Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of མགོན་པོ་བེང་
[Clear Hits]


  
collapse section
  
  
  
  
  
 
  
  
  
  
 collapse section
  
  
  
བསྟན་པ་ལ་བཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ།
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousབསྟན་པ་ལ་བཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ།next

བསྟན་པ་ལ་བཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ།


MLP003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བསྟན་པ་ལ་བཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ་ནི། རང་ལོ་བཅུ་གསུམ་པ་ལ་ལུས་བསྒྱུར་ཅིང་། རྗེ་གཏེར་ཆེན་བླ་མ་ལ་གཙུག་ཕུད་ཕུལ་ཏེ། མིང་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་སྩལ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པའང་ཐོབ། བཅོ་ལྔ་པ་ལ་གཅེན་རྒྱལ་སྲས་རིན་པོ་ཆེ་དང་མཉམ་དུ་རྐང་འགྲོས་ཀྱིས་ཆུ་ཤུར་བརྒྱུད་ཕོ་བྲང་ཆེན་པོར་ཕྱིན། དེ་དུས་རྗེ་བླ་མ་ཉིད་གོང་ས་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་ཏི་ཤྲཱིར་བཞེས་ནས་ཆོས་བཀའ་འབུལ་བའི་སྐབས་ན་འདུག་པས་ཞབས་ཕྱིར་བསྡད་ཅིང་། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་སྟེ། མིང་ངག་དབང་ཆོས་དཔལ་ཞེས་སྩལ་ཅིང་དགེ་ཚུལ་གྱི་སྡོམ་པ་དང་། རང་ལོ་ཉི་ཤུ་པ་ཆུ་གླང་ལོར་སླར་ཡང་ཕོ་བྲང་ཆེན་པོར་ཕྱིན་ཏེ་བསྙེན་རྫོགས་ཞུས། ཕྱིས་གོང་མའི་ལུང་གིས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་སྨད་འདུལ་བའི་སྡོམ་རྒྱུན་རྣམ་པར་དག་པ་ཁ་རབ་ཞལ་སྔ་ནས་ལ་བཞུགས་ཤིང་། ཁོང་འདུལ་བའི་ངང་ཚུགས་ཀྱང་བཟང་བས་དེར་བསྐྱར་སྒྲུབ་གྱིས་ཞེས་བསྐུལ་བ་ལྟར། རང་ལོ་ཉེར་བདུན་པ་ལྕགས་སྤྲེལ་ལོ་ནག་ཟླའི་ཚེས་བཅུ་གསུམ་གྱི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ་རྗེ་བླ་མ་ཐམས་ཅད་མཁྱེན་པའི་མཚན་དཔེའི་སྣང་བས་ཁྱབ་པའི་གནས་དབུ་རུ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། མེ་ཡོས་ནག་ཟླའི་ནང་དུ་རྗེ་གཏེར་ཆེན་བླ་མ་ལས། བྱང་སྡོམ་བཀའ་སྲོལ་གསུམ་གྱི་སྨོན་འཇུག་སེམས་བསྐྱེད་དང་། རང་ལོ་བཅུ་གཉིས་པ་ཤིང་སྦྲུལ་ཟླ་བ་བདུན་པའི་ཉེར་ལྔ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་ནོད་པས་རྒྱུད་སྨིན་པར་བྱས་ཏེ། རྗེས་སུ་ཐོབ་པའི་སོ་བྱང་གི་སྡོམ་པ་གཉིས་པོ་དེ་ཡང་སྔགས་སྡོམ་ལས་ཕྱེ་བའི་དེ་དང་དེའི་སྡོམ་པའི་ངོ་བོར་སྐྱེས་པས་སྡོམ་པ་གསུམ་གྱིས་རང་རྒྱུད་བསྡམས་པ་ཡིན་ལ། དེ་ཡང་རང་ཉིད་མའི་པང་དུ་འཚོ་བའི་དུས་ནས་ཡབ་རྗེའི་བཀའ་དགོངས་པད་གླིང་གི་དབང་ཕལ་མོ་ཆེ་སོགས་དབང་བཀའ་མང་དུ་ཐོབ་པར་མཛད་


