Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

85 occurrences of གཙང་
[Clear Hits]


 
  
 
 
 
 
 
 
 
 
 
 
 
 
 
 
 
བསང་ཡིག་ཁྱད་པར་ཅན།
 
  
  
  
  
  
 
  
  
  
  
  
  
  
 
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
  
  
  
  
 
 
  
  
  
  


85 occurrences of གཙང་
[Clear Hits]

 
previousབསང་ཡིག་ཁྱད་པར་ཅན།next

བསང་ཡིག་ཁྱད་པར་ཅན།


CMR036_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བསང་ཡིག་ཁྱད་པར་ཅན་ཡོད། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་སྟོང་པའི་དབྱིངས་ལས་བྱུང་། །སྟོང་པའི་ངང་ལས་འབྱུང་བ་ཆགས།འབྱུང་བའི་བཅུད་ལ་ཤིང་དུ་འཁྲུངས། །སུར་དཀར་དུང་ལོ་ཞི་བའི་ཤིང་། །སྟག་པ་གསེར་ལོ་རྒྱས་པའི་ཤིང་། །ཤུག་པ་ཙནྡན་དབང་གི་ཤིང་། །ཨ་གར་དྲི་དང་དྲག་པོའི་ཤིང་། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཕྱེ་མར་ཇ་ཆང་ཟས་ཕུད་བསྲེགས། །དུད་པ་སྤོས་སྤྲིན་སྟོང་གསུམ་གང་། །སྤོས་སྤྲིན་འཁྲིགས་པའི་སྤྲིན་གསེབ་ནས།འདོད་ཡོན་སྣ་ཚོགས་ཆར་པ་འབེབས། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །རིན་ཆེན་དར་ཟབ་སྨན་དང་འབྲུ། །ལྷ་ཡི་བདུད་རྩི་ཟས་དང་སྐོམ། །སོ་སོའི་ཡིད་ལ་ཅི་འདོད་པ། །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ཟད་མེད་རྒྱུན་དུ་འབྱུང་གྱུར་ཅིག །ཨོཾ་ཨཱབཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ།་ཀྱི། མི་མཇེད་ཞིང་འདི་བཀའ་དྲིན་ཅན། །སྟོན་པ་ཤཱཀྱ་ཐུབ་པ་བསང་། །གངས་ཅན་བོད་ལ་བཀའ་དྲིན་ཅན། །ཡི་དམ་ཐུགས་རྗེ་ཆེན་པོ་བསང་། །བོད་ཡུལ་རྣམས་ལ་ལྷག་པར་བརྩེ། །


CMR036_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཕགས་མ་སྒྲོལ་མ་བསང་། །ལྷ་སྲིན་དྲེགས་པ་འདུལ་མཛད་པའི། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །པད་འབྱུང་ཐུགས་སྤྲུལ་རྫུ་འཕྲུལ་ཅན། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་བསང་། །མཁས་གྲུབ་མཚུངས་མེད་འཛམ་གླིང་རྒྱན། །སྒམ་པོ་ཆོས་ཀྱི་རྒྱལ་མཚན་བསང་། །པདྨས་ལུང་བསྟན་གྲུབ་པ་བརྙེས། །བྱ་བྲལ་ཀུན་དགའ་བཀྲ་ཤིས་བསང་། །བསྐྱེད་རྫོགས་དོན་ལ་བརྟན་པ་ཐོབ། །རིག་འཛིན་བརྒྱུད་པའི་བླ་མ་བསང་། །བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག །དྲུག་ཅུ་རྩ་གཉིས་ལྷ་ཚོགས་ཟློབཅས་། །བཀའ་བབས་བརྒྱུད་པའི་ཡི་དམ་བསང་། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ལས་མགོན་བྱ་རོག་གདོང་པ་ཅན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་ལ་སོགས་པའི། །བཀའ་བབས་བརྒྱུད་པའི་ཆོས་སྐྱོང་བསང་། །ཁྱད་པར་མྱུར་མཛད་ཕྱག་དྲུག་པ། །གནོད་སྦྱིན་བཞི་དང་ལྷ་མོར་བཅས། །ཕ་མྱེས་རྒྱུད་ཀྱི་ཆོས་སྐྱོང་བསང་། །བླ་མ་ཡི་དམ་ཆོས་སྐྱོང་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །ལུས་ངག་ཡིད་གསུམ་བསྲུང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཀྱཻ།


CMR036_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ནུབ་ཕྱོགས་ཕ་ཀི་ན། །previous hit གཙང next hit་གི་འོ་ཡུག་ཟམ་རྩེ་ན། །སྐྱེས་མཆོག་རྡོ་རྗེ་ལེགས་པ་ནི། །འཁོར་དང་བཅས་པ་མ་ལུས་ཀུན། །སྐད་ཅིག་ཡུད་ཀྱིས་འདིར་བྱོན་ལ། །བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དམ་ཅན་རྡོ་རྗེ་ལེགས་པ་བསང་། །དམག་དཔོན་ཚོང་དཔོན་ཆེན་པོ་བསང་། མགྲོན་དཔོན་ཇག་དཔོན་ཆེན་པོ་བསང་། །ཡུལ་དཔོན་དགྲ་བླ་ཆེན་པོ་བསང་། །བན་བོན་ཡོངས་ཀྱི་སྲུང་མ་བསང་། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་བསང་། །དབུ་ནག་མི་ཡི་རྗེ་ཐོབོ་བསང་། །དུད་འགྲོ་ཕྱུགས་ཀྱི་བདག་པོ་བསང་། །གནམ་ས་ཕྱེད་ཀྱི་བདག་པོ་བསང་། །དཀར་པོ་བརྒྱ་དང་ཉི་ཤུ་བསང་། །དམར་པོ་བརྒྱ་དང་ཉི་ཤུ་བསང་། །ནག་པོ་བརྒྱ་དང་ཉི་ཤུ་བསང་། །དགྱེས་སྡེ་བརྟན་མ་བཅུ་གཉིས་བསང་། །ཕོ་ཉ་འཛིན་གིང་བཞི་བཅུ་བསང་། །བཀའ་ཉན་དགེ་བསྙེན་ཉེར་གཅིག་བསང་། །དམ་ཅན་བཀའ་བློན་ཕོ་ཉ་ནི། །ཤར་གྱི་གནམ་ཐེལ་དཀར་པོ་བསང་། །ལྷོ་ཡི་ཇག་པ་མེ་ལེན་བསང་། །ནུབ་ཀྱི་བཙན་རྒོད་སྐུ་རྒྱལ་བསང་། །བྱང་གི་བདུད་པོ་ཡབ་རྗེ་བསང་། །ཕྱི་འཁོར་


CMR036_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་རྒོད་སྟོང་ཕྲག་བསང་། །ཡང་འཁོར་བྱེ་བ་དུང་ཕྱུར་བསང་། །སྐྱེས་བུ་ཆེན་པོ་འཁོར་བཅས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཡུལ་དུ་འདུག་ན་ཡུལ་དཔོན་མཛོད། །མི་ལ་ན་ཚ་མ་བཏང་ཞིག །རྟ་དྲེལ་ནོར་ཕྱུགས་འཕེལ་བར་མཛོད། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས། །གསང་བའི་བདག་དང་པདྨ་འབྱུང་། །ནམ་མཁའ་རྒྱལ་མཚན་སྤྱན་སྔ་རུ། །ཁས་བླངས་དམ་ལས་མ་འདའ་བར། །བདག་གི་ལུས་དང་གྲིབ་བཞིན་འགྲོགས། །ཁ་འཛིན་རྒྱབ་རྟེན་མ་གཡེལ་ཅིག །ཀྱཻ། མི་མངོན་ནམ་མཁའི་དབྱིངས་རུམ་ནས། །ལྡོང་གི་ལྡོང་ལྷ་སྨུག་པོ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུགས། །ལྡོང་དར་རྒྱས་ཅན་གྱི་དགྲ་བླ་ཡིན། །ང་ལྡོང་གི་མི་རིགས་ཁྱེད་འདོད་ན། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །གཉན་རྒན་དེ་ཝའི་བཀའ་བཞིན་དུ། །དགྲ་བླ་མི་དང་མ་བྲལ་


