Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངགnext

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངག


CMR012_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངག་བཞུགས་སོ།།


CMR012_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུསམ།བོདྷམིཇི། ཝེ་ཊནི༔ འཇམ་དཔལ་གཤིན་རྗེ་མེའི་ཐོག་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྦྱིན་སྲེག་ལ་གསུམ་སྟེ༔ སྤྱི་དང་བྱེ་བྲག་ཞལ་ཧོམ་དང་གསུམ་མོ༔་དང་པོ་ནི་གདོན་བགེགས་ཚར་གཅོད་པའམ༔ ཤི་འདྲ་ཆུང་སྲི་གོད་འདྲེ་དང་སྨྱོ་འདྲེ་འདུལ་བ་དང་༔ དགྲ་བགེགས་རྣམས་ཚར་གཅོད་འདོད་ཀྱང་སྦྱིན་སྲེག་བྱ་བར་གསུངས་ཏེ༔ ས་ཆོག་དང་བྲི་ཐིག་བསྲེག་རྫས་ལ་སོགས་མེ་ལྷ་མེ་སྦར་མེ་ཞགས་རྗེས་ཆོག་ཐམས་ཅད་སྤྱི་དང་འདྲ་སྟེ་འདིར་མ་སྨྲས་སོ༔ གཉིས་པ་ནི་དྲག་པོའི་ས་སྣ་ལ༔ གྲུ་གསུམ་མདའ་གང་སུམ་རིམ་ལ་དུག་ཁྲག་གིས་ཆག་ཆག་གདབ༔ ནང་དུ་ཡི་གེ་རེ་དང་གྲུ་གསུམ་གཞན་རྣམས་ལ་མཚོན་ཆ་བྲི་ཞིང་མེ་རིའི་མཚོན་པའོ༔ དུག་ཤིང་རིམ་པ་གསུམ་དུ་


CMR012_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས༔ ཡང་ན་སྔར་གྱི་བྲུབ་ཁུང་དེའི་ཕྱི་ལ་དུག་ཤིང་གྲུ་གསུམ་བརྩེགས་ནས་ཚེར་མས་བཀང་༔ གཡས་སུ་སྨན་དང་རཀྟ་དམར་གཏོར་བཤམས། གཡོན་དུ་གཞི་ནག་སྟེང་དུ་ཡམ་ཤིང་སོར་བརྒྱད་པ་ཁྲག་གིས་སྦག་པ་བདུན་ནམ་ཉེར་གཅིག སྔར་ནས་བྲུབ་ཁུང་ན་ཡོད་པའི་ཟན་ལིང་དེ་དང་། ལིང་ག་དངོས་གཞི་ཤོག་ལིང་དེ་གྲི་ལྕགས་ཀྱི་མཚོན་གྱིས་རྐང་པ་གཡོན་ནས་བསད་སྔགས་བཟླ་ཞིང་གཏུབ་པའི་དུམ་བུ་བརྒྱ་དང་རྩ་བརྒྱད་བྱས་ལ་ཤ་དུམ་རེ་རེ་དང་སྦྲགས་ནས་བཞག་ལ། ཟན་ལིང་དེ་ལྕགས་གཏུན་ནམ་རྡོ་གཏུན་ལྕགས་ལྡེར་རམ་མེད་ན་རྡོ་ཐོག་ཏུ་བསད་སྔགས་བཟླ་ཞིང་ཐོ་བས་ཞིབ་པར་བརྡུང་བའི་ཕྱེ་མ་ཤ་དུམ་དང་ལིང་ག་ཐམས་ཅད་ལ་བཏབ། བྱིན་རླབས་མ་བྱས་པའི་ཆང་རྒོད་དང་ཁྲག་ཆུ་ལ་བསྲེས་པའི་ཕུད་རྒོད་ཀྱང་བཤམས། མདུན་


