བླ་མ་དགོངས་འདུས་ཀྱི་བར་བྱང་།
བླ་མ་དགོངས་འདུས་ཀྱི་བར་བྱང་། ཨོཾ་སྭ་སྟི་སིདྡྷཾ། གྲོལ་གཞིར་རིག་པ་རང་གྲོལ་ནམ་མཁའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་སྣང་བའི་འཁོར་ལོའི་ཚུལ། །འོད་མི་འགྱུར་བ་པདྨ་བཛྲ་རྩལ། །རང་རིག་རང་བཞིན་སྙིང་གི་ཐིག་ལེར་མཆོད། ༡ །མི་ཟད་རྒྱན་གྱི་འཁོར་ལོ་སྤྲོ་བསྡུའི་ཡུལ། །སྐལ་པའི་སྣོད་ལྡན་བློ་ནི་མེ་ལོང་ལྟར། །དག་པས་སྣང་གྱུར་རིན་ཐང་མེད་པའི་གཏེར། །སྒོ་འབྱེད་སངས་རྒྱས་གླིང་པར་ཕྱག་གིས་བཏུད། ༢ །རང་བྱུང་རོལ་པའི་རྡོ་རྗེ་འཆང་དེ་དང་། །བུམ་འཛིན་ཉེར་གཅིག་ཆོས་སྤྱན་པད་ལྗགས་ཅན། །བུདྡྷ་མཆེད་དྲུག་འོད་དང་རྡོ་རྗེའི་གདུང་། །བཞི་སོགས་ཆོས་བདག་རྒྱ་མཚོའི་རྡུལ་རྣམས་བསྔགས། ༣ །ལུས་ཅན་རེ་རེའི་ཕྱིར་ཡང་རྒྱལ་བ་རྣམས། །ནམ་མཁའི་མཐའ་དང་མཛད་པ་སྙོམས་ཞུགས་མོད། །མུན་པའི་ལྗོངས་འདིར་སྣང་བའི་རྟ་བདུན་པ། །བདེ་ཆེན་གསུང་གི་རྡོ་རྗེ་དེ་ཁོ་ན། ༤ །གྲུབ་པ་ཉི་མ་ཤར་བ་ཙམ་ཉིད་ནས། །རིམ་འཇུག་གཅིག་ཅར་དཀྲི་དང་བེམ་དངོས་ཀྱང་། །དག་པའི་རྒྱས་བཏབ་དངོས་དང་བརྒྱུད་པ་ནས། །བོད་དུ་སྐྱེས་ཚད་གདུལ་བྱར་སྨིན་པར་མཛད། ༥ །ཁྱད་པར་ལས་ཀྱི་ཆུ་བོ་སྡུག་བསྔལ་རླབས། །དགུང་དུ་འཆེལ་བ་སྙིགས་མའི་རྣམ་འགྱུར་ལ། །བརྩེ་བའི་སྙིང་ཆུས་བཞིན་རས་བཀྲུས་པ་དེས། །
འགྲོ་ཕན་གཏེར་ནི་ནམ་མཁའ་མཛོད་ལྟར་གཏམས། ༦ །རིན་ཆེན་གླིང་དུ་དངོས་ཀུན་རིན་ཆེ་ཡང་། །འཇོག་པའི་གཙུག་རྒྱན་འདྲ་བའི་འདོད་འཇོ་མེད། །བཀའ་གཏེར་དག་སྣང་ཆོས་ཀྱི་རྒྱ་མཚོ་ལས། །དགོངས་པ་ཀུན་འདུས་སྔོན་ཆད་མ་བྱུང་ཆོས། ༧ །ཐུགས་སྲོག་དྭངས་མའི་བཅུད་གྱུར་བཀའ་གཙིགས་ཅན། །ཌཱ་ཀི་དམ་ཅན་རྒྱ་མཚོའི་བླ་རྡོ་སྟེ། །དགོས་པ་ཀུན་འབྱུང་ནོར་བུ་བྱེ་བའི་སྒྲོམ། །འདི་འཆང་སྐལ་བ་ཨུ་དུ་མ་ར་བཞིན། ༨ །བསྒོམ་དང་ཐོས་དང་འབྲེལ་ཐོགས་ཙམ་གྱིས་ཀྱང་། །འོད་ལུས་མཁའ་སྤྱོད་བདེ་བ་ཅན་ཞིང་དུ། །འཁོད་ཅེས་དཔལ་གྱི་མགུར་ནས་རྡོ་རྗེའི་ལུང་། །བདེན་པའི་རྔ་སྒྲ་ཡང་ནས་ཡང་དུ་བསྒྲགས། ༩ །ཆོས་བརྒྱད་དྲི་བྲལ་གང་ཐུགས་དྭངས་པའི་ཤེལ། །དགོས་པ་བརྒྱ་ཕྲག་ལ་ཆགས་ཚོན་རིས་ནི། །སྨོན་ལམ་ཉི་མའི་རླབས་ཀྱིས་ཕྱིར་བརྟོལ་བས། །ས་གསུམ་ཀུན་དགའི་མིག་འཕྲུལ་འདི་གྲུབ་བོ། ༡༠ །རྡོ་རྗེའི་གསང་ཚིག་རྣམ་ཤེས་སྤྱོད་ཡུལ་ལས། །རིང་སོང་མཐའ་དྲུག་ཚུལ་བཞིར་གབ་པའི་རྒྱ། །རྟོག་གེའི་ཚིག་དང་རིགས་པས་ཁྲོལ་མིན་ཀྱང་། །རྟོན་པ་བཞི་དང་དཔྱད་པ་གསུམ་གྱིས་ཞུས། ༡༡ །རྣམ་པ་ཐམས་ཅད་པ་ཡི་གསང་བ་གསུམ། །ཡུལ་གྲུ་རེར་ཡང་དེ་ཡི་གཟུགས་སྒྲར་སྣང་། །གཅིག་དཔེ་ཀུན་འགེབས་བློ་འདས་སྤྱོད་
ཡུལ་དང་། །མི་འཛའ་གསུང་ཀུན་ཡོངས་དག་ཆེན་པོར་རྟོགས། ༡༢ །འོན་ཀྱང་བྲིས་ཟློས་ནོར་འཁྲུལ་དྲི་མ་རུ། །དེས་རྣམས་རིག་པའི་ཞུགས་ཀྱིས་གཙང་བྱས་ཤིང་། །གདོད་ནས་གྲུབ་པའི་ཟབ་བརླིང་རྡོ་རྗེའི་ཚིག །བཅོས་མང་བྱིན་རླབས་ཞུད་དོགས་རང་སོར་བཞག༡༣། སྒྲ་དང་ཐ་སྙད་ཡུལ་རྣམས་ཕྱོགས་རེ་རེར། །མ་སོང་རིག་ལམ་ཚད་མའི་མིག་གིས་བཅོས། །སྔགས་བཏུ་ཟུར་ཆག་མཁའ་འགྲོའི་བརྡ་ལ་སོགས། །མན་ངག་ངེས་པས་མ་འཁྲུལ་གཏན་ལ་ཕབ། ༡༤ །དེ་ལྟ་མོད་ཀྱི་སོ་སོ་སྐྱེ་བོའི་བློ། །ཟབ་མོའི་གནས་ལ་ལྐོག་ཏུ་གྱུར་པས་ན། །གཟུ་ལུམས་རས་ཆོད་འགལ་འཁྲུལ་ཉེས་ཅི་མཆིས། །རྩ་གསུམ་སྤྱན་སྔར་བཤགས་སོ་དག་ཚངས་སྩོལ། ༡༥ །རང་བཞིན་གཙང་གྱུར་ལེགས་སྤྱད་གངྒཱའི་ཆབ། །དམིགས་མེད་བྱང་ཆུབ་རྒྱ་མཚོའི་རྡུལ་སྙེད་ཀྱི། །རྒྱུ་ལས་ཐོབ་པ་འབྲས་དང་མྱུག་སོགས་བཞིན། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་གྱུར་ཅིག ༡༦ །རྒྱལ་བསྟན་སྤྱི་དང་འོད་གསལ་རྡོ་རྗེ་ཐེག །བསྟན་འཛིན་སྤྱི་དང་ཁྱད་པར་འཁོར་ལོའི་མགོན། །མཛད་ཕྲིན་ཀུན་དང་ཁྱད་པར་བཤད་སྒྲུབ་ལས། །དར་རྒྱས་ཡུན་གནས་འཇིག་རྟེན་སྣང་བྱེད་ཤོག ༡༧ །འདིར་འབད་བྱེད་པོ་མཐོང་ཐོས་དྲན་རེག་བཅས། །སྒྲིབ་གསུམ་རང་གྲོལ་