MLP003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་། བླ་མ་དམ་པའི་སྔགས་རྒྱ་ཏིང་ངེ་འཛིན་གྱི་ནུས་པས་བྱིན་གྱིས་བརླབས་པའི་རྟེན་འབྲེལ་རང་རྒྱུད་ལ་བསྒྲིགས་ནའང་། རང་ན་གཞོན་ཞིང་འདུན་པ་ཞན་པའི་དབང་གིས་བརྡའ་དོན་འཕྲོད་དཀའ་བ་ནས། ལུས་རྟེན་འདི་ལ་བརྡའ་དོན་འཕྲོད་པའི་དབང་གིས་རྒྱུད་སྨིན་པར་བྱས་པ་ནི་ཐུགས་ཐིག་གི་དབང་འདི་ཉིད་ཡིན་པས་འདི་ལྟར་སྨོས་པ་སྟེ། དེ་དུས་བུམ་ནང་དུ་མེ་ཏོག་ལྷུངས་པ་མྱུ་གུ་སྡོང་པོ་སྙེ་མའི་བར་དུ་སྨིན་པ་དང་མེ་ཏོག་གི་ཆར་བབས་ཤིང་། སྙན་པའི་སྒྲ་ལྡིར་བ་སོགས་ངོ་མཚར་བའི་རྟགས་ཀྱང་མངོན་དུ་སྣང་བར་མཛད། དེ་ནུབ་རང་གི་རྨི་ལམ་དུའང་གོས་དཀར་པོ་གྱོན་ཏེ་བུ་མོ་རྒྱན་ཅན་མང་པོ་དང་འགྲོགས་ནས་རི་བོ་ཆེན་པོའི་ངོས་ལ་འཛེགས་ཤིང་ཉི་མའི་དཀྱིལ་འཁོར་ཤར་བ་རྨིས་སོ། །དེ་ལྟར་བསྟན་པའི་སྒོར་ཞུགས་ཏེ། སྡོམ་པ་གསུམ་གྱིས་རྒྱུད་ལེགས་པར་བསྡམས་ནས། དེ་རྣམས་ཀྱི་སྔ་ཕྱི་ཅི་རིགས་པར་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ་ནི། ཡབ་རྗེ་སྐུ་གཤེགས་རྟིང་ལོ་གཉིས་གསུམ་ཙམ་གྱི་བར་གཅེན་བླ་མ་དམ་པ་སྐུ་མཆེད་དང་མ་རིན་པོ་ཆེ་རྣམས་ཕལ་ཆེར་ཕྱོགས་ཐེགས་འབའ་ཞིག་གིས་གཞིས་སུ་བཞུགས་མ་ཁོམ་པས། དེ་བར་མའི་ཞལ་ཏ་མ་བསམ་འགྲུབ་ཆོས་འཛོམ་གྱིས་བསྐུལ་ཏེ། ངག་བསླབས་ཀྱིས་གསོལ་འདེབས་ལེའུ་བདུན་མ་སོགས་དགོན་པའི་འདོན་ཆོས་ཀྱི་སྐོར་དང་། གསོལ་དཔོན་མཆོག་གྱུར་ལས་ཡི་གེའི་འབྲི་ཀློགདབུ་མཛད་བསྟན་འཛིན་ཐོས་བསམ་གྱིས་ནམ་ཁོམ་དཔེ་རྒྱུགས་བསྡེབས་ལེན་གྱིས་རང་ལུགས་ཀྱི་ཆོག་འཕྲིན་རྣམས་བློ་ལ་ཆུབ་པར་བྱས། དགོན་པའི་དགུན་གྱི་མཚམས་བསྒྲིགས་གཅིག་གི་ཐོགརང་གི་བལྟ་དཔེར་པད་གླིང་བླ་མའི་ལས་བྱང་མ་བུ་དང་། མཁས་མཆོག་གི་དཔེར་མགོན་པོ་སྡེ་བརྒྱད་ཀྱི་བསྐང་གསོ་ཆེན་མོ་སོགས་དཔེ་ཆ་ཁ་ཤས་དང་། གསོལ་དཔོན་མཆོག་གྱུར་གྱི་དབང་ཕྱུག་ཉེར་བརྒྱད་ཀྱི་ཙཀླི་རྣམས་བྲིས། དེ་ཡང་ཆུང་དུས་ནས་ཤེས་རིག་མི་བཀྲ་ཞིང་ངག་མི་བདེ་བ་འདི་ཡོད་པས། ཡོན་ཏན་མཁན་ཡོང་བའི་རེ་ཆེན་པོ་ཞིག་མེད་ཀྱང་། སྔོན་གྱི་ལས་འཕྲོས་མཚམས་སྦྱར་ནས་སྟེས་འགྲིགས་པ་ལྟ་བུས། རང་ལོ་བཅུ་གཉིས་པ་ལ་མེས་པོ་ནོར་བུ་དར་རྒྱས་ཀྱིས་མཚམས་སྦྱར་ཏེ། མངའ་