CMR036_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བར། །བདག་གི་ཁ་འཛིན་སྡོང་གྲོགས་མཛོད། །གཞན་ཡང་གསེར་སྦལ་གཡུ་ཐེག་ཅན། །དགྲ་བླ་དུང་མི་དུང་རྟ་དང་། །དགྲ་བླ་ཀུན་ཐུབ་འཇིགས་མེད་དང་། །དགྲ་བླ་དུང་བྱ་དཀར་མོ་དང་། །དགྲ་བླ་གྲ་མོ་ར་གྷོ་དང་། །དགྲ་བླ་བསེ་ཕུབ་དམར་པོ་དང་། །དགྲ་བླ་ཝེར་མ་གཉན་པོ་ཀུན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྣལ་འབྱོར་བདག་གི་དགྲ་བླ་མཛོད། །གོ་ཆ་སྲ་བའི་དགྲ་བླ་མཛོད། །མཚོན་ཆ་རྣོ་བའི་དགྲ་བླ་མཛོད། །འོག་རྟ་མགྱོགས་པའི་དགྲ་བླ་མཛོད། །དགྲ་ཕམ་ཟུན་རྒྱལ་མགོན་སྐྱབས་མཛོད། །རླུང་ཁ་ཐོབ་པའི་ཁ་འཛིན་མཛོད། ཀྱཻ། མི་མཆོག་རྒྱལ་བུ་མཐིང་གེ་སོགས། །ཕ་དང་ཁུ་བོ་སྐྱེས་པོ་དང་། །ཕ་མྱེས་རྒྱུད་ཀྱི་མཚུན་མགོན་དང་། །ཕ་མྱེས་བཟང་པོའི་བླ་ཡིད་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དགྲ་དང་ཕ་སྤུན་བུ་སྲིང་གི །ཡུལ་དུ་མ་བྲོས་མ་འཁྱམས་ལ། །བུ་དང་ཚ་བོའི་མགོན་སྐྱབས་མཛོད། །བུ་དང་ཚ་བོ་མནའ་མ་ནི། །མཆོད་པ་ཆུང་ཡང་མ་འཁོང་ལ། །རང་ཡུལ་སྲུང་ལ་ཁ་འཛིན་མཛོད། །ཕ་


CMR036_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་མི་དང་མ་འབྲལ་ཅིག །ཀྱཻ། སྔོན་ཚེ་པདྨ་འབྱུང་གནས་དང་། །དེ་རྗེས་རང་བྱུང་རྡོ་རྗེ་ཡིས། །བཀའ་དང་དམ་ལ་བཏགས་པ་ཡི། །ལྷ་ཡི་དགེ་བསྙེན་མཐུ་བོ་ཆེ།ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མགྱོགས་པ་རླུང་གི་རྟ་ལ་ཞོན། །བཙན་པོ་ཤེལ་གྱི་གོ་ཁྲབ་གྱོན། །དབུ་ཡི་དུང་རྨོག་དཀར་པོ་ལ། །གོས་མིན་དར་འཕྲུ་རླུང་ལྟར་འཚུབ། །སྟག་རལ་གཡས་ལ་གཟིག་ཤུབས་ཚེགཡོན། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུགས། །ཕྱག་ན་མདུང་དར་དཀར་པོ་བསྣམས། །རང་གི་ཕྱོགས་རྣམས་རྒྱལ་མཛད་ཅིང་། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག །མང་པོ་འདུས་ན་ཁས་དབང་ཆེ། །ཉུང་ངུ་འདུས་ན་ཁས་བཙན་པོ། །ངོམ་གྱི་ལུང་པ་དར་མཛད་པ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བཙུན་མོ་རྒྱལ་མོ་རི་ཕྱུག་བསངས། །བླ་མཆོད་ཕོ་བ་རྟ་ཕྱི་བསང་། །མོ་མ་ཕྱའུ་གཡང་དཀར་བསང་། །མདའ་དར་ལྷ་བཙན་མཚལ་རྩེ་བསང་། །མདུང་ར་གོ་ཆོད་སྤྱན་དགུ་བསང་། །བཟང་


CMR036_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་གཉན་པོ་ཡ་རྒྱལ་བསང་། །ཕྱི་བློན་གསེར་རྒོད་སེར་པོ་བསང་། །ནང་བློན་གཡུ་རྒོད་སྔོན་པོ་བསངས། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་།སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་མགར་ནག་མཆེད་བཞི་བསང་། །སྲས་འཛིན་ནོར་བུ་ལྷ་རྩེ་བསང་། །སོ་པ་སེ་ར་ནག་ཅོག་བསང་། །རྟ་རྫི་ག་ཡས་གཉན་པོ་བསང་། །སྲས་མོ་ཀླུ་མོ་ཀླུ་སྒྲོན་བསང་། །གཡོག་མོ་སྨན་མོ་སྤུན་གསུམ་བསང་། །ཕྱི་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །ཡང་འཁོར་གཉན་ཕྲན་སྟོང་ཕྲག་བསང་། །སྐྱེས་བུ་ངོམ་རྒྱལ་འཁོར་བཅས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །ཁ་འཛིན་སྡོང་གྲོགས་མགོན་སྐྱོབ་མཛོད། །ཆོས་སྲིད་དབང་ཐང་རྒྱས་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། ཀྱཻ། ངོམ་གྱི་ཆུ་རྒྱུད་ཐམས་ཅད་དང་། །ཁྱད་པར་བླ་མཚོ་ནག་པོའི་ནང་། །རིན་ཆེན་སྣ་ལྔའི་སྐུ་མཁར་ནས། །དགེ་བསྙེན་ཆེན་པོ་དབྱི་དོ་ནི་། །སྐུ་ནི་མི་ལ་ཐུགས་ནི་བདུད། །སྐུ་མདོག་དཀར་ལ་སྨུག་པའི་མདངས། །འོད་ཟེར་ཉི་ཟླ་ཤར་བ་ལྟར། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །དབུ་ལ་གསེར་ཞུ་སེར་པོ་


CMR036_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མནབས། །སྐུ་ལ་ན་བཟའ་ངུར་སྨྲིག་གསོལ། །ཟབ་ཆེན་དམར་པོའི་གོང་ལག་བྱས། །ཕྱག་ན་སྦ་ལྕག་ནོར་བུ་བསྣམས། །ཆེ་བཙུན་གཟི་བརྗིད་ལྡན་པའི་གཟུགས། །ཆུ་རྟ་ནག་པོ་རི་ལོག་ཙམ། །གོང་སྨད་གློ་ནན་སྦྲུལ་ལ་བྱས། །སྟོང་གསུམ་ཡུད་ཀྱིས་འཁོར་བ་ཆིབས། །འཁོར་དུ་ཀླུ་རིགས་མང་པོས་བསྐོར། །གཡག་ནག་རུ་རྩེད་ལིངས་སེ་ལིང་། །སྤྲུལ་པའི་སྦྲུལ་ཆེན་ཉེ་རེ་རེ། །ཀླུ་བདུད་དགེ་བསྙེན་ཆེན་པོ་ཁྱོད། །ཐུགས་ལ་ཞེ་སྡང་མ་འཆང་ལ། །ལུས་ལ་མཚོན་ཆ་མ་ཐོགས་ལ། །བྱམས་ཞིང་ཕན་པའི་སེམས་ཀྱིས་ནི། །སྐད་ཅིག་ཉིད་ལ་འདིར་བྱོན་ལ། །བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཀླུ་ཡི་དགེ་བསྙེན་ཆེན་པོ་བསང་། །ཆུ་ཆེན་བཅོ་བརྒྱད་བདག་པོ་བསང་། །དགེ་བསྙེན་རྡོ་རྗེ་བདུད་འཇོམས་བསང་། །ཀླུ་རྒྱལ་དྲག་པོ་བདུད་འདུལ་བསང་། །དབྱིས་དོ་དགེ་བསྙེན་ཆེན་པོ་བསང་། །སྲིང་གཅིག་མཚོ་ནག་ཀླུ་མོ་བསང་། །འཁོར་གྱི་ཀླུ་གཉན་ས་བདག་བསང་། །ཡང་འཁོར་སྐུ་སྨན་མང་པོ་བསང་། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་