ཚོགས་ཆེན་གསུམ་མཐར་ཕྱིན། །ཚོམ་བུ་གཅིག་ཏུ་འཁོར་བ་དོང་སྤྲུགས་ཏེ། །ཕྱམ་གཅིག་བདེ་ཆེན་ཞིང་དུ་གྲོལ་བར་ཤོག ༡༨ །མཁའ་དང་ཉི་ཟླའི་འགྲོས་མཚུངས་གསུང་རྟེན་འདི། །རྟག་ཅིང་ཁྱབ་སྟེ་གསེར་ཆོས་དགོངས་པ་འདུས། །སྲིད་ན་སྣང་བྱེད་གཉིས་སུ་མ་མཆིས་པས། །བསྟན་ལ་བྱ་བ་རླབས་སུ་ཆེ་བར་ཤོག ༡༩ །འབྱོར་པའི་ལང་ཚོ་དལ་ཡམས་མུ་གེ་དང་། །མཚོན་གྱི་བ་མོས་ཉམས་ཉེས་འགྱུར་བའི་རྒྱུ། །དུག་གསུམ་ཉེས་བཅས་ཆོས་ཀྱི་མཐུས་བཅིལ་ནས། །རྫོགས་ལྡན་དཔྱིད་ཀྱི་དཔལ་མོ་འཛུམ་པར་ཤོག ༢༠ །སྐལ་དམན་རི་དྭགས་ལམ་ལས་ལྡོག་བྱེད་པ། །ཆོས་ལྟར་བཅོས་པ་སྨིག་རྒྱུའི་བཤེར་བའི་ཐང་། །བརྒྱུད་པ་དགུ་ལྡན་སྤྲིན་ལས་བབ་པའི་ཆར། །ཟབ་གསང་ཚུལ་གྱི་ཆོས་ཆུས་བརླན་པར་ཤོག ༢༡ །རིམ་གཉིས་ཞུ་བདེ་དགའ་བ་འཁྱིལ་པའི་འགྲོས། །གདོད་མའི་གྲུབ་མཐར་ཐིམ་པས་འཕོ་ཆེན་གྱི། །རྩལ་སྣང་ཡོངས་གྲུབ་རིག་འཛིན་རྣམ་བཞིའི་འཕྲུལ། །སྲིད་པ་ཇི་སྲིད་སྲིད་པའི་གཉེན་གྱུར་ཤོག ༢༢ །མཁའ་ཁྱབ་རྒྱལ་བ་སྲས་བཅས་ཐུགས་བསྐྱེད་དང་། །སྐུ་ཚེ་ཡོན་ཏན་མཛད་ཕྲིན་སྨོན་ལམ་སྟོབས། །ཐམས་ཅད་བདག་ཉིད་ཁོ་ནར་གཅིག་བསྡུས་ཏེ། །དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་བྱེད་ཤོག ༢༣ །
ཅེས་པའང་། མཁན་ཆེན་བླ་མ་གང་དེའི་བཀའ་སྩལ་རྗེས་སུ་བསྒྲུབ་སླད། པདྨའི་ལྗགས་དང་ལྡན་པའི་རྒྱལ་བ་མཆོག་གི་བཀའ་འབངས་ཐ་ཤལ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། དགོངས་འདུས་གསེར་ཆོས་ཀྱི་སྔགས་རིགས་འཆང་བ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ས་ལ་སྤྱོད་པའི་འོག་མིན་དཔལ་སྤུངས་ཀྱི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཨོཾ་སྭ་སྟི་ཤཱ་ས་ན་པྲ་ཛེ་བྷྱཿམཚན་ཙམ་དྲན་པས་འཇིགས་པའི་མུན་བཅོམ་ཞིང་། །ཐར་བདེའི་པདྨོ་རྒྱས་མཛད་འོད་མཐའ་ཡས། །སྒྲུབ་ཅིང་མཆོད་པའི་ཡོན་ཏན་གངྒཱའི་རྡུལ། །སྲས་བཅས་རྒྱལ་བས་བསྔགས་ཀྱང་ཟད་མི་ཤེས། །འཆི་མེད་གྲུབ་པའི་རིག་འཛིན་ཨོ་རྒྱན་རྗེའི། །ཐུགས་ཀྱི་དཔལ་བེའུ་ལས་ཕྱུང་མོས་པ་དང་། །མཐུན་པའི་ཚེ་ཡི་ཆོས་ཆར་གྲངས་མེད་ཀྱང་། །དུས་བབ་ཟབ་ཆོས་བདུད་རྩིའི་གོང་བུ་འདི། །དགུ་ལྡན་བརྒྱུད་པའི་བྱིན་རླབས་མ་ཉམས་ཤིང་། །མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་བ། །འདོད་རྒུ་ཀུན་འབྱུང་གཏེར་གྱི་བུམ་པའི་རྒྱ། །ཧེ་རུ་ཀ་དཔལ་ནུས་ལྡན་རྩལ་གྱིས་བཀྲོལ། །འོག་མིན་མཚུར་གྱི་སྤར་མ་གཏེར་ཆེན་རྗེའི། །ཕྱག་བྲིས་ཞལ་བཤུས་རྣམ་དག་སྐྱེ་ལྔའི་དུང་། །སོར་བཞག་སྐུ་ཕྲེང་གཉིས་པའི་ཞལ་གྱི་རྒྱུན། །
བསླད་མེད་ཛམྦུ་ནཱ་དའི་ཁ་རྒྱན་ཅན། །རིན་ཆེན་རྩིག་པའི་ངོས་སུ་གཟུགས་བརྒྱ་བཞིན། །ཕྱི་མོ་གཅིག་ལས་དུ་མར་འཕོ་བའི་སྤར། །འཁོར་ལོ་གཉིས་ལྡན་ངེས་དོན་ཆོས་གྲ་ཆེ། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བསྒྲུབས། །འདི་བྱུང་དགེ་ཚོགས་ཟག་པ་མེད་པའི་ལུས། །ལྷག་བསམ་གཟི་འོད་རབ་འབར་གསེར་གྱི་ཉ། །ཐབས་ཤེས་ཕ་རོལ་ཕྱིན་པའི་གཤོག་རྩལ་རྒྱས། །གཙང་རྟག་བདེ་བའི་རྒྱ་མཚོར་འཇུག་གྱུར་ཅིག །རིས་མེད་བསྟན་འཛིན་རྣམས་ཀྱི་ཞབས་པད་བརྟན། །ཐེག་ཆེན་དགེ་འདུན་འདུས་པ་དར་ཞིང་རྒྱས། །འཇིག་རྟེན་ཀུན་ཀྱང་སྨིན་གྲོལ་དཔལ་ལ་སྤྱོད། །ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པར་སྨོན། །ཚོགས་གསུམ་ནོར་བུས་ཡུ་བས་བཏེགས་པ་ཡི། །རང་སྣང་ལྷུན་གྲུབ་བདེ་བ་ཆེན་པོའི་དལ། །འཆི་མེད་གདུགས་དཀར་ཡངས་པའི་གྲིབ་བསིལ་དུ། །འགྲོ་ཀུན་ཕྱམ་གཅིག་ངལ་འཚོ་ཐོབ་པར་ཤོག །ལོ་ཀ་སརྦ་ཐཱ་ཤྲཱི་ཤུ་བྷཻཿསྥ་ར་་བྷ་བནྟུ། །ཞེས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་སྤར་བྱང་དུ་ཞུ་དག་མཁན་པོ་གུ་ས་སོ།། ༈ །།རྒྱལ་བ་ཀུན་འདུས་སྤར་བྱང་། ན་མཿཔདྨཱ་ཀཱ་རཱ་ཡ། དང་པོའི་མགོན་པོ་སྤྲོས་པ་ཀུན་ལས་གྲོལ། །འཕོ་བྲལ་འཕོ་བ་ཆེན་པོ་བུམ་པའི་སྐུ། །ལྷུན་གྲུབ་ཆུ་སྐྱེས་སྦུབས་སུ་རྩལ་
རྫོགས་པ། །རྒྱལ་བ་ཀུན་འདུས་པདྨ་སཾ་བྷ་བ། ༡ །ཡེ་ཤེས་གཅིག་ཉིད་དུ་མའི་གར་མཛད་པས། །ཆོས་ཁམས་མཐར་འགྲོ་རྩ་བ་གསུམ་གྱི་སྤྲིན། །ཉི་འོད་ཙནྡན་དྲི་བཞིན་འཁོར་ལོ་ཡི། །མགོན་པོ་ཁྱོད་དུ་ངེས་པ་རྙེད་པས་འདུད། ༢ །འདུལ་བཞིའི་ཆོ་འཕྲུལ་ནམ་མཁའི་རྗེས་འགྲོ་བ། །བརྟག་པར་མི་བཟོད་ཆོས་ཆེན་དབྱངས་ཀྱི་ཆར། །ངེས་དོན་བདུད་རྩིའི་ཐང་མར་བརྡལ་བ་ཡང་། །མོས་པས་ཁྱད་འབྱེད་རྒྱལ་བའི་སྤྱོད་ཡུལ་ཉིད། ༣ །ཉི་མའི་འོད་ཟེར་ཁྱབ་པར་བཀྱེ་ན་ཡང་། །མུན་པ་གྲོགས་སུ་འཐམས་པའི་བྱང་བལྟས་ཕུག །སྐལ་པས་མཚུངས་ཟླར་སྒྲོན་པ་གངས་ཅན་ན། །མཚོ་སྐྱེས་ཉི་མ་ཁོ་ནས་སྣང་བ་སྩལ། ༤ །དེ་ཚེ་མཐའ་དྲུག་ཚུལ་བཞིའི་རྒྱས་གདབ་པའི། །དངོས་བཅུའི་རྒྱུད་ཀྱི་སྨར་ཟོང་དགོངས་བརྡ་དང་། །སྙན་ཁུངས་བརྒྱུད་པའི་མནོག་ནོར་རྗེ་འབངས་ཀྱི། །སྐྱེ་བར་བསྒྲུབས་པའི་བསོད་ནམས་ལག་པར་ཐོབ། ༥ །ལས་ཀྱིས་ཐག་བསྲིངས་རིན་ཐང་མི་ཤེས་པའི། །སྐྱེ་ལ་ངོ་བོ་ཉིད་ཀྱིས་གབ་པའི་གཏེར། །མ་འོངས་གདུལ་བྱ་མོས་པ་ཐ་དད་ཕྱིར། །ཕྱོགས་བཞི་དབུས་མངའ་ཕ་ནོར་བུ་ལ་བཞག ༦ །དུས་བབ་ལས་ཀྱི་འཕྲོ་སད་བརྒྱུད་པ་ནི། །དགུ་ལྡན་སྙིང་བཅུད་ཌཱ་ཀིའི་ཁ་རླངས་ཅན། །སར་གནས་སྐྱེ་མཐས་དབང་བའི་ཁྱད་ནོར་ཉིད། །རོལ་པ་