CMR012_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཆན་ནམ་ཚིལ་དང་ཁྲག་ཞག་བསྲེས་པའི་མར་ཁུ་ཅུང་ཟད་བཤམས། དེ་ལ་སླར་འགུགས་གཞུག་དང་མཆོད་པ་བྱིན་རླབས་བྱ། ཁ་ལྔ་སེར་དང་མཁའ་འགྲོ་ལ་གདོང་མི་གཏད་ཅིང་ལྷོའམ་དགྲ་ཕྱོགས་སུ་ཁ་གྱུས་ནས། སྔགས་ཆས་ཀྱིས་བརྒྱན་ལ་མགར་བའི་འདུག་སྟངས་ཀྱིས་གདོང་ལ་རོ་སོལ་བྱུག་ཅིང་། སྔོན་འགྲོ་ཕྱི་རྒྱུད་པ་ལ་གཏོར་མ་འབུལ་ཞིང་བཀའ་བསྒོའོ། །བགེགས་བསྐྲད་མཚམས་བཅད་ལས་བྱང་ལྟར་གུར་ཁང་ལྔ་རིམ་བསྒོམས་ལ། མཆོད་རྫས་བྱིན་གྱིས་བརླབས་ནས། སླར་ཡང་། མཆོད་རྫས་རྣམས་མི་དམིགས་པ་ལས། །ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། ཞག་གི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ། མཆོད་རྫས་རྣམས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨགྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པཱདྷཾ་པུབྦེ་དྷཱ་པ་ཨ་ལོ་ཀེ་གནྡྷེ་ནི་ཝི་དྱ་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ལན་གསུམ། གཞན་ཡང་སྨན་དང་གཏོར་མོ་དུག་ཁྲག་བདུད་རྩིའི་རྒྱ་མཚོ་རྩུབ་འགྱུར་དྲག་པོའི་ཡམ་ཤིང་། ཤ་ཁྲག་གློ་སྙིང་ནང་ཁྲོལ་འབྲུ་བཅུད་སྣ་ཚོགས་ཀྱི་མཆན་སྣ། འདོད་ཡོན་རྒྱ་ཆེན་དང་ལྡན་


CMR012_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་བྷིཥྛ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲིཋཱ༔ ལན་གསུམ་བྱ། གཞན་ཡང་ལས་བཞི་མེ་མཆོད་སྤྱི་འགྲོ་ལྟར་རྫས་རྣམས་བྱིན་བརླབས། ཐབ་བྲན་ལ་བསངས་སྦྱངས་མེ་སྦར་ལ། སྟོང་པའི་ངང་ལས་མདུན་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རླུང་མཚོན་ཆ་ལྟར་འཁྲུགས་པ། དུག་གི་མེ་རི་མེ་དཔུང་འུར་སྒྲ་ཚག་སྒྲ་དང་བཅས་པ་འབྲུག་ལྟར་ལྡིར་བའི་དབུས་སུ། འཇིག་རྟེན་ཁམས་ཚ་གྲང་རབ་ཏུ་འཁྲུགས་པའི་དབུས་སུ། འོག་ཐམས་ཅད་སྤུ་གྲིའི་ས་གཞི། སྟེང་ཐམས་ཅད་རལ་གྲིའི་གུར་ཁང་། བར་སྣང་ཐམས་ཅད་མཚོན་ཆ་རབ་ཏུ་འཁྲུགས་པ། ཞེས་སོགས་ནས་ལས་བྱང་རྒྱས་པ་གནམ་ལྕགས་གོ་ཆ་ལྟར་བསྐྱེད་ཆོག་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ནས། མཆོད་པའི་བར་གཞུང་ལྟར་བྱ། དེ་ནས་དུ་ཏྲི་ཡ་མ་སོགས་རྩ་སྔགས་ལ། ཨོཾ་བྷྱོ་དྷི་བྲིཀཱ་ཡེ་སྭཱ་ཧཱ། དགྲ་བགེགས་བྱད་མ་ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཡམ་ཤིང་དང་། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། དགྲ་བགེགས་བྱད་མ་ཚེའི་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་འབུལ། ༈ འདི་སྐབས་ལིངྒ་བསྐྱེད་ཆོག་དང་