MLP003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རིས་གུང་ཐང་གི་མཁས་པ་ཆེན་པོ་བཤེས་གཉེན་རྣམ་རྒྱལ་དགོན་པར་ཕེབས་ནས། གཅེན་བླ་མ་དམ་པ་སྐུ་མཆེད་ཀྱིས་སྒྲ་རིག་སྙན་ངག་སོགས་གཞུང་ལུགས་མང་པོའི་གསན་པ་མཛད་པའི་དུས་སུ། བདག་གིས་ཀྱང་ཀ་ལཱ་པའི་མཚམས་སྦྱོར་ལྔའི་རི་མོ་ཙམ་དང་། བོད་ཡིག་སྐྱར་སློབ་བྱས་པས། གཅེན་རྒྱལ་སྲས་རིན་པོ་ཆེས་ཕྲལ་ཕྲལ་གྱི་ཞལ་ཏ་དང་ཕྱག་འབེབས་སོགས་བསྐུལ་ལྕག་གནང་བས་ཡི་གེ་ཚུགས་མ་དང་ཤར་བྲིས་གཉིས་ཀ་བྱང་བར་ཤེས། དེའི་ཕྱི་ལོ་གུང་ཐང་པཎ་ཆེན་སླར་ཡང་ཕེབས་པ་ཀ་ལཱ་པའི་བཤད་པ་དང་ས་རིས་ཞུས་ནས། ཡོངས་རྫོགས་ཀྱི་རི་མོའི་རྒྱུགས་བློ་ཐོག་ནས་གཙང་དག་བསྡེབས་འབུལ་བྱས་པ་ཚར་བའི་ཉིན། དེ་རིང་ཉི་ཤུ་དྲུག་ཡིན་པས་ས་པཎ་བལྟམས་པའི་དུས་ཆེན་དང་མ་བསྒྲིགས་འགྲིག་པའི་རྟེན་འབྲེལ་ཡང་བཟང་། ད་དུས་ཀྱི་སྒྲ་པ་མིང་ཆེ་ཆེ་མོ་འདི་པ་ཚོའི་སྒྲ་ཡོངས་རྫོགས་ལས་འུ་ཅག་གི་མཚམས་སྦྱོར་ཡང་དགའ་བར་ཡོད་པས། ད་མཇུག་བསྐྱངས་ཏེ་མ་བརྗེད་པར་མཛོད་ཅིག་གསུངས་དགྱེས་དགྱེས་མཛད། དེ་རྗེས་སྡེབ་སྦྱོར་གྱི་བཤད་པ་དང་། ཞ་ལུ་ལོ་ཆེན་གྱི་ཀ་ལཱ་པའི་སྤྱི་ཊཱིཀ་གཉིས་ཀྱི་ལུང་། ལཉྩ་ན་དང་ཝརྟུའི་ཡི་གེ་སོགས་ཡིག་སྣ་འགའ་རེའི་ཕྱག་ཁྲིད། རྟིང་སོར་བཟང་ཡུལ་གྲོང་གསར་དུ་སུམ་རྟགས་ཀྱི་བཤད་པའང་ཞུས་ཏེ་བརྡའ་སྤྲོད་ཡན་ལག་དང་བཅས་པ་ལ་བྱང་བར་སྦྱངས། བཅུ་དགུ་པ་ལ་འདུམ་པོར་མེས་རྩིས་རིག་པ་ཆེན་པོ་དོན་གྲུབ་དབང་རྒྱལ་གྱི་དྲུང་དུ་ཟླ་བ་བཞི་བསྡད་དེ། དགུ་མཐའི་བསྒྱུར་བགོད་ནས་བརྩམས་ཞལ་ལུང་མ་བུ་ཚང་མའི་སྐར་རྩིས་རྣམས་ཉིན་རངས་པོ་ས་རིས། མཚན་ལ་དྲི་བའི་ཕྲ་གཅོད་དང་། ཞུན་མར་ལ་བརྟེན་ནས་དཔེ་འབྲི་བ་སོགས་སྣང་མུན་ཁོར་ཡུག་ཏུ་འབད་པར་བྱས། སློབ་དཔོན་སྤྱན་འགྲིབས་པས་ཐོག་མར་ས་རིས་ཀྱི་བསྒྱུར་བགོད་རྣམས་དཀའ་ཚེགས་ཆེ་བ་བྱུང་ནའང་། སློབ་དཔོན་ཉིད་འཆད་མཁས་པ་དང་། རང་གི་འདུན་རྩོལ་དྲག་པོ་འཛོམ་པ་ལྟ་བུས་སྐར་རྩིས་ལ་བློ་ལེགས་པར་འབྱོངས། དེ་ཞོར་དབྱངས་འཆར་གྱི་བཤད་པ་རགས་ཙམ་དང་འཁོར་ལོའི་ངོ་སྤྲོད། འབྱུང་རྩིས་ཀྱི་རྡེའུ་འགྲེམ་པ་རྣམས་བསླབས་ཤིང་། གཅེན་རྒྱལ་སྲས་རིན་པོ་ཆེ་ལས་ཀྱང་རྩིས་ཀྱི་གོ་བའི་ཕྲ་གཅོད་དང་། རྒྱ་སྟོན་ཀརྨ་


