་། མཐའ་སྐོར་གསུམ་ལ་ཙཱ་རི་རོང་ཆེན་བསྐོར་བ་དང་ཁྱད་མེད་ངེས་པ་ཅན་ཡིན། གཞན་ཡང་གཏེར་གཞུང་ལས། མ་འོངས་གནས་མཆོག་འདི་དག་ཏུ༔ གྲུབ་པའི་སྐྱེས་བུ་དུ་མ་འདུ༔ གཙུག་ལག་ཁང་དང་མཆོད་རྟེན་འབྱུང་༔ ཞེས་ལུང་བསྟན་པའི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ནང་རྟེན་འགྲན་ཟླ་དང་བྲལ་བ་མང་དུ་བཞུགས་པ་དང་། དཀར་ཆག་ས་སྟེང་བྱུང་བ་ན༔ ཧེ་རུ་ཀ་ཡི་སྐུ་གསུང་ཐུགས༔ འོག་མིན་གནས་ནས་འདི་རུ་འཕོ༔ ཞེས་ལུང་བསྟན་པའི་དོན་བཞིན་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་རྟེན་གཞན་གང་ལས་ཀྱང་ཁྱད་པར་འཕགས་པ། རྗེ་བཙུན་སྒྲོལ་མ་དངོས་དང་ཁྱད་པར་མེད་པ་སྒྲོལ་སྐུ་གསུང་འབྱོན་མ་སོགས་བཞུགས་པ་དང་། གནས་ཀྱི་གཡས་ཕྱོགས་སུ་བཀྲ་ཤིས་དཔལ་གྱི་དེའུ། གཡོན་ཕྱོགས་སུ་གུ་རུ་རིན་པོ་ཆེའི་སྐུ་རྗེས་གཙོ་བོར་གྱུར་པའི་འབྲེལ་ཚད་དོན་ལྡན་གྱི་རྟེན་དང་བཀའ་རྟགས་རང་བྱོན་མཐའ་ཡས་པ་བཞུགས་པ་འདི་རྣམས་ལ་དགེ་བའི་འབྲེལ་བ་བཞག་པའི་ཕན་ཡོན་ཀྱང་གཏེར་གཞུང་ལས། ཐུན་མོང་ཁྱད་པར་ཐམས་


LT36_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ༔ དད་ཅིང་མོས་པ་བརྟན་པོ་ཡེས༔ གནས་འདིར་ཕྱིན་པ་ཙམ་གྱིས་ཀྱང་༔ ངན་སོང་དུ་༔ཁ་ལས་སྐྱོབ་ཅིང་༔ ཕྱི་ནང་གསང་བའི་ཚོགས་འཁོར་གྱིས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས། ཕྱག་དང་སྐོར་བ་སུས་བྱེད་པ༔ ལས་ངན་སྡིག་སྒྲིབ་ཐམས་ཅད་འདག༔ གཞན་ཏུ་ལོ་གཅིག་སྒྲུབ་པ་བས༔ འདི་རུ་ཐུན་གཅིག་བསྒོམས་པས་ཟབ༔ ༔རྩེ་གཅིག་སྒྲུབ་པ་སུས་བྱེད་པ༔ མཆོག་ཐུན་དངོས་གྲུབ་དེ་ཡིས་ཐོབ༔ གནས་འདིར་མཆོད་པ་སུས་བྱེད་པ༔ ཚེ་དང་བསོད་ནམས་ཐམས་ཅད་རྒྱས༔ ཞེས་དང་། ཡང་བྱེད་ལས་དཔལ་དེའུ་ལ་དམིགས་བསལ་དུ། མཐོང་བས་མཚམས་མེད་སྒྲིབ་དག་ན༔ འབྲེལ་པ་ཐོབ་པ་སྨོས་ཅི་དགོས༔ ལན་གཅིག་ཚོགས་གཏོར་བགྱིས་པས་ཀྱང་༔ སྒྲིབ་དག་གེགས་ཞི་བསོད་ནམས་འཕེལ༔ གནས་མཐིལ་མཁའ་འགྲོའི་དོར་ན༔ ཌཱ་ཀི་ཀུན་ཏུ་དགྱེས་པ་ཡི༔ ཕྱི་ནང་གསང་བའི་ལོངས་སྤྱོད་པས༔ རྩ་རླུང་ཐིག་ལེའི་འཕོ་བ་གྲོལ༔ ཞེས་སོགས་དང་༔ སྐུ་རྗེས་ལ། །དེ་མཐོང་རེག་དང་དྲན་པས་ཀྱང་༔ དད་དང་དམ་ཚིག་མཆོག་ལྡན་པས༔ སྐྱེ་བ་བདུན་ནས་མི་ལྡོག་པར༔ རྡོ་རྗེའི་ཡེ་ཤེས་འགྲུབ་འགྱུར་ན༔ དད་པས་བསྙེན་པ་སྨོས་ཅི་འཚལ༔ ཞེས་


LT36_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། གཞན་ཡང་ཕྱག་བསྐོར་མཆོད་འབུལ་མཎྜལ་ཚོགས་འཁོར་ཀླུང་གཏའ་སོགས་ཕུལ་བའི་ཕན་ཡོན་མདོ་བྱང་ཆེན་མོ་ལས་རྒྱས་པར་གསུངས་པ་ལྟར་ལགས་པ་དང་། གནས་འདིའི་རྩྭ་ཤིང་གཅོད་ཅིང་བྲག་སྒྱེལ་བ། རི་འདིར་གནས་པའི་སྲོག་ཆགས་བསོད་པ་དང་། མནའ་སྐྱེལ་ཞིང་ཀུ་ཅོ་སྒྲོགས་པ་སོགས་མི་དགེ་བའི་ལས་བྱས་ན་ཚེ་འདིར་བཀའ་ཆད་ཆེན་པོ་འབྱུང་། སྡིག་པ་བྱས་པའང་དགེ་བ་ལྟར་འགྱུར་སྟོབས་ཆེ་བས་དམྱལ་བར་འགྲོ་བ་ལ་ཐེ་ཚོམ་མེད་པས་མི་ལུས་ཐོབ་ཅིང་བློ་དང་ལྡན་པ་རྣམས་ཀྱིས། ཨོ་རྒྱན་སངས་རྒྱས་གཉིས་པའི་བསླུ་མེད་རྡོ་རྗེའི་གསུང་ལ་ཡིད་ཆེས་པས་དད་མོས་ཀྱིས་ཀུན་ནས་བསླངས་ཏེ་བཏང་སྙོམས་མེད་པའི་བརྩོན་འགྲུས་དྲག་པོས་གནས་རྟེན་རྣམས་ལ་བཟང་འབྲེལ་བཞག་ན་འདི་ཕྱིའི་དགེ་ལེགས་ཀྱི་དཔལ་ཡོན་ཡར་ཟླ་བཞིན་ཏུ་རྒྱས་པར་འགྱུར་རོ། །ཞེས་དགེ་བསྐུལ་གྱི་ཡི་གེ་འཆི་མེད་བསྟན་གཉིས་གཡུ་དྲུང་གླིང་བས་གཞན་ཕན་ལྷག་བསམ་བཟང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousཙཱ་འདྲ་གནས་འདུས་སྒོ་བྱང་།next