Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
བདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་། next

བདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་།


DNG003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་མ་ཁ་སུ་ར་ཨ་སྨ་ཐ་ཀ་སུ་ནཱ་མ། བོད་སྐད་དུ། བདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་ཞེས་བྱ་བ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཆེ་མཆོག་ཧེ་རུ་ཀ་ཞེས་བྱ་བར་གྱུར་ནས། བདུད་རྩི་ཐལ་བའི་སྦྱོར་བའི་ལེའུ་འདི་གསུངས་སོ། །ཀྱེ་མ་ཀོའུ་རཱི་འཁོར་རྣམས་ཉོན། །ཁམས་གསུམ་རྣམ་རྒྱལ་ཡུམ་ཉིད་ཀྱིས། །བྷ་གའི་དབྱིངས་ནས་བཀའ་སྩལ་པ། །བདུད་རྩིའི་སྦྱོར་བ་འདི་ཉིད་ལས། །སྦྱོར་བ་དམ་པ་འདི་ལྟ་སྟེ། །སྐུ་ཡི་སྦྱོར་བ་བདུད་རྩི་འདི། །ཐང་ལས་བྱུང་བའི་བདུད་རྩི་དང་། །ནམ་མཁའ་དག་ལས་བྱུང་བ་དང་། །དེ་བཞིན་རང་ལས་བྱུང་བ་དང་། །སྣ་ཚོགས་དག་ནི་རྫས་བསགས་ལ། །སྨན་ནི་རྣམ་པ་ཅི་སྙེད་དང་། །དེ་བཞིན་དུག་ཀྱང་རབ་ཏུ་གསུངས། །དུག་ལྔ་བདུད་རྩིས་སེལ་བའི་ཕྱིར། །རྩ་བ་ལྔ་ཡི་སྦྱོར་བ་ལས། །ཡན་ལག་བསམ་གྱིས་མི་ཁྱབ་བསྟན། །སྦྱོར་བའི་རྫས་ཀྱི་ཐེམ་ལས་ནི། །ཨོཾ་དང་ཨཱཿདང་ཧཱུཾ་དག་གིས། །སྦྱོར་བ་བྱིན་གྱིས་བརླབས་ནས་ནི། །བདུད་རྩི་ཆེན་པོ་བསྒྲུབ་པ་འདི། །ཤིན་ཏུ་དབེན་ཞིང་ཉམས་དགའ་བའི། །གནས་ནི་རབ་ཏུ་བཙལ་ནས་ཀྱང་། །གནས་ཀྱི་མཚན་ཉིད་བརྟགས་པ་ནས། །འཇུག་པའི་དུས་ཉིད་བསྟན་པའོ། །གནས་ཀྱི་མཚན་ཉིད་བརྟག་པ་ནི། །ནགས་ཚལ་རབ་ཏུ་མང་བའོ། །བྱ་སྐད་སྣ་ཚོགས་སྒྲོགས་པ་དང་། །བྲག་རི་མཐོ་བར་འདུག་པ་དང་། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །གཙང་མའི་ཆུ་འབབ་ཉི་མ་རྟག །བཅུད་དང་འབྲས་བུ་སྨིན་པ་རུ། །གནས་ནི་ཟླ་གམ་དབྱིབས་དག་ཏུ། །བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། །དཀྱིལ་འཁོར་མདའ་གང་ཚད་དུ་བྱ། །ཡུག་གིས་མ་ཕོགས་དཔངས་མཐོ་བ། །ཤིན་ཏུ་བྱུགས་པས་ལེགས་པ་ལ། །དྲི་ཆུས་ཆག་ཆག་ལེགས་བཏབ་ལ། །དེ་ནས་ཆག་དེ་བསྐམ་པ་དང་། །


DNG003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དག་ཏུ་སོང་ལ་ནི། །ཆ་གསུམ་བཏང་དང་ཕྱི་བཤགས་རྣམས། །གཞུང་དང་མཐུན་པར་རབ་བྱས་ལ། །ཕྱི་མཚམས་ལ་སོགས་དེ་བཞིན་བྱ། །དེ་ནས་ནང་དུ་འོངས་ནས་ནི། །ནང་མཚམས་གསང་བའི་མཚམས་ཡང་གཅད། །དེ་ནས་ནང་བཤགས་ཚུལ་བཞིན་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཆང་ཕུད་གཙང་མ་མ་ཉམས་པས། །ཆག་ཆག་ལེགས་པར་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཚངས་ཐིག་ལ་སོགས་ཐིག་རྣམས་ནི། །གནམ་ཐིག་ས་ཐིག་ཚུལ་བཞིན་བྱ། །དེ་ནས་ཚོན