MLP003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ལ་དུས་འཁོར་འཇིག་རྟེན་བསྟན་ལེ་ལས་རགས་ཙམ་དང་། རྩིས་ཀུན་བསྡུས་པའི་བཤད་པ། སྡེབ་སྦྱོར་གྱི་ངོ་མཚར་བའི་སྦྱོར་བ་རྣམས་ཞུས། ཕྱིས་གྲ་ཕྱིར་སྟག་ལུང་པ་གྲུབ་ཆེན་ངག་དབང་གཟུངས་མཆོག་ལས་དབྱངས་ཅན་བྱཱ་ཀ་ར་ཎའི་ས་རིས། ཙནྡྲ་པའི་ཡི་གེའི་བསྡུ་བ་དང་ཏིང་མཐའ་སོགས་ལ་ཞིབ་བཤད་དང་། གཞུང་སྤྱི་ལའང་བཤད་པ་ཡམ་ཙམ་ཞིགསྡེབ་སྦྱོར་གྱི་ཡང་བའི་བྱ་བ་རྣམས་ཉན། རྗེ་གཏེར་ཆེན་བླ་མའི་དྲུང་དུ་སྙན་ངག་མེ་ལོང་གི་བཤད་པ་ཞུས་ཤིང་ལེའུ་གསུམ་ཀའི་རྩོམ་རྒྱུགས་ཀྱང་ཕུལ། དེ་ལ་སྤྱིར་རང་ལོ་བཅུ་བཞི་པ་ནས་དར་གླིང་དུ་བན་གཙང་བ་བརྒྱད་གྲྭ་ཞིག་དང་། དེ་རྟིང་བཅུ་བདུན་པའི་ཐོག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་གཙང་གསར་དུ་ཚུགས་སྐབས་གྲྭ་ཁྱུར་ཞུགས་ཏེ། གྲྭ་སའི་འདོན་ཆོས་སྐོར་གྱི་དཔེ་འཛིན་དང་། གར་ཐིག་དབྱངས་གསུམ་གྱི་ཕྱག་བཞེས་རྣམས་བྱང་བར་སྦྱངས་ཤིང་དེ་དག་གི་དུས་སྐབས་ཅི་རིགས་པར་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་རྐང་དང་དོན་བདུན་ཅུའི་བཤད་པ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བླ་མ་རྒྱལ་བའི་དགེ་སློང་གི་བསླབ་བྱ་རྣམས་བློ་ལ་ཟིན་ཞིང་། གཅེན་རྒྱལ་བའི་སྲས་པོ་ལས་འདུལ་བའི་ལག་ལེན་དང་བརྡའ་ཆད་རྣམས་སྒྲིན་པོའི་བློས་མཉན་ནས་ཆུབ་པར་བྱས། རང་ལོ་ཉི་ཤུ་པ་ལ་གྲྭ་གཙང་གི་དགེ་སྐོས་ལས་སྣེ་དང་། ཉེར་གཅིག་པ་ཤིང་སྟག་གི་ལོར་རྒྱལ་སྲས་རིན་པོ་ཆེ་སྐུ་གཤེགས་པས། དེ་ཕྱིན་ནས་གྲྭ་གཙང་གི་རྒྱུན་ཚོགས་དང་སྐུ་རིམ་སོགས་ཀྱི་སློབ་དཔོན་བྱེད་དགོས་བྱུང་བས། སྔ་དགོང་དང་ནུབ་མོའི་ཆོས་གྲྭ་འགྲིམ་པ་དང་། ཚོགས་འདུས་སོགས་དགེ་འདུན་རྣམས་དང་ལྷན་ཅིག་དབང་པོ་འདུལ་བའི་སྤྱོད་ལམ་བསྟུན་པ་ཙམ་ལས། བསླབ་གཉེར་རུས་འཐོན་མ་བྱུང་བར་ཡུན་རིང་འདས། རང་ལོ་ཉེར་བདུན་པའི་ཐོག་རྗེ་བླ་མ་ཤ་འུག་གི་གཏེར་སྒྲུབ་ལ་བཞུགས་པ་ལས། ནང་མཚམས་གྲོལ་བའི་བག་གསེང་གི་ཁོག་ཏུ་གྲྭ་གཙང་གི་རྒན་འགོ་རྣམས་བོས་ནས་ཞལ་ཏ་ཕེབས་པར། འདོན་ཆོས་དང་སྔགས་ཀྱི་ལག་ལེན་བྱང་འགྲོངས་པ་ཙམ་གྱིས་ཆོག་ཤེས་པར་བྱས་ནས་གར་ཡང་མི་ཕྱིན་པས། མདོ་སྔགས་ཀྱི་གཞུང་ལུགས་རྣམས་རང་བློས་ཐེག་