CMR012_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བྱ་འགུགས་གཞུག །བསྒྲལ་ལས་ཉུང་བ་ཆོས་སྐུ་ཞི་བ་མ་སོགས་དགོས་པ་སློབ་དཔོན་གྱི་ཕྱག་ལེན་ནོ། །མཆན། ༈ དེ་ནས་གཡོན་གྱི་ཧོམ་གཟར་གྱིས་ལིང་རོ་ཤ་དུམ་རེ་དང་ཟན་ལིང་ཤ་དུམ་རེ་བཞག །གཡས་བླུག་གཟར་གྱིས་ཁྲག་བླུག་པ་བཟུང་ལ། ཧཱུྃ། འཇིགས་བྱེད་ཡ་མཱན་ཀ་ནི། །སོགས་བསྟབ་པའི་གཞུང་ཚིག་དེ་འདོན་ནས། གཤིན་རྗེ་འཁོར་བཅས་ཞལ་གྲུ་གསུམ་མེའི་རང་བཞིན་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བགེགས་དངོས་སུ་བསྟབས་པས། ཧྲག་ཧྲག་བསྲེགས་ཤིང་གྱུར་མིད་དུ་བཏང་བར་བསམས་ལ། བསྙེན་སྔགས་ཟློག་སྔགས་བསད་སྔགས་གསུམ་སྦྲེལ་བའི་མཇུག་ཏུ། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་སྲོག་སྙིང་རྣམ་ཤེས་དང་བཅས་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཞེས་བརྒྱ་དང་ཉེར་བརྒྱད་འབུལ་ཏེ། སྔགས་དང་རྫས་ལ་ལྷག་ཆད་མང་ཉུང་མེད་པར་བྱའོ། །དེ་ནས་མངའ་གསོལ་བྱ་སྟེ། རོལ་མོ་བསྒྲགས་ཤིང་འདི་སྐད་དོ།། ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ སྐུ་མདོག་མཐིང་ནག་སྲིད་པའི་རྩེ་ལས་མཐོ༔ ལྷ་རྣམས་ཡོངས་ཀྱིས་ཁྱེད་ལ་མངའ་གསོལ་ལོ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཅེས་སམ་ཡང་ན་བྱད་ཁ་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད༔ དགྲ་ལ་བྱེད་


CMR012_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ དགྲ་བོ་བྱད་མ་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་ཁ་བསྒྱུར་རོ། ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཅོམ་ལྡན་རིགས་གསུམ་མགོན་པོས་མངའ་གསོལ་ལོ༔ སྐུ་གསུམ་ལྡན་ཕྱིར་མཆོད་རྟེན་གསུམ་གྱིས་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ སྐབས་སུ་གང་བབ་རིགས་འགྲེས། ཧཱུྃ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་མངའ་གསོལ་ལོ༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ གཟའ་ཆེན་བརྒྱད་ཀྱིས་ཁྱེད་ལ་མངའ་གསོལ་ལོ༔ སྤྱན་དགུ་དམར་ཟླུམ་བར་སྣང་ཁམས་སུ་བསྒྲད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ འཇོམས་བྱེད་ལས་ཀྱི་གཤིན་རྗེས་མངའ་གསོལ་ལོ༔ སྨ་ར་ཨག་ཚོམ་བསྐལ་པའི་མེ་ལྟར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་


CMR012_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ སྲོག་གཅོད་ལས་ཀྱི་གཤིན་རྗེས་མངའ་གསོལ་ལོ༔ མཆེ་བ་བཅུ་གཉིས་ཟླ་ཚེས་འབར་བས་གཏམས༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཕོ་རྒྱུད་བདུད་པོ་ཡོངས་ཀྱིས་མངའ་གསོལ་ལོ༔ གཡས་པས་དགྲ་སྟས་ཉམས་པའི་སྲོག་རྩ་གཅོད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ མོ་རྒྱུད་མ་མོ་ཡོངས་ཀྱིས་མངའ་གསོལ་ལོ༔ གཡོན་པས་བྷནྡྷར་ཉམས་པའི་གློ་སྙིང་གསོལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ དྲག་པོའི་ཕྲིན་ལས་མཛད་པར་མངའ་གསོལ་ལོ༔ བ་སྤུའི་གསེབ་ནས་རང་འདྲའི་ཁྲོ་ཆུང་འགྱེད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་