་རྩི་སྣ་ཚོགས་ཀྱིས། །དཀྱིལ་འཁོར་དེ་ལ་དགོད་པར་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །དཀྱིལ་དུ་མཐིང་ནག་གྲུ་གསུམ་སྟེ། །ཟླ་གམ་དབུས་ཀྱི་ཁ་དོག་ནི། །སེར་དང་དམར་དང་དཀར་བའོ། །དེ་ཡི་ཐ་མ་དག་ཏུ་ནི། །འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ། །འཁོར་ལོའི་རྩིབས་ཀྱི་རྩེ་མོ་ལ། །ནོར་བུ་འོད་འབར་རེ་རེ་བྱ། །འཁོར་ལོའི་མདོག་ནི་སེར་པོར་བཏང་། །དེ་ཡི་ཕྱི་རིམ་གྲུ་བཞིའི་སྟེང་། །ལྗང་གུའི་མདོག་ནི་རབ་ཏུ་གསུངས། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །ཟླུམ་པོ་སྒོ་དང་བཅས་པ་བྲི། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ཀྱི། །གྲུ་ཆད་བཞི་ཡི་ཟུར་དག་ཏུ། །བསྒྲུབ་པའི་ཡུམ་བཞི་གཞག་པར་བྱ། །དེ་ནས་བསྒྲུབ་པའི་མཚན་ཉིད་བསྟན། །དེ་ནས་རྡོ་རྗེ་ཁམས་གསུམ་གནམ་ཞལ་མས། །བདུད་རྩི་ཆེན་པོའི་སྦྱོར་བ་དང་། །བདུད་རྩིའི་སྣོད་དང་དམ་རྫས་གཞག །གཙོ་བོ་ཡབ་ལ་རབ་ཏུ་ཞུས། །ཀྱེ་མ་ཁྲོ་བདག་ཆེན་པོའི་སྐུ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ། །བསྒྲུབ་པའི་རྫས་ནི་ཇི་ལྟར་དགོད། །ཉེ་བའི་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །ཡུམ་གྱི་བྷ་ག་དམ་པ་ལས། །སྦྱོར་བ་བརྡའ་ཡིས་རབ་བསྐུལ་ནས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཉོན་ཅིག་ཉེ་བའི་འཁོར་རྣམས་ཉོན། །བསྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ཀྱིས། །སྟེང་དུ་རྫས་རྣམས་བསགས་པ་ནི། །མཐིང་ནག་དབུས་ཀྱི་སྟེང་ཉིད་དུ། །རིགས་བཟང་བྷནྡྷ་མཚན་ལྡན་དང་། །


DNG003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་མོ་ཡི་བྷན་དྷ་གཉིས། །ཁ་དོག་རིགས་དང་རི་མོ་གཉིས། །ཕོ་ལ་འཁོར་ལོ་དཔག་བསམ་ཤིང་། །ཡི་གེ་ལྟ་བུའི་རི་མོ་རྣམས། །ཕོ་ལ་བྱུང་ན་བཟང་བར་བཤད། །པདྨ་དག་དང་མེ་ཡི་རིས། །མཚན་མ་ལྟ་བུར་བྱུང་བ་ནི། །མོ་ཡི་རིགས་ལ་བཟང་བར་བཤད། །དབྱིབས་དང་ཁ་དོག་རབ་བརྟགས་ལ། །དབུས་སུ་རབ་ཏུ་གཞག་པར་བྱ། །འཁོར་ལོའི་རྩིབས་མ་རེ་རེ་ལ། །བུམ་པ་མཛེས་པ་རེ་རེ་གཞུག །བུམ་པ་དེ་དག་རེ་རེ་ཡི། །རྩ་རུ་ཕུར་པ་རེ་རེ་ལ། །ཁྲོ་བོ་བཅུ་ཡི་སྔགས་རྣམས་ཀུན། །རེ་རེ་དག་ལ་བྲིས་ལ་བཀོད། །ཕུར་པ་བཅུ་པོ་དག་ལ་གདགས། །དར་དམར་ཅོད་པན་རེ་རེ་བཏགས། །དེ་ཡི་ཕྱི་རིམ་གྲུ་ཆད་ལ། །མདའ་དང་མེ་ལོང་དར་སྣ་དང་། །རལ་གྲི་གཏོར་མ་རེ་རེ་བཞག །དཀྱིལ་འཁོར་དེ་ལ་སྒོ་བཞི་ལ། །བུམ་པ་རིགས་དང་མཐུན་པ་རེ། །རས་དཀར་མགུལ་ཆིངས་དག་དང་བཅས། །ཤར་དུ་མཛེས་པའི་སྤྱན་ཕྱེ་ལ། །ལྷོ་ཡི་བུམ་པ་དེ་ཉིད་ལས། །མཛེས་པའི་ཞལ་ཉིད་བྲི་བར་བྱ། །ནུབ་བྱང་གཉིས་ལ་མ་དང་ཧཱུཾ། །ལེགས་པར་བྲིས་ལ་དགོད་པར་བྱ། །དེ་ནས་ཉེ་བའི་འཁོར་རྣམས་ཀྱིས། །གཙོ་བོ་ཡབ་ལ་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་ཧེ་རུ་ཀ །དམ་རྫས་མཚན་ཉིད་དེ་ལྟར་ན། །སྨན་གྱི་རིགས་རྣམས་གསུང་དུ་གསོལ། །དེ་ནས་རྣམ་གྲོལ་ཧེ་རུ་ཀས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་ཡུམ་གྱི་ཚོགས། །སྨན་གྱི་རིགས་རྣམས་འདི་ལྟ་སྟེ། །རིགས་ནི་ལྔ་རུ་ང་ཡིས་བཤད། །རྩ་བ་འབྲས་བུ་ལྔ་རུ་བཤད། །བསྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ཀྱི། །དབུས་ཀྱི་ཐོད་པ་དག་ཏུ་ཡང་། །དྲི་ཆེན་སྐམ་པོ་སྲང་གཅིག་བཞག །ཤར་གྱི་བུམ་པའི་ནང་དག་ཏུ། །བྱང་ཆུབ་སེམས་ནི་སྲང་ཕྱེད་བཞག །ལྷོ་རུ་བསྒྲལ་བའི་མཱཾ་ས་ཉིད། །མིག་དང་སྣ་ལ་གཞི་བླངས་ལ། །དེ་བཞིན་སྙིང་དང་མཁལ་མ་དང་། །མཆིན་པ་ལ་སོགས་སྲང་གསུམ་བཞག །ནུབ་ཏུ་སྣ་ཚོགས་རཀྟ་


DNG003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །བསྒྲལ་བའི་རཀྟ་སྣ་ཚོགས་ནི། །སྲང་གསུམ་ཚད་དང་མཉམ་པར་བཞག །བྱང་གི་བུམ་པའི་ནང་དག་ཏུ། །དྲི་ཆུ་སྣ་ཚོགས་བསྲེས་པ་ནི། །ཕུལ་ཐག་གང་གི་ཚད་དུ་བྱ། །དེ་ནས་ཤར་དུ་ཕོར་སྣོད་དག་ཏུ་ནི། །ར་ས་ཡ་ན་ལ་སོགས་ཏེ། །ཉུང་ཀར་གུ་གུལ་དག་དང་ནི། །རྡོ་རྗེ་ཕུར་པ་དག་དང་ནི། །གོ་རོ་ཙ་ན་ཆེན་པོ་དང་། །རཀྟ་ལ་སོགས་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་ལྷོ་ཕྱོགས་སུ། །བསྒྲུབ་པའི་ཡུམ་ཉིད་བཞག་ནས་ནི། །རྒྱན་ཆ་སྣ་ཚོགས་རབ་ཏུ་བརྒྱན། །དཔྲལ་བར་ཐལ་ཆེན་མཚན་མ་བཏབ། །དཀྱིལ་འཁོར་དབུས་ཀྱི་ཕྱོགས་དག་ཏུ། །སྒྲུབ་པོ་ཡབ་ཡུམ་འདུག་ནས་ནི། །དཀྱིལ་འཁོར་བྱང་གི་ཕྱོགས་དག་ཏུ། །དགྲ་བགེགས་ཟློག་པའི་མཚོན་ཆ་བཞག །དབུས་ཀྱི་ཕོ་ཐོད་དག་ལ་ཡང་། །གོང་གི་རི་མོ་མེད་པ་ན། །རྡོ་རྗེ་ཉིད་དང་ཧྲི་དང་ཐ། །དམངས་རིགས་མོ་ཡི་བྷནྡྷ་ལ། །གོང་གི་རི་མོ་མེད་པ་ན། །པདྨ་དང་ནི་ཨོཾ་ཞེས་བྲིས། །དེ་ཡི་ནང་དུ་བླུག་པའི་སྨན། །ཤ་ཆེན་དང་ནི་ཁྲག་ཆེན་དང་། །དེ་བཞིན་དྲི་ཆེན་བྱང་ཆུབ་སེམས། །དྲི་ཆུ་ལ་སོགས་གཙོ་བོ་ལྔ། །དེ་ཡི་འབྲས་བུ་ཆེན་པོ་ནི། །མིག་དང་སྣ་དང་རྣ་བ་ལྕེ། །ཙིཏྟ་ལ་སོགས་ཆ་མཉམ་སྟེ། །སྲང་ནི་ཕྱེད་དང་གསུམ་དག་བཞག །དེ་ཡི་འཕྲོད་དུ་བསྟན་པ་ནི། །གུར་གུམ་དང་ནི་ཙན་དན་དང་། །སྤང་སྤོས་དང་ནི་རྒྱ་སྤོས་དང་། །དེ་བཞིན་སྤྲུལ་མ་སྤྲུ་མའམ་སྤྲུ་བ་རྣམ་ལྔ་ཡང་། །ཆ་མཉམ་སྲང་ཕྱེད་ཚད་དུ་བཞག །དེ་ཡི་འབྲས་བུ་སྦྱར་བ་ནི། །མི་དང་རྟ་དང་ཁྱི་དང་ནི། །དེ་བཞིན་གླང་དང་ལུག་ལ་སོགས། །མཁྲིས་པ་ལྔ་དང་ཀླད་པ་ལྔ། །རྒྱུངས་པ་ལྔ་དང་དྲི་ཆེན་ལྔ། །ཆ་མཉམ་སྲང་གི་ཕྱེད་དང་གཉིས། །དེ་ཡི་འཕྲོད་ཉིད་སྨན་བསྟན་པ། །ག་པུར་དང་ནི་མུ་ཏིག་དང་། །ལན་ཚྭ་དང་ནི་རྒྱ་སྐག་དང་། །ཤིང་ཚ་དག་དང་ཆ་མཉམ་ལ། །ཞོ་གཅིག་དག་གི་ཚད་དུ་བྱ། །དེ་རྣམས་ཚད་དུ་བསྟན་པ་ཡིན། །དམངས་རིགས་དྲི་ཆེན་དག་དང་ནི། །རྟ་དཀར་དང་ནི་གླང་པོ་ཆེ། །ཁྱི་