MLP003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་སྦྱར་བའི་ཐོས་བསམ་རེ་བྱེད་དགོས་ཞེས་བཀའ་སྩལ་བ་ལ་བརྟེན། སེམས་ཉིད་ངལ་གསོའི་གཞུང་བློ་ལ་ཟིན་ཏེ། འགྲེལ་པ་ལ་བལྟ་རྟོག་ཞིབ་མོར་བཅུག་ཅིང་། འདུལ་བའི་སྤྱི་དོན་ལུང་རིགས་གཏེར་མཛོད་ལས། ཐོབ་བྱ་སོ་ཐར། མ་ཐོབ་པ་འཐོབ་པར་བྱེད་པའི་གཞི་དང་། སྡེ་ལྔའི་བསླབ་བྱ། གཞི་གསུམ་གྱི་བཤད་པ་རྣམས་ཧོར་བཏོན་གྱིས་བློ་ལ་ཟིན་ནས། བསམ་པས་བསྐྱངས་པས་གོ་བ་ཐལ་ཐོལ་སྐྱེས་ཤིང་། དེས་བློ་སྤྲོ་བར་གྱུར་པས། ད་ནི་རང་གི་འདུན་བྱུས་ཐམས་ཅད་ཐོས་བསམ་སྒོམ་གསུམ་ལ་བསྒྲིལ་བ་མ་གཏོགས་གཞན་གནས་སྐབས་ཀྱི་འདུ་འཛིའི་བྱ་བ་གང་ལའང་སྙིང་པོ་མི་འདུག་སྙམ་པའི་དད་འདུན་ཅུང་ཟད་སྐྱེས་ཏེ། རྗེ་བླ་མ་དམ་པ་ཕོ་བྲང་ཆེན་པོར་བཞུགས་པ་ལ་སྙན་ངག་གི་ཞུ་ཡིག་ཚིགས་བཅད་དང་བཅས་པས་ཀློག་པའི་གྲྭ་སར་འགྲོ་བ་དང་། གཞིས་རང་དུ་ཐོས་བསམ་བྱེད་པ་གང་རུང་ངམ། ཡང་ན་སྒོམ་ལ་ཆིག་སྒྲིལ་བྱེད་པ་སྟེ། དོན་ཚན་གསུམ་པོ་གང་ལ་འབད་ན་ཕན་སླེབས་ཆེ་ཞེས་ལུང་བསྟན་ཞུས་པའི་ལན་དུ་འདི་སྐད་ཅེས་སྩལ་ཏེ། ངག་ལ་དབང་བ་སྐད་གཉིས་སྨྲ་བའི་སྡེ། །ཆོས་ཚུལ་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་པའི། །སྐལ་བཟང་དེ་ཡི་དྲི་ལན་གསོང་པོའི་གཏམ། །བརྗོད་པ་གང་འདི་ཐུགས་ཀྱི་བུམ་པར་བསྟིམ། །དེང་དུས་སྐྱེ་བོ་ཕལ་ཆེར་འདོད་ཡོན་ལ། །སྲེད་པས་ཐོས་བསམ་སྒོམ་པ་རིང་དོར་ནས། །ལོག་འཚོའི་འདམ་བུར་དགའ་བས་རོལ་ན་ཡང་། །མཁས་ཁྱོད་འདམ་སྐྱེས་པདྨོ་ཇི་བཞིན་ངེས། །རྒྱལ་བས་གསུངས་པའི་ཆོས་ཚུལ་ཇི་སྙེད་དོན། །རང་བློས་ཐེག་ན་སྟོབས་སུ་མ་གྱུར་པ། །མེད་མོད་འོན་ཀྱང་ཐེ་ཚོམ་དྲྭ་བའི་གཟེབ། །དམ་པོར་ཡིད་གཉིས་ནེ་ཙོ་ཆུད་པ་བཞིན། །དེང་དུས་སྔ་འགྱུར་བསྟན་པའི་བྱིན་རླབས་རྒྱུན། །ཉམས་པ་མེད་ཀྱང་བཤད་པའི་དགའ་སྟོན་ལ། །སྤྱོད་ནུས་ཐུན་མཚམས་ཉིན་བྱེད་ལྟར་གྱུར་པ། །སྙིང་སྟོབས་ཟླ་བའི་འོད་ཀྱིས་གསལ་བྱའི་དུས། །དེ་ཕྱིར་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བརྟག་པ་ཕུལ་བར་སྙིང་སྟོབས་བསྐྱེད་པའི་དོན། །གེགས་མེད་འགྲུབ་པའི་མཚན་མ་བཟང་མཐོང་བས། །སྨོན་པའི་གནས་རྣམས་བསྒྲུབ་ལ་བརྩོན་པར་མཛོད། །སྔ་འགྱུར་ལམ་གྱི་བསྐྱེད་བཟླས་རིམ་པ་རྣམས། །