CMR012_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བོ་ཆེ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་མངའ་གསོལ་ལོ༔ སྐུ་གསུང་ཐུགས་ལས་ཁྲོ་ཚོགས་དཔག་མེད་འཕྲོ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཚེ༔ ས་བདག་ཀླུ་གཉན་འདུལ་ཕྱིར་མངའ་གསོལ་ལོ༔ སྐུ་སྨད་དུག་སྦྲུལ་འབར་བའི་ཆུན་པོས་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མངའ་གསོལ་ལོ༔ སྲུང་བའི་གུར་ཁང་རྡོ་རྗེ་མེ་རིས་བསྐོར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཉམས་པའི་སྲོག་རྩ་གཅོད་པར་མངའ་གསོལ་ལོ༔ ཁྲོ་ཆུའི་ཕུར་པས་དམ་ཉམས་སྙིང་ལ་གཟིར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བྱད་མ་རྦོད་གཏོང་བཟློག་པར་མངའ་གསོལ་ལོ༔ གཤིན་རྗེ་


CMR012_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་དྲེགས་བྱེད་ལས་ལ་འགྱེད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཕྱི་ནང་བར་ཆད་འདུལ་བར་མངའ་གསོལ་ལོ༔ རལ་གྲི་ཆུ་གྲི་འབར་བའི་གཤོག་པ་གཏམས༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ སངས་རྒྱས་བསྟན་པ་བསྲུང་བར་མངའ་གསོལ་ལོ༔ ཐོགས་མེད་རྫུ་འཕྲུལ་བར་སྣང་ཁམས་སུ་རྒྱུག་ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ རྣལ་འབྱོར་དགྲ་བླ་ཆེན་པོར་མངའ་གསོལ་ལོ༔ བསམ་པ་ཙམ་གྱིས་བརྣག་པའི་རུ་ཏྲ་བསྒྲལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཀའ་ཡི་གཏོར་ལེན་ཆེན་པོར་མངའ་གསོལ་ལོ༔ ཚོགས་ཁང་འགྲིམ་ཞིང་རྣལ་འབྱོར་དྲོད་ཚད་ཉུལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་


CMR012_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ བར་ཆད་རྐྱེན་རྣམས་བཟློག་པའི་ཕྲིན་ལས་མཛོད༔ ཅེས་དང་། གནོད་བྱེད་དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་སོགས་གང་མོས་ཤམ་བུ་ཁ་བསྒྱུར༔ དེ་ནས་ཕྱི་མཆོད་སྨན་དང་རཀ་རྣམས་རིམ་པར་འབུལ་ཞིང་། ཧཱུྃ༔ དགྲ་བོ་བྱད་མ་རྣམས་ནི་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་ཡོན་ཆབ་དམ་པ་འདི༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས་ལ་འབུལ༔ ཅེས་ནས། སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བར་དུ་ཚང་བར་འདོན་ལ་རིམ་བཞིན་འབུལ༔ དེ་ནས་མེ་ལྷའི་དམར་གཏོར་དེ་བཏེགས་ལ་དུག་ཁྲག་གིས་བྲན་ལ། བདེ་རིམ་སོགས་ལ་ལས་བྱང་ལྟར། ཧཱུྃ་ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔་ཞེས་པ་ནས། མ་ཧཱ་བ་ལིང་ཏ་ཁཱ་ཧི༔ སོགས་གཏོར་བསྔོས་བྱས་ལ་འབུལ་ལོ། །དམིགས་བྱ་སོགས་མཐུ་སྒྲུབ་ཡིན་ན། ཧཱུྃ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། བསྐུལ་པ་བྱས་ལ། སྟོང་གསུམ་འཇིག་རྟེན་ཁྱབ་པར་རྒྱུག༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འབུལ༔ ནད་གདོན་སྡིག་སྒྲིབ་ཚར་ཆོད་ཅིག༔ ཅེས་སོགས་སྐབས་སུ་གང་བབ་བསྒྱུར༔ ཡང་ན་བསྐུལ་རིང་གནམ་ལྕགས་རྔམ་སྒྲ་ལྟར། སྨད་ཆའི་བསྐུལ་པ་བྱས་ལ་གཏོར་མ་མེ་ལ་འཕང་ངོ་༔ དེ་ནས་བསྟོད་པ་བྱ་བ་ནི༔ ཡཱ༔ ཕྱོགས་བཅུར་