རྡོ་རྗེ་གྲགས་པའི་ཕྱག་ཏུ་བབ། ༧ །ཧཱུྃ་མཛད་ཀླུ་དབང་སྲུང་སོགས་རྒྱ་བོད་ན། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཡང་། །སྙིགས་མའི་མུན་སེལ་ཉི་མ་ལྟར་གྲགས་པ། །ཨོ་རྒྱན་བསམ་གཏན་གླིང་པའི་ལུང་གིས་བསྒྲགས། ༨ །གང་དེའི་རྫུ་འཕྲུལ་ཆོ་རོལ་ངོ་མཚར་བས། །གདེངས་ཅན་གྲོང་དང་བྲག་རིའི་བ་གམ་ནས། །ཡང་ཟབ་གདམས་པའི་དབྱིག་གི་རྡོ་རྗེའི་རྒྱ། །བསྟན་འགྲོའི་རྒུད་པ་འཕྲོག་པའི་དཔལ་དུ་བཀྲོལ། ༩ །ཕྱོགས་དུས་རྒྱལ་བ་ཀུན་འདུས་བོད་ཡུལ་གྱི། །སྐྱབས་གཅིག་མཚོ་སྐྱེས་བླ་མའི་ཐུགས་སྒྲུབ་དང་། །ཉམས་ཆགས་དག་བྱེད་ཀུན་བཟང་ཁྲུས་ཀྱི་ཆུ། །སྐོང་བཤགས་ཆོ་ག་ཆ་ལག་ལེ་ཚན་བཅས། ༡༠ །ཡན་ལག་བརྒྱད་སོགས་བཅུ་ཕྲག་རིག་ལམ་གྱི། །སྤྱན་ཡང་སྨན་མགྲོན་ཀརྨ་ཚེ་དཔལ་གྱིས། །རྒྱུ་མཚན་ཤེས་ནས་མི་འཕྲོག་དད་པ་ཡིས། །དཔལ་སྤུངས་གདན་སར་སྤར་གྱི་ཕྱི་མོར་བསྒྲུབས། ༡༡ །སྔགས་བཏུ་ཡུལ་གྱི་སྐད་སོགས་དགོས་པ་དང་། །ཁྱད་འབྲེལ་རྡོ་རྗེའི་ཚིག་ལ་རྟོག་གེ་པའི། །དཔྱད་པ་མི་འཇུག་འོན་ཀྱང་ཚིག་གི་སྡེབ། །ནོར་བ་རྒྱུན་འབྱམས་བཅོས་ལ་ནོངས་མེད་པས། ༡༢ །རིག་འཛིན་མཆོག་དེའི་ཕྱག་རྒྱས་ལེགས་བཏབ་པའི། །གཏེར་དབོན་ཕྱག་དཔེ་བྱིན་རླབས་གཟི་འབར་བ། །སོ་སྐྱེའི་བསླད་བྲལ་དག་ལ་ཡིད་བརྟན་
བཅས། །དཔྱད་པ་གསུམ་གྱིས་ཞུ་དག་ཅི་ནུས་བགྱིས། ༡༣ །རྒྱ་དང་གཟུགས་བརྙན་ཇི་བཞིན་ཐ་མལ་གྱི། །ཤེས་པ་ཆོས་སྐུར་བཙན་ཐབས་སྒྱུར་བྱེད་པ། །བླ་མའི་བྱིན་རླབས་རིམ་པ་ཉག་གཅིག་སྟེ། །བླ་མེད་བླ་མ་ཨོ་རྒྱན་འོད་མི་འགྱུར། ༡༤ །ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ་བོ་ཞེས། །རྒྱུད་ལུང་མན་ངག་གཅེས་བཏུས་རྡོ་རྗེའི་གསུང་། །ཡང་སྲིད་ཁོར་མོ་ཡུག་ཏུ་ཐོས་དཀའ་བར། །ཡིད་ཆེས་ལྡན་པས་གཡར་དམ་སྙིང་ལ་ཕུར། ༡༥ །གྲུབ་པ་འདས་པའི་རིང་ལུགས་སླར་སློང་སྟེ། །སྣང་བཞིའི་གྲུབ་མཐའ་རྟོགས་པའི་ཤུལ་ལམ་ཆེ། །ཚེ་གཅིག་གྲོལ་བ་དོན་ཏུ་གཉེར་རྣམས་ལ། །ཐེག་དགུའི་ཟབ་བཅུད་འདི་ལ་གཞན་ཡོད་མིན། ༡༦ །ཆོས་སྤྱོད་སྤྲོས་པའི་ཚང་ཚིང་བརྡལ་ན་ཡང་། །རྡོ་རྗེའི་ཡེ་ཤེས་སྙིང་ལ་མ་ཕེབ་པར། །གྲོལ་བའི་འབྲས་བུ་དུས་སུ་མི་སྨིན་པས། །བགྲོད་པ་གཅིག་པའི་གསང་ལམ་འདིར་ཞུགས་ཤིག༡༧། འདིས་མཚོན་དགེ་བའི་ས་བོན་དུས་གསུམ་དུ། །ཇི་སྙེད་བྱང་ཆུབ་སྙིང་པོའི་ཞིང་ས་རུ། །དངོས་ཀུན་མཉམ་པ་ཉིད་སྦྱོར་མཐུ་ཆེན་པོ། །ཡོངས་བསྔོ་རྟོག་གསུམ་བྲལ་བར་གདབ་པར་བགྱི། ༡༨ །འབྲེལ་བཅས་སྦྱིན་པའི་བདག་པོ་ཚེ་རབས་སུ། །པདྨ་ཀུན་ཏུ་འཆང་གིས་རྗེས་བཟུང་སྟེ། །དབང་བཞིའི་ལམ་
ནས་དགའ་བཞིའི་འགྲོས་མཆོག་ཐིམ། །རང་བྱུང་རིག་པའི་རྩལ་ཆེན་རྫོགས་གྱུར་ཅིག ༡༩ །མི་མཐུན་ཉེས་བརྒྱ་རྣམ་པར་གྱུར་པའི་ནད། །སྨན་མཆོག་དགེ་བའི་ནུས་པས་རབ་གཞིལ་ཏེ། །ཚེ་དཔལ་བརྟན་གཡོའི་དྭངས་མའི་བདུད་རྩི་ཡིས། །ཐར་པས་འཚོ་བའི་ལུས་ཟུང་བརྟའ་བར་ཤོག ༢༠ །འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་དང་། །དེར་འཛིན་དབྱར་མཚོ་ལྟར་རྒྱས་སྲིད་དང་ཞི། །རང་སྣང་རིས་མེད་དག་མཉམ་རྫོགས་པ་ཆེའི། །རྟག་བརྟན་ཆོས་ཀྱི་འཁོར་ལོ་སྣང་གྱུར་ཅིག ༢༡ །ཅེས་པའང་ཞུ་དག་མཁན་པོ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ།། ༈ །།ཨོཾ་སྭ་སྟི། མཁའ་ཁྱབ་མཁའ་ཡི་བདེ་སྟོང་དྲྭ་བ་སྡོམ། །གར་དགུའི་ཉམས་ཀྱིས་ཁྲོ་བོའི་གར་རོལ་པ། །རྡོ་རྗེ་མ་ཧཱ་ཀཱ་ལ་དགྱེས་པའི་གཞུང་། །བྱིན་རླབས་ཚན་ཁ་རྨད་དུ་བྱུང་བ་གང་། ༡ །གཅིག་ལས་དུ་མར་འཇོ་བའི་ཕྱི་མོ་རུ། །རྒྱལ་མཆོག་ཕྱག་ན་པདྨོས་བཀའ་གནང་ལྟར། །དཔལ་སྤུངས་གདན་སར་ལེགས་པར་བསྒྲུབས་པའི་དགེས། །བསྟན་དང་བསྟན་འཛིན་དར་རྒྱས་ཡུན་གནས་ཤིང་། ༢ །སྟོང་ཉིད་གྲི་གུག་གཉིས་འཛིན་མགོར་བསྣུན་པས། །བདག་ཏུ་ལྟ་བ་བསྟན་དགྲའི་སྲོག་བཀུམ་སྟེ། །སྲིད་པའི་གྲོང་ཁྱེར་གསུམ་ལས་རྣམ་རྒྱལ་བའི། །བཀྲ་ཤིས་གད་མོས་སྟོང་ཁམས་
གཡོ་གྱུར་ཅིག༣། སརྦ་ཐཱ་ཤུ་བྷ་མསྟུ།། །།