MLP003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་མེད་བར་ཆད་ཞི་ཕྱིར་འབད་པ་གང་། །ད་ལྟ་ཉིད་བཞིན་གཡེལ་བ་མེད་པ་ནས། །རིམ་གྲོའི་རྣམ་པ་ཕྱིས་གསལ་བཞིན་དུ་སྒྲུབས། །ཐོས་པའི་རྩ་བ་ཆོས་མངོན་མཛོད་ཉིད་དང་། །སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལ། །རྩ་པོད་བྱས་ནས་ཤེས་བྱ་གཞན་ལ་ཡང་། །འབད་པས་བསྒྲུབས་ན་མཁས་པའི་གནས་ཐོབ་འགྱུར། །དེ་མཐུས་སྔ་འགྱུར་བསྟན་པའི་བཤད་སྒྲུབ་ཉི། །རབ་འབྱམས་ཕན་བདེའི་མཁའ་ལ་རྟག་འཆར་བའི། །རྣམ་དཔྱོད་ཤིང་རྟ་ཆེན་པོ་ཁྱོད་ལས་གཞན། །རེ་བ་མེད་པས་ཐེ་ཚོམ་མི་བྱའོ། །རིམ་གྲོར་དཀོན་མཆོག་མཆོད་ཅིང་བསྐང་བཤགས་དང་། །ཆོས་སྲུང་རྣམས་ལ་གསོལ་མཆོད་གུ་རུ་ཡི། །གསོལ་འདེབས་བསམ་པ་ལྷུན་གྲུབ་སྟོང་ཚོ་བསགས། །དེ་ཡིས་བཀྲ་ཤིས་བསམ་དོན་ཐམས་ཅད་འགྲུབ། །ཅེས་གནང་བའི་རིམ་གྲོ་རྣམས་ཚེས་བཅོ་ལྔའི་དུས་བཟང་ཐོག་གྲྭ་གཙང་ལ་མང་ཇ་སྤོང་དག་བཅས་བསྒྲུབས་ཤིང་། རང་ཉིད་ཀྱིས་ཀྱང་བདུན་ཕྲག་གཉིས་ཀྱི་བར་མཚམས་དམ་པར་བཅད་ནས་བསགས་རྟིང་། རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སྙིང་པོའི་འགྲེལ་པ་སྤར་ཁབ་དང་། གཡུང་ཊཱིཀ་སྦྱར་བའི་སྟེང་ནས་གསུང་བཤད་ཞུས་ཏེ། གཡུང་ཊཱིཀ་བློ་འཛིན་དང་བསྟུན་བྱ་བ་གཞན་ཁྱད་དུ་བསད་དེ། གལ་ཆེ་ཤོས་བསམ་པའི་ཤེས་རབ་ལ་བྱས་ནས་ལེགས་པར་བརྟགས་པས། རང་ཤེས་རབ་ཀྱི་རྩལ་ཆུང་ཞིང་རིག་པ་རྟུལ་ཡང་། བླ་མ་དམ་པའི་བྱིན་རླབས་ཀྱི་འཕོ་བ་དང་ལེགས་བཤད་ཀྱི་གསུང་གིས་རང་རྒྱུད་མི་ཤེས་པའི་མདུད་པ་བཀྲོལ་ཏེ་རིང་པོར་མ་ཐོགས་པར་རྒྱུད་ཀྱི་དངོས་སྦས་ཀྱི་དོན་ཐམས་ཅད་ཨི་ཐི་བ་ལོངས་པའི་གོ་བ་རྙེད་ཅིང་། ཆོས་མངོན་པ་མཛོད་ཀྱི་བཤད་པ་ནི་གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལས་གཞུང་བརྒྱ་པའི་ཊཱི་ཀའི་ཐོག་ནས་ཚར་གཅིག་ཉན་ནའང་། བྱེ་མདོའི་ཆོས་སྐད་འདི་ཀློག་པའི་གྲྭ་ས་རྣམས་སུའང་ཧ་ཅང་དར་ཆུང་བས་འབེལ་གཏམ་སྨྲ་བ་ཉུང་བ་བཅས་རྩ་པོད་ཀྱིས་བློ་ལ་སིམ་པ་ཐོབ་པ་ཞིག་མ་བྱུང་ཡང་བག་ཆགས་འཇོག་བྱེད་ཙམ་དང་། དེ་བཞིན་དུ་སྔ་ཕྱི་ཅི་རིགས་པར་ལུང་རིགས་གཏེར་མཛོད་དང་རྒྱ་མཚོའི་སྟེང་ནས་འདུལ་བ་དང་ཕར་ཕྱིན་གྱི་བཤད་པའང་ཡམ་ཙམ་ཞིག་ཉན་ཏེ། བསམ་པའི་རྟོག་དཔྱོད་


MLP003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལེགས་པར་བསྐྱངས་པས་གོ་བའི་ཕྱོགས་འགོ་ཐིངས་པ་ཙམ་བྱས། དེ་གོང་དུ་གུང་ཐང་པཎ་ཆེན་ལས་དབུ་མའི་སྟོང་ཐུན་དང་། འདུལ་བ་སུམ་བརྒྱ་པའི་བཤད་པ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལས་རང་འགྲེལ་གྱི་སྟེང་ནས་ཟབ་མོ་ནང་དོན་གྱི་བཤད་པ་རྣམས་ཐོས། ཁྱད་པར་རྗེ་བླ་མ་དམ་པའི་དྲུང་དུ་ཀུན་མཁྱེན་དྲི་མེད་འོད་ཟེར་དང་། ཟུར་པ་ཡབ་སྲས། རོང་ཟོམ་ཆེན་པོ་ལ་སོགས་པའི་གསུང་རབ་རྣམས་རེ་རེ་ནས་བཤད་པ་ཐུན་དུ་བཅུག་སྟེ་ཉན་པ་མ་བྱུང་ཡང་། དཀའ་གནས་རྣམས་ལ་དྲི་བའི་ཕྲ་གཅོད་དང་། རྒྱུན་དུ་རང་བཞིན་གྱི་གསུང་སྒྲོས་ཙམ་ཡང་གདམས་པར་འབེབས་པའི་གནད་ཀྱིས་འབེལ་གཏམ་མང་དུ་ཐོས་པས་རྒྱུད་གྲོལ་ཏེ་ཐོས་བསམ་གང་བྱས་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་ཐོག་ཏུ་བསྒྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་ནོ། །ད་ནི་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་སྨིན་གྲོལ་གྱི་ལམ་སྟོན་པའི་མན་ངག་དུ་མའི་བཀའ་ལུང་ཇི་ལྟར་ཐོབ་པའི་ཚུལ་ནི། གཙོ་བོར་བཀའ་དྲིན་འགྲན་ཟླ་དང་བྲལ་བ་རྗེ་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་པད་རྟག་ཏུ་སྤྱི་བོར་བསྙེན་ཏེ་ལེགས་པར་ཐོབ་པ་ལ། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། སེམས་ཕྱོགས་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ། དེ་དག་དང་རྗེས་འབྲེལ་དོང་སྤྲུགས་སོགས་རྒྱུད་སྡེའི་སྐོར་གྱི་དབང་བཀའ་བཤད་ལུང་། མན་ངག་གི་བཀའ་བརྒྱུད་ལུགས་ཐ་དད་པ་དུ་མ་དང་བཅས་པ་རྒྱུན་བཞུགས་སོ་ཅོག་ལྟ་བུ་དང་། སྒྲུབ་སྡེ་ལའང་། སྤྱི་བཀའ་དང་། སྒོས་བཀའ་ཡང་ཕུར་གཤིན་རྗེ་གཤེད་ཀྱི་སྐོར་སོ་སོ་ལའང་ནང་གསེས་ཀྱི་ཁྱད་པར་དུ་མ་དང་བཅས་པ། གཏེར་མའི་སྐོར་ལ། རྗེ་ཉིད་ཀྱི་གཏེར་གསར་ཡོངས་རྫོགས། གཞན་ཡང་གྲུབ་ཐོབ་དངོས་གྲུབ། ལྡང་མ། ལྕེ་བཙུན། ཞང་ཁྲོམ། གནུབས་ཆུང་། ཉང་། ཆོས་དབང་། ལས་འབྲེལ་རྩལ། གླིང་པ་བཅུ་གཉིས། དྲི་མེད་གསུམ། བྱང་གཏེར་སྔ་ཕྱི་སོགས་གྲགས་ཆེ་བའི་གཏེར་སྟོན་མང་པོ་ཞིག་གི་གཏེར་ཆོས་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་སྒོས་ཀྱི་སྐོར་མཐའ་ཡས་པ་དང་། ཀུན་མཁྱེན་ལྔ་པ་ཆེན་པོའི་རྒྱ་ཅན་གྱིས་མཚོན་ཟབ་མོ་དག་སྣང་