DNG003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དག་དང་ཤང་ཤང་གི། །དྲི་ཆེན་དག་ནི་ཆ་མཉམ་ལ། །ཞོ་ཕྱེད་དག་གི་ཚད་དུ་བྱ། །དེ་ཡི་འཕྲོད་དུ་བསྟན་པ་ནི། །ཁྱི་ཤ་དང་ནི་ཁམ་བུ་དང་། །སྙིང་ནི་ཞོ་ཤ་དག་དང་ཨ་རུ་ར། །སུག་སྨེལ་ཉིད་དང་ཆ་མཉམ་ལ། །ཞོ་གཅིག་དག་གི་ཚད་དུ་བྱ། །འབྲས་དང་ཏིལ་དང་གུར་གུམ་དང་། །དྲི་ཆུ་ཆ་མཉམ་སྦྱར་བར་བྱ། །ཚད་ནི་གསུམ་མམ་གཅིག་ཏུ་བཏང་། །ཤིང་ཐོག་ཨ་འབྲས་སྐྱུ་རུ་ར། །བ་རུ་ར་དང་ལི་ག་དུར། །ཐལ་དཀར་རྡོ་རྗེ་དག་དང་ནི། །ཆ་མཉམ་སྦྱར་དེ་ཞོ་ཕྱེད་ཙམ། །ནཱ་ག་གེ་སར་ཀླུ་སྨན་དང་། །གླ་རྩི་དང་ནི་ཙན་དན་དང་། །ཁ་རུ་ཚ་དང་རྒྱ་སྤོས་དང་། །ཛ་ཏི་ཕ་ལ་ཤུ་མོ་ཟ། །ཆ་སྙོམས་སྦྲང་རྩི་དག་ཏུ་སྦྱར། །གསེར་དང་དངུལ་དང་ཟངས་དང་ལྕགས། །གཡུ་དང་དུང་དང་ར་གན་དང་། །ཞིབ་ཏུ་བརྡར་ལ་ཆ་སྙོམས་ལ། །དྲོད་ལ་ཕབ་ནས་ཞོ་གཅིག་བཏང་། །དེས་ནི་འོད་རྣམས་འབྱུང་བར་འགྱུར། །དཀར་པོའི་རུས་དང་བྱི་ལའི་སྙིང་། །དྭ་བའི་ཁུ་བ་དག་དང་སྦྱར། །སྲན་མ་གསུམ་གྱི་ཚད་དུ་བཏང་། །ཞག་བདུན་བསྒྲུབ་པ་བྱས་པ་ན། །དྲི་ནི་སྣ་ཚོགས་འབྱུང་བར་འགྱུར། །གླ་རྩི་དང་ནི་ཙན་དན་དང་། །སེང་གེའི་ལྕི་བ་གོ་ཤིར་ཥ། །གུར་གུམ་ཆུ་དང་སྦྱར་བྱས་ནས། །ནམ་གཉིས་དག་ནི་བཏང་གྱུར་ནས། །ཞག་ལྔ་ལོན་པ་དག་དང་ནི། །དྲི་ཞིམ་པ་དང་དུ་བ་འབྱུང་། །དེ་ལྟར་རང་རང་སྣོད་དག་ཏུ། །དཀྱིལ་འཁོར་མཐའ་མར་བཤམས་ནས་ནི། །ཚེས་ནི་བརྒྱད་ལ་ཞུགས་པ་དང་། །ཞག་གཅིག་དབང་གི་བྲོ་བརྡུང་ཞིང་། །དཀྱིལ་འཁོར་དེ་ལ་བྱིན་བརླབ་བྱ། །དེ་ནས་སྨན་གྱི་རིགས་རྣམས་ཀུན། །ཁ་དོག་རིགས་རྣམས་མིག་གིས་དབྱེ། །ཁ་དོག་དཀར་བ་ཐམས་ཅད་ཀུན། །རྡོ་རྗེ་རིགས་ཀྱི་སྨན་དུ་བཤད། །དེ་བཞིན་སེར་དང་དམར་བ་དང་། །ལྗང་དང་མཐིང་ག་ལ་སོགས་རྣམས། །རིགས་ནི་སོ་སོར་ཕྱེ་བ་རྣམས། །དཀྱིལ་འཁོར་ཤར་གྱི་ཕྱོགས་ཉིད་དུ། །ལྕགས་ཀྱི་གཏུན་བུས་རབ་ཏུ་བཏགས། །ཡུམ་དང་རྡོ་རྗེ་རྒྱལ་པོས་བཏགས། །ཤིན་ཏུ་ཞིབ་པར་བཏག་བྱ་ཞིང་། །སྔགས་


DNG003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་རབ་ཏུ་བཏག་པར་བྱ། །ཨོཾ་ཨ་མྲྀ་ཏ་བཛྲ་ཧ་ན་ཧ་ན་ཧཱུཾ། དེ་སྐད་བརྗོད་ཅིང་སྨན་རྣམས་བཏགས། །དེ་ནས་སྨན་རྣམས་ཐོགས་པ་དང་། །གསང་བ་རྡོ་རྗེ་སློབ་དཔོན་གྱིས། །བྱིན་བརླབ་བྱ་ཞིང་སྨན་རྣམས་བསྲེ། །བསྲུང་བའི་སྔགས་འདི་ཀུན་གྱིས་བཟླས། །ཨོཾ་ཨ་མྲྀ་ཏ་མུ་ས་ལེ་སྭཱ་ཧཱ། དེ་སྐད་བརྗོད་ཅིང་ཞིབ་ཏུ་བསྙམས། །དེ་དག་སྨན་གྱི་རིགས་རྣམས་ཀུན། །གླང་པོ་ཆེ་ལས་བྱུང་བ་ལྔ། །འོ་མ་སྙུག་སྒོང་དག་གིས་དགང་། །དྲི་ཆུ་འོ་ཀོན་ཙམ་དུ་སྦྱར། །དམངས་རིགས་མོ་ཡི་བྷནྡྷ་རུ། །ཤོང་ཚད་བླུགས་ལ་ཕོ་ཡིས་དགབ། །འཕེལ་ནས་གཉིས་ཀ་ཁེངས་པ་དང་། །དངོས་གྲུབ་ཆེན་པོ་ཐོབ་པར་གསུངས། །གང་ཡང་རུང་བའི་ཐོད་པ་ལྔར། །ལྷག་མ་བླུགས་ལ་གྲུ་བཞིར་བཞག །སྣ་ཚོགས་དར་གྱིས་ཁ་བཅད་དེ། །དབུས་ཀྱི་བྷནྡྷ་ཁ་སྦྱར་ལ། །དར་དམར་དག་གིས་ཐུམ་བུར་གཡོགས། །མཆེད་ལྕམ་དུ་ཡོད་གཟུངས་ཐག་བཏག །དེ་ནས་རས་དཀར་གཙང་མ་ཡིས། །ཡོལ་བ་དག་ནི་རབ་ཏུ་བྱ། །འཛབ་ཏུ་བགྲང་བའི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཋ། དབྱངས་དང་བཅས་པས་རབ་ཏུ་བགྲང་། །ཕྲིན་ལས་གང་ཡང་རུང་བ་བསྲང་། །དེ་ནས་རྟགས་རྣམས་བྱུང་བ་དང་། །དངོས་གྲུབ་བླང་བའི་ཆོ་ག་བྱ། །དེ་ནས་བདག་ཉིད་ཏིང་འཛིན་གྱིས། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀར། །རབ་ཏུ་གསལ་བར་བསྒོམ་པ་ནི། །དབུ་མང་ཕྱག་ཀྱང་མང་པོ་ལ། །སྨུག་ནག་སྐུ་ནི་རབ་ཏུ་འབར། །དབུ་ནི་ཉི་ཤུ་རྩ་གཅིག་སྟེ། །ཕྱག་ཀྱང་བཞི་བཅུ་རྩ་གཉིས་ཏེ། །དཀྱིལ་འཁོར་དུས་གཅིག་བསྒོམ་པའོ། །བདག་ཉིད་གཙོ་བོ་བསྐྱེད་པའི་སྔགས། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཾ་ཛྭ་ལ་ཧཱུཾ། བདག་ཉིད་གཙོ་བོར་གསལ་བར་བསྒོམ། །གསང་བའི་ཡུམ་ཀྱང་ཡབ་དང་འདྲ། །སྔགས་འདིས་ཡུམ་ཉིད་གསལ་བར་བསྐྱེད། །ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་


DNG003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་རྫོགས་ནས་ནི། །སྒྲུབ་པོ་ཡབ་ཡུམ་ཉིད་དུ་སྦྱར། །ཡབ་ཡུམ་སྤོས་ཆུ་འོ་མས་བཀྲུ། །གུར་གུམ་སྲན་མའི་རིལ་བུ་ཙམ། །པདྨའི་ནང་དུ་དྲིལ་ཏེ་གཞུག །དེ་ནས་སྐྱོར་བ་རབ་བྱས་ནས། །བྱང་ཆུབ་སེམས་དང་རཀྟ་སྦྱར། །དེ་ཉིད་དབུས་སུ་གཞག་པར་བྱ། །དེ་ནས་ནུབ་ནི་གཉིས་པ་ནས། །གུ་ཧྱེའི་སྔགས་འདི་རབ་ཏུ་བགྲང་། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། རབ་འབྲིང་ཐ་མ་གསུམ་དུ་བགྲང་། །དེ་ནས་དཀྱིལ་འཁོར་དེ་ཉིད་ཕྱོགས། །དབུས་སུ་བྱང་སེམས་རྣམ་སྣང་སྟེ། །ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ། །རྡོ་རྗེ་དྲི་ཆུ་སྣ་ཚོགས་ཏེ། །ལྷོ་རུ་བྱང་གཡག་ཤ་ཆེན་དང་། །ཤ་བའི་ཤ་རྣམས་དགོང་པའོ། །ནུབ་ཀྱི་འཁོར་ལོ་དེ་ཉིད་ལ། །འབྱུང་བ་ལྔ་ཡི་རཀྟ་དང་། །མཱང་ས་དང་ནི་རཀྟ་ལ་སོགས་པའི། །སྣ་ཚོགས་རཀྟ་གཞག་པར་བྱ། །བྱང་དུ་བསྒྲལ་བའི་དྲི་ཆུ་གཞག །སྨན་གྱི་རིགས་རྣམས་གསལ་བ་དང་། །སྔགས་འདིས་ཐམས་ཅད་བྱིན་གྱིས་བརློབ། །ཨོཾ་སྭ་ཧཱུཾ་ཧྲཱྀཿཧཱ། རྩ་བའི་སྙིང་པོར་ཤེས་པར་བྱ། །ཞོ་ཤ་སྙིང་དང་མཁལ་ཞོ་ཤ ། ཀོ་རོ་ཞོ་ཤ་དག་དང་ནི། །ཤུ་དང་ཀུ་རེ་རྟ་དང་ཤུ་དག་སྲེ་མེ་དང་། །ནབ་སེ་ཤུ་དག་དག་དང་ཨ་རུ་ར། །ར་མོ་ཤ་གདང་སྐྱེར་བཱི་ཁཎྜ་དག་དང་ནི། །སྐྱེས་པའི་ཆུ་དང་སྦྱར་བ་ནི། །སྲང་ཕྱེད་དག་གི་ཚད་དུ་བྱ། །སྨན་གྱི་སྦྱོར་བ་དེ་དག་ཀུན། །དཀྱིལ་འཁོར་བྱང་དུ་ཁ་དོག་དབྱེ། །ཤར་དུ་སྨན་ཉིད་བཏག་པར་བྱ། །ལྷོ་རུ་འཁར་གཞོང་ནང་དུ་ནི། །སྨན་སྣ་ཚོགས་ཚད་བསག་པར་བྱ། །སྣ་ཚོགས་སྦྱར་བ་ནུས་པ་ཆེ། །སྨན་གྱི་རིགས་ནི་སྣ་ཚོགས་ཀུན། །བསྲེ་བའི་སྔགས་ནི་འདི་དག་བརྗོད། །ཨ་མྲྀ་བི་ཤོ་དྷ་ཡ། བསྲེ་དང་བཙག་པའི་སྔགས་སུ་བརྗོད། །དེ་ནས་རབ་འབྲིང་རྟགས་བྱུང་ནས། །དངོས་གྲུབ་དབབ་པའི་སྔགས་འདིའོ། །ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་སུ་ཁ་ཧྲི་ཕེམ་ཕེམ། གཡབ་དོར་ལ་སོགས་སྣ་ཚོགས་བྱ། །སྨན་གྱི་རང་བཞིན་དེ་དག་ཀུན། །མཆོག་


DNG003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལག་པ་གཡོན་གྱིས་དཀྲུགས། །མཆོག་ཆེན་གླིང་བུ་འབུད་པས་གཡབ། །དུང་དང་རྔ་དང་དྲིལ་བུ་དང་། །ཅང་ཏེའུ་པི་ཝང་ལ་སོགས་སྒྲ། །སྒྲ་ནི་སྣ་ཚོགས་དཀྲོལ་ཞིང་འབུད། །དེ་ནས་དཀྱིལ་འཁོར་ངོས་བཞི་ནས། །མཆེད་ལྕམ་རྣམས་ཀྱིས་དབྱངས་འདི་བླང་། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ར་སཱ་ཡ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡོངས་ཀྱི་བཅུད། །གཉིས་མེད་བདེ་ཆེན་ལས་བྱུང་བའི། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །ཟས་མཆོག་ཚེ་ཡི་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་དྲི་ཆུ་མཆོག །ག་པུར་ཤེལ་གྱི་སྤོས་ཕོར་གསུམ། །རིན་ཆེན་མེ་ལྟར་འབར་བའི་མཆོག །རིན་ཆེན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །མ་ལུས་འདུས་པའི་བདུད་རྩི་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་རབ་སྦྱར་ནས། །དུས་གསུམ་བུཌྜྷ་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །དབྱངས་དེ་བླངས་ཤིང་དངོས་གྲུབ་བླང་། །དེ་ནས་ཡུམ་གྱིས་སྨན་བླངས་ལ། །གཞུང་བཞིན་དག་གི་ཆོ་ག་བརྗོད། །དེ་ནས་ནུབ་ནི་ལྔ་པ་ན། །བདུད་རྩི་བྱིན་བརླབས་སྔགས་འདི་བརྗོད། །བཛྲ་ཨ་མྲྀ་ཏ། ཨོཾ་ཨཱཿཧཱུཾ་ཧྲཱྀཿཋ། དེ་ལྟར་བྱིན་བརླབས་རྫོགས་ནས་ནི། །དངོས་གྲུབ་བླང་བའི་སྔགས་འདི་བརྗོད། །ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི། ཨཱོཾ་ཨ་མྲྀ་ཏ་སིདྡྷི་ཧྲཱྀཿ། སྔགས་ཀྱི་ཡི་གེ་དེ་དག་ཀུན། །འོད་དུ་ཞུ་ནས་དངོས་གྲུབ་བླང་། །ཡི་གེ་དེ་དག་རེ་རེ་ལས། །ལྷ་ཡི་སྐུ་ནི་རེ་རེ་སྟེ། །ཡི་གེ་མཐུ་ནུས་དངོས་གྲུབ་བླང་། །དེ་ནས་དངོས་གྲུབ་རྫོགས་ནས་ནི། །སློབ་མ་དེ་ལ་དངོས་གྲུབ་དབང་ཉིད་བསྐུར། །དབང་གི་གནས་ལྔ་བསྟན་པ་ནི། །སྤྱི་གཙུག་བདེ་


DNG003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་དེར། །ཟླ་བའི་དཀྱིལ་འཁོར་རྒྱ་ལོང་ཁ་སྦུབ་ཙམ། །དེ་ཡི་སྟེང་དུ་ཨོཾ་ཉིད་བསམ། །ལྕེ་ཉིད་པདྨར་གྱུར་སྟེང་དུ། །ཡི་གེ་ཨཱཿཉིད་འོད་འབར་བསམ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་ཧཱུཾ་ཉིད་བསམ། །ལྟེ་བར་རཏྣ་ཟུར་བརྒྱད་སྟེང་དག་ཏུ། །རིན་ཆེན་འོད་འབར་སྟེང་དུ་ཡང་། །ཡི་གེ་སྭཱ་ཉིད་རབ་ཏུ་བསམ། །གསང་བའི་གནས་སུ་ཧཱ་ཉིད་བསམ། །ཡི་གེ་འབྲུ་ནི་ལྔ་པོ་ལས། །རིགས་ལྔའི་སྐུ་ནི་འོད་འབར་ཏེ། །འོད་ཟེར་ལྔ་ལྔ་རབ་ཏུ་འབར། །ཕྱག་རྒྱ་འཁོར་ལོ་རྩིབས་བརྒྱད་འབར། །དེ་ནས་དངོས་གྲུབ་དབང་རྫོགས་ནས། །འོད་ཟེར་གཙོ་བོའི་དབང་ཉིད་བསྐུར། །ཨོཾ་དཀར་སྤྱི་བོར་བསམ་པར་བྱ། །ལྕེ་ལ་ཨཱཿདམར་འོད་འབར་བསམ། །སྙིང་གར་ཧཱུཾ་ཉིད་མཐིང་གའོ། །ལྟེ་བར་ཡི་གེ་སྭཱ་སེར་བསམ། །གསང་བའི་ཡི་གེ་ཧཱ་ཉིད་ལྗང་གུའོ། །དཀར་དམར་འོད་ནི་མདངས་དང་ལྡན། །རང་ཉིད་བསམ་ཞིང་བུ་ལ་སྤྲོ། །དེ་ནས་བུ་ལ་འདུས་གྱུར་པས། །ཕྱག་མཚན་ཡི་གེ་དག་ཏུ་གྱུར། །ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་འབར། །འབར་ནས་དྲི་ཆེན་བདུད་རྩིར་ཞུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་འབར། །འབར་ནས་བྱང་ཆུབ་སེམས་སུ་ཞུ། །སྭཱ་ལས་རིན་ཆེན་འོད་འབར་ཏེ། །འབར་ནས་མཱང་ས་བདུད་རྩིར་ཞུ། །ཧྲཱྀཿལས་འོད་ཟེར་སྣ་ཚོགས་འཕྲོས། །འཕྲོས་ནས་རཀྟའི་ཐིག་ལེ་ཞུ། །ཧཱ་ལས་སྐུ་ནི་འོད་འབར་བསམ། །འབར་ནས་དྲི་ཆུ་བདུད་རྩིར་ཞུ། །བུ་ཡི་དབང་ཉིད་རྫོགས་ནས་ནི། །སློབ་དཔོན་གསང་བའི་ཡུམ་ལྡན་དེས། །དབང་བསྐུར་ཚིག་ནི་འདི་སྐད་བརྗོད། །ཧོ་གདོད་ནས་རྣམ་དག་མ་སྐྱེས་ཆོས་ཀྱི་དབྱིངས། །དག་དང་མ་དག་རྣམ་རྟོག་མཐའ་ལས་འདས། །དུག་གསུམ་གཅིག་ལ་སྐུ་བསྟན་སྤྱི་ཤོལ་མེད། །དངོས་གྲུབ་བརླན་ཅན་སྣ་ཚོགས་འབར་བ་ཅན། །སུ་འདོད་སྦྱིན་གྱིས་འདི་ལ་ད་ཚུར་ལོངས། །སྐམ་པར་འདྲེངས་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཁུད་པར་ཉི་ཤར་དྲོ་བ་ལྟར། །བདུད་རྩིའི་རྒྱལ་པོ་དབང་ཆེན་འདི་སྦྱིན་པས། །རིག་འཛིན་རྒྱལ་པོ་གཙོ་བོའི་གོ་


DNG003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་འཐོབ། །ཚེ་དང་སྐད་དང་ཡིད་དུ་འོང་བ་དང་། །བགེགས་རྣམས་ཞི་ལ་སོགས་པ་སྟེ། །ནད་དང་བྲལ་ནས་ཅི་འདོད་པ། །ཡོན་ཏན་བརྒྱ་རྩ་འདི་ཡིས་འཐོབ། །དེ་སྐད་རབ་ཏུ་བརྗོད་པར་བྱ། །དེ་ནས་སློབ་མའི་དབང་བསྐུར་རྣམས། །ཐམས་ཅད་རིམ་པར་རྫོགས་པར་བྱ། །བདུད་རྩི་གཙོ་བོའི་དབང་བསྐུར་ཏེ། །གཙོ་བོ་གསང་གནས་སྤྱི་བོར་བསྐུར། །ཁ་ནི་མི་དབྱེ་གཙོ་བོར་བསྐུར། །སྔགས་འདིས་ཐམས་ཅད་ཀུན་ལ་བསྐུར། །ཨོཾ་ཨཱཿཧཱུཾ། ར་ས་ཡ་ཏ་ཛ་ན་ར་ས་ཡ་ན་ཛྙཱ་ན་གུ་ཎ་སིདྡྷི་ཡིན་ནམ་གྷུ་ན་སི་ཏི་ཧཱུཾ་ཧྲཱྀཿཛཱ། ཞེས་པས་ཀུན་ལ་དབང་དུ་བསྐུར། །བུམ་པ་ལ་སོགས་སྨན་སྣ་རྣམས། །རིམ་རེ་བསྐུར་ཞིང་རིམ་རེ་བསྒོམ། །སྤྱི་གཙུག་དབང་རྟེན་རལ་པ་ལ། །དར་གྱི་ཅོད་པན་རེ་རེ་ལ། །སྔགས་འདི་ལན་བརྒྱད་བརྗོད་ཅིང་གདགས། །ཨོཾ་ཤྲཱི་ཕཊ་ཨ་བྷི་ཥིཉྩ་ཧཱུཾ། དེ་སྐད་བརྗོད་ཅིང་དབང་དེ་བསྐུར། །ནས་ནི་འབྲས་བུ་བདུན་ཉིད་ལ། །གོང་མའི་སྔགས་ནི་བདུན་བརྗོད་ལ། །ཀུན་ལ་ཞག་གྲངས་ཙམ་རེ་གདགས། །གསང་བའི་མཚན་ཡང་གདགས་པར་བྱ། །དབང་གི་དངོས་གྲུབ་དེ་དག་ཀུན། །གཞན་གྱིས་མི་འཕྲོག་ཟིལ་གནོན་ཕྱིར། །སྦྱིན་སྲེག་ཆོ་ག་རྒྱས་པར་བྱ། །དབང་དང་སྨན་གྱི་སྦྱོར་བ་རྣམས། །ཤིན་ཏུ་རྒྱས་པ་ཉིད་དུ་བྱ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་དང་། །སྨན་གྱི་བྱིན་བརླབས་ནུས་མཐུས་ནི། །ནད་དང་འབྱུང་པོ་ཐམས་ཅད་སེལ། །སྐྱེ་མེད་བྱང་ཆུབ་འབྲས་བུ་ཐོབ། །རིག་འཛིན་གསུམ་གྱི་འབྲས་བུ་ཐོབ། །དེ་ཡང་བསྒྲུབ་པ་ཆེན་པོའི་ཚེ། །ལྷ་ཡི་སྐུ་ནི་བསྒོམ་པར་བསྟན། །དེ་བཞིན་སྙིང་པོ་དག་ཀྱང་བསྟན། །གསང་སྔགས་གསུང་གི་དངོས་གྲུབ་ནི། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །བདུད་རྩི་ཆེན་པོ་ཐལ་བའི་ལུང་། །ལུང་འདི་བདག་གིས་རབ་བཤད་པས། །བསྒྲུབ་པ་ཆེན་པོ་ཐམས་ཅད་ཀྱི། །མིག་དང་དབང་པོ་ལྟ་བུར་འགྱུར། །ཀྱེ་མ་ཉོན་ཅིག་ཡེ་ཤེས་འཁོར་ཆེན་ཉིད། །བདུད་རྩི་
ཆེན་པོའི་ངེས་ཚིག་འདི། །ཐམས་ཅད་ངེས་པར་ལུང་འདི་བསྟན། །རྣམ་གྲོལ་ཧེ་རུ་ཀ་ཡིས་ཀྱང་། །བདུད་རྩིའི་ངེས་ཚིག་འདི་དག་གསུངས། །བདུད་ཀྱིས་འཁོར་བའི་གཅོང་རོང་འདོན། །རྩི་ཡིས་ཡེ་ཤེས་ཐབས་ལ་སློན། །བདུད་ནི་འཁོར་བ་ཆེན་པོ་ལ། །རྩི་ཡིས་ཆོས་ཉིད་དོན་ལ་སྐྱེལ། །བདུད་རྩིའི་དོན་དག་གད་རྒྱངས་ཆེ། །བདུད་ནི་བར་ཆོད་བགེགས་ཆེན་ལ། །རྩི་ཡིས་ཆེ་མཆོག་ལྟ་བུར་འགྱུར། །བདུད་ནི་ཁུ་རླངས་སྤྲིན་ལྟ་བུར། །ཉི་མ་ལྟ་བུའི་རྩི་བཏབ་ནས། །ཡེ་ཤེས་དོན་ལ་ཐོགས་པ་མེད། །བདུད་ནི་མུན་ཁུང་ལྟ་བུ་ལ། །མར་མེ་ལྟ་བུའི་རྩི་བཏབ་ནས། །སྣང་བ་ཐམས་ཅད་ཐོགས་མེད་འགྱུར། །ཀྱེ་མ་ཆེ་མཆོག་ཧེ་རུ་ཀ །ནམ་མཁའ་ལྟ་བུའི་རྩི་ཆེན་ལ། །སྤྲིན་ཕུང་ལྟ་བུའི་བདུད་ཀྱིས་བསྒྲིབས། །ཤེལ་སྒོང་ལྟ་བུའི་རྩི་འདི་ལ། །དྲི་མ་ལྟ་བུའི་བདུད་ཀྱིས་བསྒྲིབས། །བདུད་རྩི་ཆེན་པོ་མཆོག་གི་ལུང་། །འདི་ནི་སྣང་བ་གོ་འབྱེད་པའོ། །མ་རིག་བདུད་ལ་རིག་པ་རྩིའི། །རྒྱ་ཡིས་བཏབ་ཅིང་འགྱུར་བ་མེད། །དེ་བཞིན་བདུད་རྩིའི་སྦྱོར་བ་འདི། །ཧེ་རུ་ཀ་ཡིས་རབ་ཏུ་གསུངས། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་པའི་རྒྱུད། བདུད་རྩི་ཐལ་སྦྱོར་གྱི་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །རྫོགས་སོའོ།། །།


previousབདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་། next