CMR036_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི། །ཕ་མྱེས་རིང་ནས་ད་ལྟའི་བར། །ས་གཉན་བརྐོས་དང་རྡོ་གཉན་སློག །ཤིང་གཉན་བཅད་དང་མནའ་གཉན་བསྐྱེལ། །ཐབ་གཞོབ་མི་previous hit གཙང next hit་བཙོག་ནལ་བྱས། །དེ་སོགས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །དགེ་བསྙེན་སྤྱན་དང་ཤ་རོགས་བྱས། །ཤག་པོར་བྱས་པའི་མནའ། མ་ཟ། །བདག་གི་ཁ་འཛིན་སྡོང་གྲོགས་མཛོད། །མཚོ་སྨན་གྲོགས་དང་མཛའ་མོའི་ཚུལ། །མཛའ་མོར་བྱས་སོ་གཞུང་མ་ངན། །ལོངས་སྤྱོད་ཀླུ་གཡང་ཆར་ལྟར་ཕོབ།པདྨ་འབྱུང་གནས་ཀརྨ་པ། །ནམ་མཁའ་རྒྱལ་མཚན་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། ཀྱཻ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །སྐུ་མདོག་དམར་སྨུག་བརྗིད་པའི་ཞལ། །མུ་ལུམ་སྨུག་པོའི་ན་བཟའི་སྟེང་། །ཕྲུག་དཀར་རས་གོས་དཀར་པོ་ལ། །ཁ་དོག་སྣ་ལྔའི་སིབ་མའི་བརྒྱན། །དབུ་ལ་ཞྭ་དཀར་མཛེས་པར་གསོལ། ཕྱག་ན་དར་མདུང་དཀར་པོ་བསྣམས། །གཡས་ཀྱི་སྟག་རལ་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །ལྷ་གཞུ་གློག་འོད་


CMR036_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུགས་སེ་ཁྱུག །སྐྱེད་ཀྱི་དངུལ་ཤུབས་ཟེ་ཁྲ་ལ། །ཤེས་རབ་རལ་གྲི་གློག་ལྟར་འཁྱུགས། །ཆིབས་སུ་རྟ་དཀར་གཡུ་རྔོག་ཅན། །ཁམས་གསུམ་ཡུད་ཀྱིས་འཁོར་བ་ཆིབས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་བསང་། །མཆེད་གཅིག་གཏམ་རྒྱལ་མདོ་ཆུང་བསང་། །བཙུན་མོ་རྒྱལ་མོ་བུ་སྤང་བསང་། །བཙན་རྒོད་དཀྱིལ་རི་སྤུན་གཉིས་བསང་། །རྗེས་ཚོ་དབྱི་བྲོ་གཉན་པོ་བསང་། །རྔ་ཁུར་ཟངས་རྡོ་གཉན་པོ་བསང་། །དགེ་བསྙེན་སྤྱི་འབྱམས་རྫ་དམར་བསང་། །སི་ཏི་སེང་གེ་སྤྱན་གསུམ་བསང་། །སྤ་སྒོ་གླང་ཆེན་འགྱིང་རི་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །རྨོ་རྒྱལ་འབྲོམ་རྒྱལ་འཁོར་བཅས་བསང་། །དབྱིས་རི་རྨོ་ཝིལ་ཝམ་འཐུང་དང་། །ཐོད་གློ་ཀླུ་རྒྱལ་བྱིས་སྦའི་གཟུགས། །གནས་པོ་གྷ་ཡ་དྷ་ར་བསང་། །དཔལ་རི་རྩེ་དང་མ་ཎི་ཤར། །གནས་བདག་དགེ་བསྙེན་འཁོར་བཅས་བསང་། །ཟོ་རྒྱལ་ཞྭ་དཀར་ར་ཕྲོམ་སོགས། །མདུན་རི་རྣམས་ལ་གནས་པ་བསང་། །ཡུལ་ལྷ་གཉན་པོ་ཁྱེད་རྣམས་ཀྱིས། །བསང་མཆོད་དམ་པ་


CMR036_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་བསང་། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་བ་མ་བཏང་ཞིག །ཚེ་དང་བསོད་ནམས་རྒྱས་པ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །ཕྱི་ནང་འཁྲུག་པ་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་ཨ་རཱ་གས་སོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །ཞལ་དྲོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསང་ཡིག་ཁྱད་པར་ཅན།next