MLP003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐོར་སོགས་སྔ་འགྱུར་གསང་སྔགས་རྙིང་མའི་ལུགས་ཀྱི་དབང་ལུང་མང་པོ་དང་། མན་ངག་གི་བཀའ་ཅི་རིགས་བཅས་པ། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས། གསར་མའི་སྐོར་ཡང་། དགྱེས་རྡོར། ཀུན་རིགམི་འཁྲུགས་པ་སོགས་ཀྱི་དབང་རྗེས་གནང་མང་པོ་དང་། ནཱ་རོ་མཁའ་སྤྱོད་ཀྱིས་མཚོན་པའི་དབང་ལུང་མན་ངག་ཚང་བ་སོགས་མང་པོ་ཞིག་དང་། མདོའི་སྐོར་ལའང་། སྲོལ་གཉིས་ཀྱི་སེམས་བསྐྱེད་གདམས་ངག་དང་བཅས་པ་དང་། བྱང་སའི་ལུང་ལ་སོགས་པ། མདོ་སྔགས་སྤྱིའི་བཤད་ཆོས། ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་སོགས་རྒྱ་བོད་ཀྱི་གཞུང་མན་ངག་མང་པོའི་བཀའ་ལུང་ཡང་བཀའ་དྲིན་དུ་ཐོབ་ཅིང་། གཞན་ཡང་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་། བླ་མ་གསང་འདུས་ཀྱི་རྩ་དབང་དང་། གཟའ་དབང་སོགས། དཔལ་ས་སྐྱ་པ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལས། ཡང་དག་འཁོན་ལུགས་ཀྱི་དབང་དང་། སྡོམ་རིག་གི་ལུང་སོགས། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོར་མཉམ་སྦྱོར་རིགས་བསྡུས་ཀྱི་དབང་དང་། བྱང་ཆུབ་ལམ་རིམ་གྱི་ཁྲིད། དིང་རི་ཀུན་སྤངས་པ་བློ་གྲོས་བརྟན་པ་ལས་ཞི་བྱེད་སྔ་ཕྱི་བར་གསུམ་ཁ་འཐོར་དང་བཅས་པའི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་དང་། བོ་དོང་པའི་སྦས་དོན། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལས་ཤངས་ལུགས་ཀྱི་དབང་ལུང་མན་ངག་ཚང་མ་དང་། གསར་མ་བླ་མེད་རྒྱུད་འབུམ། རཏྣ་བྷ་དྲ་ནས་བརྒྱུད་པའི་དུས་འཁོར་གྱི་དབང་གོང་མ་དང་། སྦྱོར་དྲུག་གི་ཤར་ཁྲིད། ཤེས་རབ་ལྷ་དྲུག་གི་རྗེས་གནང་། སྤྱན་རས་གཟིགས་དཔལ་མོ་ལུགས་དང་ཡི་གེ་དྲུག་མ། གཅོད་ཡུལ། བཀའ་ཚོམས། ཡང་ཚོམས། ཉིང་ཚོམས། ལེ་ལགཟབ་དོན་སྐོར་སོགས། མུས་ཐ་གོང་པ་གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་ལས་དུས་འཁོར་གྱི་དབང་ཡོངས་རྫོགས་དང་སྦྱོར་དྲུག་སོར་བསམ་གྱི་སྨིན་ཁྲིད། སྦྱོར་དྲུག་ཤངས་ལུགས་ཀྱི་ཁྲིད་ཡིག་གི་སྐོར། ཇོ་ལུགས་འཇིགས་བྱེད་ཀྱི་དབང་སོགས་དབང་རྗེས་གནང་དང་ལུང་མང་པོ། མཁས་བཙུན་ངག་དབང་བསྟན་འཛིན་ལས་རྡོ་རྗེ་ཕྲེང་བའི་དབང་སོགས། རྡོ་རྗེ་འཛིན་པ་ཀུན་དགའ་


MLP003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དར་རྒྱས་ལས་གསང་བདེ་འཇིགས་གསུམ། རྔོག་ལུགས་ཀྱི་གུར་རིགས་བསྡུས་གདན་བཞི། མ་ཧཱ་མ་ཡཱ་རྣམས་དང་། གཟུངས་གྲྭ་ལྔ། གཟའ་ཡུམ་རྣམས་ཀྱི་དབང་། དམར་པོ་སྐོར་གསུམ་དང་། གུར་ཞལ་གྱི་རྗེས་གནང་། བཤེས་གཉེན་བྱམས་པ་ཕུན་ཚོགས་རྣམ་རྒྱལ་ལས། སྤྱན་རས་གཟིགས་སེང་གེ་སྒྲ། ཕྱག་རྡོར་ཨུ་ཙཪྱ། བསྲུང་བའི་མཁར། གཏུམ་ཆུང་ཁྲ་ཐོགས། གྲྭ་པའི་གཏུམ་ཆུང་དམར་པོ། འགྲོ་བཟང་ལུགས་རྣམ་སྲས་དཀར་པོ་ཚེ་འཛིན། སྤྱན་རས་གཟིགས་དཔལ་མོ་ལུགས། གུར་ཞལ་རྣམས་ཀྱི་རྗེས་གནང་། སྡོམ་བཙུན་ཀུན་དགའ་དར་རྒྱས་ལས། འདུལ་བ་མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ་རྩ་འགྲེལ། དབུ་མའི་རིགས་ཚོགས་སྐོར། སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་རྣམས་ཀྱི་ལུང་། ལུང་དང་རིགས་པའི་དབང་ཕྱུག་སངས་རྒྱས་ཆོས་དར་ལས། དབུ་མ་རྩ་འཇུག་བཞི་གསུམ། རྣམ་འགྲེལ། འདུལ་བ་མདོ་རྩ་བ། མངོན་པ་མཛོད། འགྲེལ་ཆུང་དོན་གསལ། ས་པཎ་གྱི་ཐུབ་པ་དགོངས་གསལ། ལུང་རིགས་གཏེར་མཛོད་རྣམས་ཀྱི་ལུང་། སྐྱི་ཀུན་དགའ་བསྟན་གསལ་ལས་སྒྱུ་འཕྲུལ་ཕྲ་མོའི་སྐོར་མང་པོ་དང་། ཟུར་ཚོ་སྟོད་ལུགས་པའི་སྒྱུ་འཕྲུལ་གྱི་ཡིག་ཆ་འགའི་ལུང་། གྲུབ་ཆེན་ཀུན་བཟང་ཆོས་རྒྱལ་ལས་རོག་གི་མཚོན་དཔེ། གྲུབ་པའི་དབང་ཕྱུག་དམ་པ་ཀློང་ཡངས་འོད་གསལ་ལས་རོག་ཕུར་སོགས། འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན་ལས་མཉམ་སྦྱོར་རིགས་བསྡུས་ཀྱི་དབང་། ཞྭ་ལུ་བྱང་མ་པ་རིན་ཆེན་བཟང་པོར་དྲི་མེད་རྣམ་གཉིས་ཀྱི་དབང་ལུང་། ཐུགས་སྲས་སྤྲུལ་པའི་སྐུར་ཚེ་ཁྲིད་རྡོར་ཕྲེང་གི་དབང་རྒྱས་པ། གུ་དྲག་དང་རྟ་མགྲིན་ཡང་གསང་བླ་མེད་ཀྱི་དབང་། བཀའ་འགྱུར་བ་གྲུབ་པ་རྡོ་རྗེ་ལ་འདུལ་བ་ལུང་། བསྐལ་བཟང་། བརྒྱད་སྟོང་པ། ངེས་དོན་གྱི་མདོ་ཕྲན་སོགས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ལ་སོགས་པ་ཉེར་མཁོ་མང་པོའི་ལུང་། འབྲི་གུང་སྤྲུལ་པའི་སྐུར་སྒྲ་མི་སྙན་པའི་ཚེ་དབང་། ཏྲེ་བོ་སྤྲུལ་པའི་སྐུ་ཆོས་ཀྱི་དབང་པོར་ཀར་ལུགས་ཀྱི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་། དབང་ཕྱུག་རྡོ་རྗེས་མཛད་པའི་ཁྲིད་ཡིག་རྒྱས་པ་དང་། པེ་ཧར་གྱི་སྒྲུབ་ཐབས་སྤྲིན་ནག་འཁྲིགས་པའི་ལུང་། དཔའ་བོ་སྤྲུལ་པའི་
སྐུར་ཕྱག་ཆེན་ཡི་གེ་བཞི་པའི་དོན་ཚིགས་བཅད་མའི་ལུང་རྣམས་ཞུས་ཤིང་། དེ་དག་ཀྱང་དུས་གང་གི་ཚེ་བཤེས་གཉེན་གང་ལས་ཆོས་བཀའ་གང་དང་གང་ཐོབ་པའི་ཐོ་བྱང་གི་ཡི་གེ་ལོགས་སུ་ཡོད་པས་འདིར་རྒྱས་པར་མ་སྤྲོས་སོ། །


previousབསྟན་པ་ལ་བཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ།next