CMR012_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ པདྨ་ཉི་ཟླའི་གདན་སྟེང་ན༔ སོགས་ནས། སངས་རྒྱས་ཀུན་གྱི་ཞིང་དུ་སྐྱེ་བར་ཤོག༔ ཅེས་པའི་བར་བསྟོད། སྐབས་འདིར་རྐྱེན་བཟློག་ཡིན་ན་མེའི་བརྟུལ་ཞུགས་བྱ་སྟེ། མེ་ལྕེ་ཁ་ལས་སྤྲུལ་པའི་ཁྲོ་བོ་རྣམས། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་མེ་དཔུང་གི་རྟ་ལ་ཆིབས་ནས། བདག་ཅག་འཁོར་བཅས་ཀྱི་ནད་དང་གནོད་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་གཞོབ་ཐུལ་བསྲེགས་ནས། ཐལ་བ་རྡུལ་དུ་བརླག་པར་བསམ། མཚམས་གཅོད་ཀྱི་ཚིགས་བཅད་རྣམས་རྩ་སྔགས་སོགས་ཀྱིས་མེ་ཞགས་བརྒྱབ། དེ་ནས་རྗེས་ཆོག་བྱ། རིམ་གྲོ་ཡིན་ན་བཀྲ་ཤིས་བརྗོད། ངེས་པར་དམིགས་བྱ་སོགས་ཀྱི་ལས་སྦྱོར་ཡིན་ན་ཤིས་པ་མི་བརྗོད། སྦྱིན་སྲེག་རང་ཁྱིམ་དུ་མི་བྱའོ།། ༈ གསུམ་པ་ས་སྟེགས་སེར་པོ་གྲུ་གསུམ་བྲུབ་ཁུང་ལྟ་བུའི་ནང་དུ་དུག་ཚེར་གྱིས་བཀང་ནས་ལིངྒ་ཡང་བཞག །ལོགས་གཅིག་ཏུ་ཁུང་བུ་སྤུད་པའི་མཆུ་ཐལ་ཙམ་བྱ། དེའི་སྟེང་དུ་རྫས་ལ་ཁྲོ་ཆུའི་སྐུ་ཞལ་གདངས་བ་ཕྱག་སྤར་མོ་འདེབས་ཚུལ་ཅན། །ནང་སྟོང་པ་བྱོས་ལ་བཞག་ལ། ལས་གཞུང་ལྟར་མེ་དཔུང་གི་ནང་གཤིན་རྗེ་བསྐྱེད་པ་དང་། སྤྱན་འདྲེན་མཆོད་བསྟོད་ལ་སོགས་གཞུང་ལྟར་བྱ། སྲེག་རྫས་ནི་ཡམ་ཤིང་མར་ཁུ་བདུན་ཏེ་ཤིང་སྟག་པའི་ལོ་མའི་ལིང་ག་མ་རྙེད་ན་ཤོག་ལིང་སྟེ། ཟན་ལིང་རེ་ཤ་དུམ་རེ་ཧོམ་གཟར་དུ་རཀྟ་དགང་བླུག་གིས་བྲན་ཏེ། གོང་ལྟར་སྔགས་བརྒྱ་དང་རྩ་བརྒྱད་འབུལ། རིམ་གྲོ་ཡིན་ན་སྔགས་ཀྱི་མཇུག་ཏུ།


CMR012_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། བདག་ཅག་ཡོན་མཆོད་ལ་གནོད་པའི་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་ཀྱིས་ཡུངས་ཀར་འབུལ། གཏོར་མ་ལ་གཏོར་བསྐུལ་བྱ། རྗེས་ཆོག་བྱས་ལ་སྐུ་གཟུགས་དགོན་པའམ། སྒྲུབ་ཁང་ཡིན་ན་དབེན་སར་བཞག་ལ་ཕྱིས་དགོས་དུས་སྤྱད། གྲོང་ནག་ཡིན་ན་ཟོར་དུ་འཕང་སྟེ་བཅག་ནས་རྗེས་མི་མངོན་པར་བྱའོ། །འདི་ནི་དགྲ་བགེགས་ཐམས་ཅད་དང་ཁྱད་པར་དུ་གདོན་རྒོད་ཆུང་སྲི་འདུལ་བ་ལ་ཟབ་བོ། །སྤྲི། དེ་ནས་གཤེགས་གསོལ་དང་བསྡུ་ཆོག་ལས་བྱང་ལྟར་བྱས་ལ། རིམ་གྲོ་ཡིན་ན། དེའི་མལ་དུ་བརྫུས་སྐྱེས་སུ་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་ཆུ་སྲིན་གྱི་གདོང་པ་ཅན་ཁྲོས་པའི་ཆ་བྱད། ཡ་མག་ལ་གནམ་ལ་མ་མགལ་ས། ལྕེ་གློག་ལྟར་དུ་འགྱུ་བ་མཆེ་བ་གངས་རི་ལྟར་གཙིགས་པ། ཁ་ནང་དུ་གནོད་བྱེད་ཐམས་ཅད་བཅུག་ནས་ཐར་བའི་དུས་མེད་པར་བསམས་ལ། འགུགས་གཞུག་བྱས་ལ་ཆུ་སྲིན་གྱིས་གྱུར་གྱིས་མིད་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམས་ལ་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན་པར་བསམས་ལ། ལས་བྱང་གི་རྟ་བྲོ་བྱས་ལ་ཐལ་བ་ལམ་རྒྱ་གྲམ་མམ་མཆོད་རྟེན་མ་ཎི་སོགས་ཀྱི་འོག་ཏུ་བླུགས་སོ། །སྲོག་སྒྲུབ་ཆེན་མོ་ཡིན་ན། ཐལ་བ་ཆ་བཞི་བྱས་ལ། ཆ་གཅིག་རི་གཉན་གསུམ་གྱི་རྩེ་ལ་ཕྱར་ན་མྱུར་དུ་ཕུང་། ཆ་གཅིག་མཚོ་ཆུ་གཉན་པོའམ་གཉན་པོའི་གཞུང་དུ་བཏབ། ཆ་གཅིག་ལུང་པ་གསུམ་གྱི་མདོ་རུ་བཏབ་པའམ་མནན། ཆ་གཅིག་དེ་ལ་ཆ་


CMR012_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ངུ་མང་དུ་བྱས་ཏེ། ཟོར་དང་གཏོར་མའི་ནང་དུ་ཅུང་ཟད་རེ་བླུག་སྟེ་འཕང་། ཆ་གཅིག་མནན་པ་བྱེད་པའི་ལིང་ག་དང་མཉམ་དུ་མནན་པ་ལ་སོགས་བྱ། ཡང་ན་ལམ་ཆེན་པོ་དང་། ལམ་བཞི་མདོ་ཟམ་སྔས་ལ་སོགས་པ་དགྲ་ངན་ཞིང་ལྷ་འདྲེ་གདུག་པ་ཅན་གནས་སར་མནན་པའམ་ཕྱར་བ་ལ་སོགས་པ་བྱའོ། །ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཤམཐཏུ༔ འདི་ལྟར་བྱས་པས་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། དུར་ཁྲོད་མེའི་རབ་གསལ། མེའི་སྤུ་གྲི་ཞེས་བྱ་བ། སུ་ལ་མ་སྤེལ་བཀའ་རྒྱུ་ཡོད། སྙིང་གི་དྭངས་མ་ཁྲག་ཡིན་ནོ། །ཟབ་བོ༔ སྦས་སོ༔ ཨྠྀི༔ ཞེས་པའི་ཆོ་གའི་འགྲིགས་འདི་བྲམ་ཟེའི་མཆོད་སྦྱིན་ལ་བརྩོན་པ་ལྷུར་ལེན་པའི་སྙིགས་དུས་ཀྱི་སྤྲང་བན་རཱ་ག་ཨ་སྱས་གཞུང་གི་མན་ངག་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་ནས་བྲིས་པའོ། །འདི་ལ་ཉེས་འགལ་མཆིས་ན་འཇམ་དཔལ་ཉིད་ལ་བཤགས་ཤིང་དགེ་བས་བསྟན་པའི་དགྲ་བགེགས་མྱུར་བསྲེགས་ནས། བསྟན་པ་མེ་ལྟར་འབར་ཞིང་རྒྱས་པར་ཤོག །སྤྱི། རིག་འཛིན་ཞང་ཁྲོམ་གཏེར་ཀ་བཅོས་མེད་ལ། །བླ་མའི་ཟིན་བྲིས་འཁྲུལ་མེད་བརྒྱན་བྱས་ནས། །ལག་ལེན་ཁྱེར་བདེ་མ་བུ་གཅིག་སྡོམ་འདི། །སྔགས་གཟུགས་ནེ་ཏྲའི་མིང་གི་ལག་ཆ་ཡིན། །ཨྠྀི༔ དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངགnext