Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
འབྲས་བུ་དངོས་བཤད་པ།
   
   
   


 
previousའབྲས་བུ་དངོས་བཤད་པ།next

འབྲས་བུ་དངོས་བཤད་པ།

དོན་གཉིས་པ་འབྲས་བུ་དངོས་བཤད་པ་ནི༔ ཉན་རང་སོགས་ལ་བྲལ་ཆ་ཙམ་རེ་ཡོད་ཀྱང་དེ་ནི་མཐར་ཐུག་གི་འབྲས་བུ་མ་ཡིན་པ་སོགས་ལས་གཙོ་བོའི་དབང་གི་འདིར་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་གོ་འཕང་ལ་འབྲས་བུ་དངོས་སུ་བཞག་པ་ཡིན་ལ༔ དེ་ལྟ་བུའི་བྲལ་སྤངས་དག་ཇི་ལྟར་ཐོབ་པའི་ཚུལ་ནི་གོང་གིས་རང་བྱུང་དགོངས་པའི་ཚིག་ལྔའི་ཚར་ཕྱིན་པས་འདི་གསུམ་འབྲེལ་བར་བྱུང་བ་ལས་འབྲས་བུ་བཞག་སྟེ༔ དེ་ལ་རྟེན་སྐུ༔ བརྟེན་པ་ཡེ་ཤེས༔ མཛད་པ་ཕྲིན་ལས་དང་གསུམ་ལས༔ དང་པོ་ལ༔ ངོ་བོ་ངེས་ཚིག༔ དབྱེ་བ་༔ མཚན་ཉིད༔ རང་བཞིན་བཞུགས་ཚུལ་དང་ལྔ་ལས༔

དང་པོ་ནི༔ སྤྱིར་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པའི་ལུས་སམ་རྟེན་ནམ་གཞིར་གྱུར་བ་ཡིན་ནོ༔ དེ་ལས་བྱེ་བྲག་ཏུ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནི་སྐུ་གསུམ་གྱི་ངོ་བོར་བཤད་དེ༔ རང་ཤར་ལས༔ སྐུ་གསུམ་གཅིག་ལ་རྫོགས་པའོ༔ སྐུ་གསུམ་གཅིག་གི་རང་བཞིན་ལ༔ དུ་མར་སྣང་བ་འཁྲུལ་བ་ཡིན༔ ཞེས་དང་༔ ཡང་ནང་གསལ་གྱི་ཡེ་ཤེས་ཆོས་སྐུ་དང་༔ མཚན་ཉིད་འཛིན་པ་ལོངས་སྐུ༔ ཡུལ་ལ་ཁྱབ་པ་སྤྲུལ་སྐུར་བཞག་ནས༔ ཀུན་གསལ་ལས༔ ཆོས་ཀྱི་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ་གཉིས་སུ་མེད་པའོ༔ ལོངས་སྐུའི་ངོ་བོ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་གསལ་ལ་མི་རྟོག་པའོ༔ སྤྲུལ་སྐུའི་ངོ་བོ་ནི་ཐུགས་རྗེ་མ་འགགས་པའོ༔ ཞེས་སོ༔

ངེས་ཚིག་ནི༔ མཐར་ཐུག་གི་གཉེར་བྱ་སྟོང་གསལ་དག་པ་གཉིས་ལྡན་འཁོར་འདས་ཀུན་ལ་ཁྱབ་ཅིང་ཐམས་ཅད་ཀྱི་འཆར་གཞིའི་རྟེན་བྱེད་པས་ཆོས་སྐུ་དང་༔ མཚན་དཔེ་ཡོངས་སུ་རྫོགས་ཤིང་སྣང་ལ་རང་བཞིན་མེད་པར་སྣང་བས་སྐུའི་ཞིང་ཁམས་རྣམ་པར་དག་པ་དང་༔ འཁོར་སྨིན་པ་ལ་ལོངས་སྤྱོད་པའི་རྒྱུ་མཚན་གཉིས་ཀྱིས་ལོངས་སྐུར་བཞག་ཅིང་༔ ཐུགས་རྗེ་མ་འགགས་པ་སྣ་ཚོགས་སུ་ངེས་མེད་མཐུན་པར་སྣང་ཞིང་འགྲོ་བའི་དོན་མཛད་པས་སྤྲུལ་སྐུ་སྟེ༔ དེ་ཉིད་ལས༔ ཆོས་སྐུའི་ངེས་ཚིག་ཁྱབ་པ་དང་རྟེན་བྱེད་པའོ༔ ལོངས་སྐུའི་ངེས་ཚིག་ནི་ཞིང་ཁམས་དག་པ་དང་༔ འཁོར་སྨིན་པ་ལོངས་སྤྱོད་པའོ༔ སྤྲུལ་སྐུའི་ངེས་ཚིག་མ་འགགས་པ་ཐུགས་རྗེ་སྣ་ཚོགས་པའོ༔ མཐུན་པར་སྣང་བའི་ཕྱིར་སྤྲུལ་སྐུའོ༔ མ་ངེས་པའི་ཕྱིར་སྤྲུལ་སྐུའོ༔ ཞེས་སོ༔

གསུམ་པ་དབྱེ་བ་ལ་འབྲས་ཆོས་ལྔ་དང་༔ ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་སྐུ་གསུམ་གྱི་གནས་སྤྱིར་དབྱེ་བ༔ རྣམ་པར་འཕྲུལ་བའི་སྒོ་ནས་བྱེ་བྲག་ཏུ་དབྱེ་བའོ༔

དང་པོ་ལ༔ སྐུ་གསུམ་རེ་རེ་ཞིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔར་དབྱེ་བ་ཆོས་ཀྱི་རྣམ་གྲངས་བཅོ་ལྔར་ངེས་པ་ནི༔ ཐལ་འགྱུར་ལས༔ ཆོས་ཀྱི་སྐུ་ནི་སྐུ་དང་གསུང་༔ ཐུགས་དང་ཡོན་ཏན་ཕྲིན་ལས་སོ༔ སྐུ་ནི་སྟོང་དང་གསལ་བ་དང་༔ མཚན་མ་མེད་པའི་རང་བཞིན་ནོ༔ གསུང་ནི་སྒྲ་ཚིག་མིང་བྲལ་ནས༔ བརྗོད་ཅིང་གླེང་བ་ཉིད་བྲལ་ལོ༔ ཐུགས་ནི་བསམ་དང་འགྱུ་མེད་པས༔ འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས༔ ཡོན་ཏན་ཕྱིར་འོང་ལྡོག་པ་མེད༔ དབྱིངས་དང་ཡེ་ཤེས་ཁྱབ་པ་དང་༔ རང་བཞིན་བཅོས་པ་མེད་པའོ༔ ཕྲིན་ལས་མ་བྱུང་མ་སྐྱེས་པ༔ ཤུགས་བྱུང་བ་དང་འགག་པ་མེད༔ མ་བྱས་བྱེད་པ་མེད་པའོ༔ ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ གསལ་དང་གསལ་བྱེད་རིག་པས་ཁྱབ༔ གསུང་ནི་རང་བྱུང་རང་སྣང་དང་༔ སྤྲོ་བསྡུ་རྣམ་པའི་འཁོར་ལོའོ༔ ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་༔ མཁྱེན་པའི་རྩལ་དང་དགོངས་པའོ༔ ཡོན་ཏན་མཚན་དཔེ་རྫོགས་པ་ལ༔ དགོངས་གསལ་མངོན་ཤེས་རྫོགས་པའོ༔ ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས༔ ཕྱི་ནང་གསང་བ་རྣམས་འཕྲོས་ཏེ༔ སོ་སོའི་རིགས་ཀྱི་སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་༔ རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ༔ འཁོར་ལ་རང་གི་ངོ་བོས་སྟོན༔ སྤྲུལ་བའི་སྐུ་ཡང་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ལྔ་ལའོ༔ སྐུ་ནི་མཚན་དང་དཔེ་བྱད་ལ༔ གདུལ་བྱ་གང་འདུལ་ལུས་སྤྲུལ་པ༔ གསུང་ནི་ཚིག་སྦྱོར་ལེགས་པ་ལ༔ ཚངས་པའི་དབྱངས་ནི་ཡན་ལག་དྲུག༔ ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས༔ རང་གཞན་དོན་གཉིསདགོས་པར་གནས༔ ཡོན་ཏན་མཁྱེན་པ་རྫོགས་པ་དང་༔ ཕྲིན་ལས་ཕྱི་ནང་གསང་བ་ཡི༔ མཛད་པ་མ་ལུས་རྫོགས་པ་དང་༔ ཕུན་སུམ་ཚོགས་པ་ལྔར་གནས་སོ༔ ཞེས་སོ༔ གཉིས་པ་ལ་ཆོས་ལོངས་སྤྲུལ་གསུམ་ལས༔ དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི༔ སྟོན་པ་ཐོག་མའི་སངས་རྒྱས་འགྱུར་མེད་ཆོས་ཀྱི་སྐུའི༔ བསྟན་པ་མི་ནུབ་པའི་རྒྱལ་མཚན་ཡེ་ཤེས་ལྔའི་དགོངས་པ༔ འཁོར་ཉིད་ལས་མི་གཞན་པའི་ཤེས་རབ་ཀྱི་སྐུ་ལྔ་འོད་ཀྱི་བུམ་པར་བཞུགས་པ་ལ༔ གནས་སྐྱེ་མེད་ཆོས་ཀྱི་དབྱིངས་བསམ་ངོ་ལས་འདས་པར༔ ཀུན་གྱི་སྔོན་རོལ་བ་ཀ་དག་མཉམ་པ་ཉིད་དུས་སུ་སྐྱེ་མེད་དོན་གྱི་གསུང་གིས་བྱིན་རླབས་ཀྱི་བཤད་པ་སྟེ༔ ཀུན་གསལ་ལས༔ ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ༔ སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ༔ བསྟན་པ་མི་ནུབ་རྒྱལ་མཚན་ནི༔ གསང་བ་རིགས་པས་རྒྱུད་ཆེན་ལྔ༔ འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པ༔ རིགས་ལྔ་བདེ་གཤེགས་འོད་དུ་འབར་བ་ལྔ༔ བཞུགས་གནས་སྐྱེ་མེད་ཆོས་ཀྱི་དབྱིངས༔ དུས་ནི་འདས་དུས་མ་བྱོན་སྔོན་རོལ་ནས༔ རྟོག་མེད་སྟོན་པས་བྱིན་གྱིས་བརླབས་ཀྱི་བཤད༔ ཅེས་དང་༔ ཀུན་བྱེད་ལས༔ ཆོས་ཀྱི་སྐུས་ནི་བྱིན་གྱི་རླབས་ཀྱི་བཤད༔ ཅེས་སོ༔ གཉིས་པ་ནི༔ སྟོན་པ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱིས༔ འཁོར་ཡེ་ཤེས་ལྔ་དང་མཚན་དཔེ་རྒྱན་དུ་ཤར་བའི་རིགས་བཞིའི་སེམས་དཔའ་དང་སེམས་མ་རྣམས་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཐུགས་ཀྱི་དགོངས་པ་ཡེ་ཤེས་ལྔའི་རང་བཞིན་ཉིད༔ དུས་སྣང་བ་འདུ་བ་མཆེད་དེ་རིག་པ་ཡུལ་དུ་ཤར་ཞིང་སྣང་བའི་ཚེ༔ ཞིང་ཁམས་འོག་མིན་ལྷུན་སྟུག་པོ་བཀོད་པ་མངོན་པར་འདུས་མ་བྱས་པ་ཡེ་ཤེས་འོད་ཀྱི་གཞལ་ཡས་ཁང་དུ༔ རང་གི་ངོ་བོ་དང་སྐུའི་ཆ་བྱད༔ ཏིང་ངེ་འཛིན་གྱི་དགོངས་པས་བཤད་པ་སྟེ༔ དོན་གསལ་ལས༔ སྟོན་པ་རིགས་ལྔ་བདེ་བར་གཤེགས་པ་ལྔ༔ བསྟན་པ་གསང་སྔགས་གསང་བའི་རྒྱུད་ཆེན་ལྔ༔ འདུས་པའི་འཁོར་ནི་སེམས་དཔའ་སེམས་མའི་ཚོགས༔ བཞུགས་པའི་གནས་ནི་ཡེ་ཤེས་གཞལ་མེད་ཁང་མཛེས་འོད་ཀྱི་ཀློང་༔ དུས་ནི་དེ་རྣམས་རིག་པ་ཡུལ་དུ་ཤར་བའི་ཚེ༔ ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར༔ སྐུ་ཡི་ཆ་བྱད་སྒོ་ནས་སྟོན༔ ཞེས་དང་༔ ཐུགས་ཀྱི་དགོངས་པ་ཡེ་ཤེས་རྣམ་ལྔར་གསལ༔ བཤད་པ་མ་ཡིན་ཉན་པ་མེད༔ གཙོ་བོའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ༔ རང་རང་དངོས་པོ་བཤད་ཅེ་ན༔ ཏིང་ངེ་འཛིན་གྱི་དགོངས་པས་བཤད༔ ཅེས་དང་༔ ཀུན་བྱེད་ལས༔ ལོངས་སྤྱོད་རྫོགས་པ་རང་གི་ངོ་བོས་བཤད༔ ཅེས་སོ༔ གསུང་འདི་གཉིས་ལ་དཔྱད་ན༔ ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་ཆེན་པོའི་མཚན་དཔེ་གདམས་པར་ཤར་བས་རྟོགས་རུང་དུ་གནས་པ་དེ་སྐྱེ་མེད་དོན་གྱི་གསུང་རང་བྱུང་ཆེན་པོ་ཡིན་པའི་བྱིན་རླབས་ཀྱིས༔ གང་ཟག་དབང་རབ་ཀྱིས་དེ་རྟོགས་པར་གྱུར་ན་གང་ཟག་དེ་ལ་བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱ་བའི་ངེས་པ་ཚིག་དོན་དུ་འབྱོར་བའོ༔ ཡང་འབྱུང་ཆེན་མི་རྟོག་པའི་སྟོན་པ་ལྔའི་རང་གི་ངོ་བོའི་གཉིས་སུ་རྟོག་པ་དང་སྣང་བ་མེད་པའི་མཉམ་པ་ཆེན་པོའི་དགོངས་པའི་ངོ་བོ་སྟོན་པས་དེ་རྟོགས་ནས་སངས་རྒྱས་པ་དང་༔ ཡང་དེ་དག་གི་གནས་ལུགས་སྐུ་དང་ཡེ་ཤེས་ཀྱི་ངང་ཚུགས་དག་པ་ཆེན་པོ་མ་ཤོར་བར་རྒྱུན་ལྡན་དུ་གནས་པས༔ དེ་ལ་ཚད་མས་གཞལ་ན་དག་པར་མོས་སྤྱིའི་ངེས་པ་ཐོབ་རུང་བའི་སྣང་ལྡོག་གིས་བཟུང་ངོས་ཀྱི་རང་གི་ངོ་བོའི་སྟོན་པར་ཡང་གྱུར་པ་ཡིན་ནོ༔ དེས་ན༔ སྟོང་ཉིད་རིག་པས་ཀྱང་ནི་གོ་ནུས་ཀྱི༔ ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོ་ཡིན༔ ཞེས་དང་༔ ཀུན་བྱེད་ལས༔ ཀུན་ཏུ་བྱང་ཆུབ་སེམས་ལས་ནི༔ སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ༔ སྟོན་པ་བྱང་ཆུབ་སེམས་ལྔ་བྱུང་༔ སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ༔ ཆོས་ནི་རང་གི་ངོ་བོས་འཆད༔ དགོངས་པ་ཉིད་ལ་ཉིད་མི་རྟོགས༔ ཡུལ་ཆོས་གཞན་ཡང་རྟོགས་མི་བྱེད༔ བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས༔ ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན༔ བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ༔ སྟོན་པ་པ་ཡི་སྐུར་ཕྱུང་ནས༔ ཚིག་དང་ཡི་གེས་མི་སྟོན་ཏེ༔ རང་གི་རང་བཞིན་སྟོན་བྱེད་བ༔ བདག་ཏུ་མི་རྟོགས་གཞན་མི་རྟོགས༔ མི་རྟོགས་མཉམ་པའི་ངོ་བོ་སྟོན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ དེ་རྟོགས་སངས་རྒྱས་ཀུན་དང་མཉམ༔ ཞེས་པ་དག་ཀྱང་གསུང་གཉིས་ཀྱི་ཆོས་འཁོར་བསྐོར་བ་རྟོགས་ཚུལ་དང་བཅས་པ་ཤེས་པས་ཆེད་དུ་གཞི་འབྲས་ཀྱི་གོ་དོན་སྦྱོར་ནས༔ འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོ་དང་རང་སྣང་གི་རིགས་ལྔ་མངོན་པར་སྣང་བ་ནི་དགོངས་པ་མི་གཉིས་པར་ད་ལྟར་གྱི་རྟོག་ཚོགས་ཐམས་ཅད་ནང་གསལ་དུ་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ཉིད་ཡིན་པའི་གནད་ཀྱི་ངོ་བོ་དང་རང་རྩལ་ཐ་མི་དད་པའི་བྱིན་རླབས་ལས་རྟོགས་པ་མཉམ་པོར་ཐོབ་པའི་ཡེ་ཤེས་ཀྱི་རང་མདངས་ལ་དེ་ལྟར་བཤད་དོ་ཞེས་བརྡའ་སྦྱར་བའོ༔ ཕྱེད་སྤྲུལ་རིག་འཛིན་སྨིན་པ་རྒྱ་མཚོ་སོགས་ནི་དབང་པོ་རྣོ་བ་དང་༔ སྦྱངས་པ་སྨིན་པའི་སྟོབས་ལས་བརྡས་གོ་བར་བཞག་ཚུལ་ཀྱང་བསོད་ནམས་བསགས་པའི་ཆོས་སྐུ་དེ་དག་ལ་གནས་ལུགས་དག་མཉམ་ཆེན་པོར་ཡེ་ནས་ཡོད་པའི་ངང་ཚུལ་གྱི་སྐུའི་ངོ་བོ་མཐོང་བ་ལས་རྟོགས་པ་སྐྱེས་པས༔ སྐུ་ཡི་ཆོས་རྣམས་མཇལ་བར་སྟོན༔ ཞེས་པའང་གསུངས་བར་ཁོ་བོས་ཁྱད་པར་དུ་བཞག་གོ༔ དེ་ལྟར་ན་ནམ་མཁའ་སྟོང་པ་ཡིན་པའི་བྱིན་རླབས་ཀྱིས་དེ་ལྟར་རྟོགས་པ་དང་༔ དུང་དཀའ་པོར་མཐོང་བ་དུང་རང་གི་སྐུའི་ངོ་བོས་སྟོན་པས་ཡིན་པ་དཔེར་བྱས་ནས་གསུངས་གཉིས་བཞག་པ་ཙམ་དུ་བས་སོ༔ འདི་གཉིས་བྱིན་རླབས་དང་ངོ་བོའི་སྟོན་པ་མཉམ་ཀྱང་༔ རིག་པ་དག་པའི་ཡུལ་དུ་ཤར་བ་དང་༔ དབྱིངས་རང་སོར་བཙན་ས་ཟིན་པའི་ཤེས་རབ་མཁའ་ལ་འཁྱིལ་བས་རྟོགས་པ་ཐོབ་ཚུལ་ལམ༔ ཆོས་ཅན་ཆོས་ཉིད་ཀྱི་བྱེ་བྲག་གིས་ཀྱང་ཁྱད་ཡོད་པའི་ཐ་སྙད་བཀོད་པ་ཡིན་པར་ཤེས་པར་བྱའོ༔ གསུམ་པ་སྤྲུལ་སྐུའི་ཕུནསུམ་ཚོགས་པ་ལྔ་ནི༔ སྟོན་པ་རྡོ་རྗེ་འཆང་ཆེན་པོ་མཛད་པ་ཕྱི་ནང་གསང་བའི་སུམ་ཅུ་རྩ་དྲུག་མཐར་ཕྱིན་པ༔ ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱ་སྟོང་གྲངས་མེད་པ༔ གནས་ལྷ་གནས་གསུམ་དུ་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པར་རང་བྱོན་ནས༔ འཁོར་སངས་རྒྱས་རབ་བདུན་དང་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ་སོ་སོ་ལ༔ བསྟན་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིས་དབུ་འདྲེན་ཕྱི་ནང་གསང་བས་བསྡུས་པའི་ཆོས་ཀྱི་འཁོར་ལོ༔ དུས་ཚེ་ལོ་དཔག་ཏུ་མེད་པ་སོགས་སུ་ཚིག་སྡེབ་སྦྱོར་ལེགས་པར་བཤད་དེ༔ དེ་ཉིད་ལས༔ སྟོན་པ་རྡོ་རྗེ་འཆང་ཆེན་པོའི༔ བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ༔ དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས༔ ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ༔ མགུལ་གྱི་བུམ་པར་ཡེ་ཤེས་རླུང་གིས་འདྲིལ༔ ཞལ་གྱི་ལྗགས་ལས་མ་འདྲེས་གསལ་བར་བཀྲམ༔ ཚེམས་གྱི་བར་ནས་ཚིག་དོན་སོ་སོར་བཤད༔ ཡན་ལག་དྲུག་ཅུས་སྡེབ་སྦྱོར་ལེགས་པར་བཤད༔ ཅེས་དང་༔ འདུས་པའི་འཁོར་ཚོགས་སངས་རྒྱས་རབས་བདུན་ལ༔ ལྷ་གནས་གསུམ་དུ་བདུད་བརྩིའི་ཆར་ཆེན་ཕབ༔ ཅེས་དང་༔ ཀུན་བྱེད་དུ༔ སྤྲུལ་པའི་སྐུས་ནི་དོན་རྣམས་ཚིག་ཏུ་སྡེབ༔ ཅེས་ཕུན་སུམ་ཚོགས་པ་འདི་ནི་སྐུ་གསུམ་རྣམ་པར་འཕྲུལ་བའི་གྲངས་བཞིན་དུ་བརྩིར་ཡོད་ཀྱང་དེ་དག་ནི་འདིར་བཏང་སྙོམས་སུ་བཞག་པའོ༔

དོན་གཉིས་པ་རྣམ་པར་འཕྲུལ་བའི་སྒོ་ནས་བྱེ་བྲག་ཏུ་དབྱེ་བ་ལ་སྐུ་གསུམ་རེ་རེ་ཞིང་གསུམ་གསུམ་དུ་དབྱེ་བར་ཡོད་པའི་དང་པོ་ཆོས་སྐུ་ལ་གསུམ་སྟེ༔ རིག་པ་ངོས་བཟུང་དང་བྲལ་ཞིང་ངོ་བོ་འགྱུར་བ་མེད་པའི་ཆོས་སྐུའི་ཆོས་སྐུ༔ རིག་པ་ཤེས་རབ་ཀྱི་ལྔའི་མཁྱེན་པ་མ་འགགས་པ་ཆོས་སྐུའི་ལོངས་སྐུ༔ གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི་རྣམ་སྣང་ལ་སོགས་ཏེ་ལོངས་སྐུའི་ཆོས་ལོངས་ཆོས་སྐུའི་སྤྲུལ་སྐུ་ཡིན་ནོ༔ དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་བཞག་ཅིང་༔ ཤེས་རབ་ཀྱི་སྐུ་ལྔ་ནི༔ རིག་པ་གཅིག་ཉིད་རིགས་ལྔའི་སངས་རྒྱས་ཀྱི་ངོ་བོར་བཞུགས་པས༔ དེའི་ཡེ་ཤེས་དང་ཡོན་ཏན་རྫོགས་པའི་ཆ་ནས་བཞག་པ་སྟེ༔ དེ་ཉིད་ལས༔ རིག་པ་གཅིག་གི་ངོ་བོ་ལས༔ སྟོང་བ་རིག་པ་གཉིས་མེད་ཡེ་ཤེས་ཐོགས་པ་མེད༔ ཤེས་རབ་སྐུ་ལྔའི་ངོ་བོ་ཡིན༔ དབྱེ་བ་ཡོན་ཏན་སྒོ་ནས་དབྱེ༔ ཞེས་སོ༔ ངེས་ཚིག་ཤེས་རབ་ལ་དེ་ལྟར་མཁྱེན་པ་མ་འགགས་པས་ཤེས་རབ་ཀྱི་སྐུའོ༔ ཡང་ན་རང་ལ་ཤེས་རབ་མ་འགག་ལ༔ གདུལ་བྱ་ལ་སྐུར་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ༔ ཞེས་སོ༔ དེ་དག་ནི་གཞི་གནས་ཀྱི་སྐུ་གསུམ་མོ༔ གཉིས་པ་ལོངས་སྐུ་ལའང་གསུམ་ལས༔ ལོངས་སྐུའི་ཆོས་སྐུ་ནི༔ རྣམ་སྣང་ཆེན་པོ་ཉིད་ལས་རིགས་བཞི་འབྱུང་ཞིང་རྣམ་སྣང་གི་ཡོན་ཏན་གྱིས་རིགས་བཞི་ལ་ཁྱབ་པ་དང་༔ རིགས་བཞིའི་གཞིའམ་ཤེས་བྱར་གྱུར་པའི་ཕྱིར་ན་དེ་ཉིད་ཡིན་ནོ༔ ལོངས་སྐུའི་ལོངས་སྐུ་མི་རིགས་བཞི་ཡིན་ནོ༔ དེ་ཡང་ཡར་རྣམ་སྣང་གི་ཐུགས་རྣམ་པར་དག་པ་ལ་ལོངས་སྤྱོད་ཅིང་༔ མར་འཁོར་དུ་སྨིན་པས་སེམས་དཔའ་དང་སེམས་མ་ལ་ཐུགས་རྗེ་སྤྱོད་པས་སོ༔ ལོངས་སྐུའི་སྤྲུལ་སྐུ་ནི་སེམས་དཔའ་དང་སེམས་མ་རྣམས་ཏེ༔ དེ་ལས་ཐུགས་རྗེ་བྱེ་བྲག་མི་འདྲ་བར་མཁྱེན་པའི་ཕྱིར་རོ༔ དེའི་ཕྱིར་མ་དག་སེམས་ཅན་གྱི་དུས་སུ་སྒོ་ལྔའི་རྣམ་ཤེས་ཀྱིས་ཡུལ་ལ་སྤྱོད་པ་དག་འབྲས་སེམས་དཔའ་དང་སེམས་མའི་ཁྱེའུ་ལྔའི་མཆོད་པ་བླངས་ཤིང་གཞི་རང་བྱུང་གི་རིག་པ་ལ་ཐིམ་པ་ལམ་དུ་ཤར་ནས༔ རྣལ་འབྱོར་རབ་ལ་ཅི་ཤར་རིག་སྟོང་རྗེན་པའི་ཟས་སུ་གསུངས་པ་ཡང་འདིའི་གནད་ཀྱིས་ཡིན་ནོ༔ རང་ཤར་ལས་ཀྱང་༔ ལོངས་སྤྱོད་རྫོགས་པ་སྐུའི་སྤྲུལ་སྐུ་ནི༔ སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བའོ༔ ཞེས་པའང་ཐུགས་རྗེའི་བྱེ་བྲག་མི་འདྲ་བ་ལྔས་ཡུལ་སོ་སོར་མཁྱེན་པའི་ཆ་ནས་ཡིན་ནོ༔ དེ་དག་ནི་འབྲས་བུ་ཆོས་སྐུ་ལ་ལོངས་སྐུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་མངོན་པར་གསལ་བ་ཡིན་པས༔ འབྲས་བུ་མངོན་པར་རྫོགས་པ་ཞེས་བྱ༔ ཐུགས་མཁྱེན་པའི་ཡེ་ཤེས་ཆོས་སྐུར་གསལ་ཞིང་༔ མར་སྤྲུལ་པའི་སྐུའི་སྣང་བར་སྤྲོ་བའི་བར་ན་སྐུ་གསུམ་མཆོག་འོད་གསལ་བས་སོ༔ སྤྲུལ་སྐུའི་ཆོས་སྐུ་ནི༔ རིགས་བཞིར་སྣང་བ་ཡིན་ལ༔ ལོངས་སྐུ་ནི་སེམས་དཔའ་དང་སེམས་མ་རྣམས་ལོངས་སྐུའི་མཚན་དཔེ་རྒྱན་དུ་གསལ་བ་ཡིན་ཞིང་༔ ཡར་རིགས་བཞིའི་ཐུགས་ལ་ལོངས་སྤྱོད༔ མར་རང་རང་གི་གདུལ་བྱ་ལ་ཐུགས་རྗེ་སྤྱོད་པའི་ཕྱིར་ཡིན་ནོ༔ སྤྲུལ་སྐུའི་སྤྲུལ་སྐུ་ནི་ཐུབ་པ་དྲུག་དང་དགའ་རབ་རྡོ་རྗེ་ལ་སོགས་པའོ༔ དེས་སེམས་ཅན་གྱི་དོན་དུ་ཐབས་ཚུལ་དགོངས་ལྡེམ་དྲངས་ངེས་ཆོ་རོལ་མི་འདྲ་བ་མཁྱེན་པས་མཐུན་པར་སྣང་ཞིང་འདུལ་བའི་ཕྱིར་རོ༔ དེ་དག་ལ་ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་བྱའོ༔ ལོངས་སྐུ་ཡབ་ཡུམ་གྱི་ཞལ་བར་ནས་ཡི་གེ་དྲུག་གི་འོད་ཟེར་འཕྲོས་པས་འཛམ་གླིང་བྱེ་བ་ཕྲག་བརྒྱའི་གྲངས་ཀྱི་རྡོ་རྗེ་སེམས་དཔའ་དང་༔ འགྲོ་དྲུག་སྤྱིའི་གནས་སུ་ཐུབ་དྲུག་སོགས་ཐུགས་རྗེའི་འོད་ཟེར་འགྱེད་པས་སོ༔ དེ་དག་ཀྱང་ཀུན་གསལ་ལས༔ དབྱེ་ན་ཆོས་སྐུ་ལ་གསུམ་སྟེ༔ རིག་པ་ངོས་བཟུང་དང་བྲལ་ཞིང་མི་འགྱུར་བས་ཆོས་སྐུའི་ཆོས་སྐུའོ༔ རིག་པ་ཤེས་རབ་ཀྱི་སྐུ་ལྔ་མཁྱེན་པ་མ་འགགས་པ་ཆོས་སྐུའི་ལོངས་སྐུའོ༔ གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི་ཆོས་སྐུའི་སྤྲུལ་སྐུའོ༔ རིགས་ཀྱི་བུ་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱའོ༔ གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱའོ༔ འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱའོ༔ སྐུ་གསུམ་ཇ་ལོག་ཆེན་པོ་ཞེས་ཀྱང་བྱའོ༔ འབྲས་བུ་གནས་པ་ཞེས་ཀྱང་བྱའོ༔ ལོངས་སྐུའི་ཆོས་སྐུ་ཆེན་པོ་ནི་རྣམ་སྣང་ཆེན་པོའོ༔ ལོངས་སྐུའི་ལོངས་སྐུ་ནི་རིགས་བཞིའོ༔ ལོངས་སྐུའི་སྤྲུལ་སྐུ་ནི་སེམས་དཔའ་དང་སེམས་མ་རྣམས་སོ༔ རིགས་ཀྱི་བུ་དེ་རྣམས་ལ་མཚན་གྱི་བྱེ་བྲག༔ འབྲས་བུ་མངོན་པར་གསལ་བ་ཞེས་ཀྱང་བྱའོ༔ སྐུ་གསུམ་རྣམ་པར་བཞག་པ་ཞེས་ཀྱང་བྱའོ༔ ལོངས་སྐུའི་སྐུ་གསུམ་མོ༔ སྤྲུལ་སྐུའི་སྐུ་གསུམ་ནི༔ རིགས་བཞི་ནི་ཆོས་སྐུའོ༔ སེམས་དཔའ་སེམས་མ་རྣམས་ལོངས་སྐུའོ༔ ཐུགས་རྗེའི་འོད་ཟེར་སྤྲུལ་སྐུའོ༔ ཞེས་སོ༔

མཚན་ཉིད༔ བསམ་བརྗོད་སྤྲོས་པ་དང་བྲལ་བ་ཆོས་སྐུའི༔ གསལ་ལ་རྟོག་པ་མེད་པ་ལོངས་སྐུའི་༔ གང་འདུལ་སྣ་ཚོགས་སུ་སྟོན་པ་སྤྲུལ་སྐུའི་མཚན་ཉིད་དེ༔ རྩལ་རྫོགས་ལས༔ ཆོས་སྐུའི་མཚན་ཉིད་བསམ་པ་བྲལ༔ ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད༔ སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན༔ ཞེས་སོ༔

རང་བཞིན་བཞུགས་ཚུལ་ནི༔ ཀུན་བྱེད་ལས༔ ཆོས་ཀྱི་སྐུ་ཡི་རང་བཞིན་བསྟན་པ་ནི༔ མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་བཞུགས༔ ལོངས་སྤྱོད་རྫོགས་པའི་སྐུ་ཡི་རང་བཞིན་ནི༔ ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པར་བཞུགས༔ སྤྲུལ་པའི་སྐུ་ཡི་རང་བཞིན་བསྟན་པ་ནི༔ ཇི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་བཞུགས༔ ཞེས་སོ༔

དོན་གཉིས་པ་བརྟེན་པ་ཡེ་ཤེས་ཀྱི་རིམ་པ་བཤད་པ་ལ་གཉིས་ལས་ཁྱབ་པ་སྤྱིར་བཏང་དུ་ཡེ་ཤེས་ཀྱི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ དཔེ༔ འབོད་སྐད་དང་ལྔ་ལས༔

དང་པོ་ནི་རིག་པ་ཡེ་ནས་མཁྱེན་རིག་གི་ཆར་ཡོད་པ་ལ༔ རྣམ་པར་རྟོག་པའི་ཟུག་རྔུའི་དྲི་མ་ཐམས་ཅད་དང་བྲལ་པ་ཉིད་སྐུ་ཐམས་ཅད་ཀྱི་སྙིང་པོར་བཞུགས་པ་སྟེ༔ རང་ཤར་ལས༔ རང་བྱུང་ཡེ་ཤེས་དགོངས་པ་ནི༔ ལྷུན་གྲུབ་དྲི་མེད་རང་གསལ་ལོ༔ ཞེས་དང་དོན་གསལ་ལས༔ ཡེ་ཤེས་ཀྱི་ངོ་བོ་ནི་གསལ་ལ་མི་རྟོག་པའོ༔ ཞེས་སོ༔

གཉིས་པ་ངེས་ཚིག་ནི༔ ཡེ་ནས་མཁྱེན་རིག་ཏུ་གསལ་བའི་ཆ་དེ་ཉིད་རྟོགས་པ་མངོན་གྱུར་དུ་ཤེས་སྒྲིབ་ལས་གྲོལ་ནས་དོན་མ་ནོར་བར་ཤེས་ཤིང་མཁྱེན་པའི་དཀྱིལ་འཁོར་ཀུན་ཏུ་རྒྱས་པ་ནི་ཡེ་ཤེས་ཏེ༔ ཐལ་འགྱུར་ལས༔ ཡེ་ནི་གསལ་ཞིང་མཁྱེན་རིག་ཆ༔ ཤེས་པ་རང་གྲོལ་དཀྱིལ་འཁོར་གཅིག༔ ཅེས་དང་༔ རང་ཤར་ལས༔ ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ༔ དེ་ནས་རྟོགས་པ་མངོན་གྱུར་ལས༔ ཞེས་དང་༔ ཀུན་གསལ་ལས༔ ངེས་ཚིག་ནི་ཡེ་ནས་ཡིན་པའི་དོན་དེ་མ་ནོར་པར་ཤེས་པའི་ཡེ་ཤེས་སོ༔ ཞེས་དང་༔ ཀུན་བྱེད་ལས༔ ཡེ་ནས་བྱ་བའི་དོན་འདི་ནི༔ ཐོག་མ་ཉིད་ནས་གནས་པའོ༔ ཞེས་སོ༔

གསུམ་པ་དབྱེ་བ་རྣམ་གྲངས་དང་བཅས་པ་ནི༔ རིག་པ་དངོས་མེད་ཟང་ཐལ་ཀ་དག་ལྷུན་གྲུབ་ཟུང་འཇུག་དབྱེར་མེད་ཆེན་པོ་དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བས་ན་གཞི་གནས་ཀྱི་ཡེ་ཤེས་ཞེས་བྱའོ༔ དེའི་ངོ་བོ་སྟོང་གསལ་དབྱེར་མེད་ཐམས་ཅད་མཁྱེན་པ༔ རྩལ་ཐོགས་པ་མེད་པས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ༔ ངོ་བོ་སྟོང་པ་ཆེན་པོ༔ མཐའ་གང་ལའང་མི་གནས་པས་ན་མི་གནས་པའི་ཡེ་ཤེས༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་གི་རང་རིག་པའི་ཚུལ་གྱིས་རང་གསལ་བ་རང་རིག་པའི་ཡེ་ཤེས༔ དེ་རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡིན་པས་རང་བྱུང་གི་ཡེ་ཤེས༔ ཆོས་ཐམས་ཅད་གནས་ལུགས་དེའི་ངང་ལས་འདའ་བ་མེད་པས་འདའ་ཀ་ཐུགས་ཀྱི་ཡེ་ཤེས་དང་བཅུར་ཡོད་པ་ལས་ཕྱི་མ་བཞི་ནི་གཞི་ལ་གནས་པའི་ཡེ་ཤེས་ཀྱི་ནང་ཚན༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་བསྡུས་ཞིང་༔ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་༔ དེ་ལ་ནང་གསེས་ཀྱི་དབྱེ་བས་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་༔ ཤེས་བྱའི་གནས་ལུགས་ལྟ་བ་དང་༔ སྣང་ཚུལ་གྱི་ངོ་བོ་ཇི་ལྟ་བ་མཁྱེན་པ་དང་༔ ཤེས་བྱའི་རྣམ་པ་ཇི་སྙེད་པ་མཁྱེན་པ་སྟེ་ཡུལ་ལ་ཁྱབ་པའི་ཡེ་ཤེས་ཀྱི་རྣམ་གྲངས་རྣམས་ནི་དབྱེ་བའོ༔

བཞི་བ་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་དཔེ་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་ས་གཞི་རིན་པོ་ཆེ་ལྟ་བུ་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ངོ་བོ་བསམ་བརྗོད་ལས་འདས་པའི་ནམ་མཁའ་ལྟ་བུ་དང་༔ མེ་ལོང་ཡེ་ཤེས་ནི་འགགས་པ་མེད་པ་སྣ་ཚོགས་ཀྱི་གཟུགས་བརྙན་འཆར་བའི་ཆུ་དྭངས་པ་ལྟ་བུ༔ མཉམ་ཉིད་ཡེ་ཤེས་ནི་སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པས་རྒྱ་མཚོ་ཁད་ཀྱིས་མཉམ་པ་ལྟ་བུ༔ གཉིས་མེད་ཀྱི་དཔེ་ནི་གསེར་དང་སེར་བོ་ལྟ་བུ༔ བྱ་གྲུབ་ཡེ་ཤེས་ཀྱི་དཔེ་ནི་གང་ལའང་ཐོགས་པ་མེད་ཅིང་སྙོམས་པར་འཇུག་པས་རླུང་དང་ཉི་མ་ལྟ་བུའོ༔ སོར་རྟོགས་ཡེ་ཤེས་ཀྱི་དཔེ་ནི་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ༔ མི་གནས་ཡེ་ཤེས་ཀྱི་དཔེ་ནི་ཆུ་ཟླ་ལྟ་བུའོ༔ རང་རིག་པའི་ཡེ་ཤེས་ཀྱི་དཔེ་ནི་མན་ཤེལ་དང་རང་འོད་ལྟ་བུ༔ རང་བྱུང་ཡེ་ཤེས་ཀྱི་དཔེ་ནི་རྡོ་རྗེ་ལྟ་བུ༔ འདའ་དཀའ་ཡེ་ཤེས་ཀྱི་དཔེ་ནི་རྒྱལ་པོའི་བཀའ་ཁྲིམས་ལྟ་བུ་དང་༔ ཡུལ་ཁྱབ་ཀྱི་ཡེ་ཤེས་གཉིས་ཀྱི་དཔེ་ནི་རང་གཞན་གྱི་དོན་གཉིས་འགྲུབ་པའི་ནོར་བུ་ལྟ་བུའོ༔

འབོད་སྐད་ནི༔ ཀུན་གསལ་ལས་བཤད་པ་ལྟར་གྱིས་དེ་དག་གི་ངོ་བོ་དཔེ་དང་བཅས་པ་གཞལ་ན་ཤེས་པས་འདིར་དེའི་ནང་དུ་བསྡུས་ནས༔ ཐམས་ཅད་འབྱུང་བར་སྨྲ་ན༔ གཞི་གནས་ཀྱི་ཡེ་ཤེས་ཡིན༔ དངོས་མེད་སྟོང་པར་བརྗོད་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ འགག་པ་མེད་པར་བརྗོད་ན༔ མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ གཉིས་སུ་མེད་པར་བརྗོད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན༔ མ་འདྲེས་ཡོངས་སུ་རྫོགས་པར་བརྗོད་ན་སོ་སོར་རྟོགས་པའི་ཡེ་ཤེས་ཡིན༔ གང་ལ་ཐོགས་པ་མེད་པར་བརྗོད་ན་བྱ་བ་གྲུབ་པའི་ཡེ་ཤེས་ཡིན༔ མཐའ་དང་བྲལ་བར་བརྗོད་ན་མི་གནས་པ་ཡི་ཡེ་ཤེས་ཡིན༔ རིག་པ་འོད་གསལ་བརྗོད་པ་དང་༔ རང་རིག་ཅེས་སུ་བརྗོད་པ་ན་རིག་པའི་ཡེ་ཤེས་ཆེན་པོ་ཡིན༔ འགྱུར་བ་མེད་དང་འདུས་མ་བྱས༔ རྡོ་རྗེ་ལྟ་བུའི་ཚིག་བརྗོད་ན༔ རང་བྱུང་ཡེ་ཤེས་ཆེན་པོར་བཤད༔ ཅེས་དང་༔ ཐལ་འགྱུར་ལས༔ ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས༔ མོས་གུས་ཅན་ལ་དངོས་གྲུབ་སྟེར༔ ཞེས་སོ༔

གཉིས་པ་བྱེ་བྲག་ཏུ་སྐུ་གསུམ་གྱི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་ནི༔ གོང་དུ་བཤད་པ་ལྟ་བུའི་སྒྲིབ་པ་མཐའ་དག་སྤངས་ནས་ཆོས་ཀྱི་སྐུ་མངོན་དུ་མཛད་པ་དེའི་ཚེ་ན་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱིས་སྐུ་དང་ཡེ་ཤེས་ཕྱི་གསལ་དུ་འཆར་གཞི་བྱེད༔ མཚན་ཉིད་འཛིན་པས་དག་པའི་གདུལ་བྱ་དང་༔ ཤེས་བྱའི་ཡེ་ཤེས་ཀྱིས་མ་དག་པའི་གདུལ་བྱའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ལ༔ ཡེ་ཤེས་འདི་དག་གི་ངོ་བོ་སོགས་སོ་སོར་དབྱེ་བ་ཡོད་ཀྱང་སྔ་མ་དེར་མ་འདུས་པ་མེད་དོ༔ དེ་ལས་ངོ་བོ་སྟོང་བ༔ རང་བཞིན་གསལ་བ༔ ཐུགས་རྗེ་ཀུན་ཁྱབ་ནང་གསལ་གྱི་ཡེ་ཤེས་གཞི་གནས་གསུམ་ཇི་བཞིན་པར་མངོན་དུ་གྱུར་ནས་ཆོས་སྐུ་ཐོབ་པ་ཡིན་པས་དེའི་ཡེ་ཤེས་སུམཛད་ནས༔ ཐལ་འགྱུར་ལས༔ དེ་ཡང་སེམས་ཉིད་སྨིན་པའི་ཚེ༔ ཆོས་ཀྱི་སྐུ་ལ་གཞི་གནས་ཏེ༔ ཀ་ནས་དག་པར་དྲི་མ་ཟད་༔ ངོ་བོ་ཡེ་ནས་འཁྲུལ་བ་མེད༔ འཆར་བྱེད་མ་འགགས་ལྷུན་གྲུབ་པོ༔ རང་བཞིན་འདི་འདྲ་ངེས་པ་མེད༔ ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ༔ འཁོར་བ་འདས་པ་ཆད་པ་མིན༔ ཞེས་སོ༔ མཚན་ཉིད་འཛིན་པ་ལྔ་ནི༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རང་མདངས་ལས་ཤར་བ༔ རང་དོན་དུ་ཆོས་སྐུ་ཐོབ་ཟིན་ནས་གཞན་སྣང་ཐུགས་རྗེའི་ལམ་དུ་སྐུ་གསུམ་ལུགས་སུ་འབྱུང་བས་ལོངས་སྤྱོད་རྫོགས་སྐུའི་ཐུགས་སུ་མངོན་པར་གསལ་བའི་རྟོགས་པ་ཁོང་དུ་ཆུད་པའི་ཡེ་ཤེས་ཏེ༔ རང་ཤར་ལས༔ ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན༔ ཡུལ་དངོས་དག་པས་མེ་ལོང་སྟེ༔ འཁོར་འདས་གཟུགས་བརྙན་གསལ་བའོ༔ ཕྱོགས་རིས་མེད་པས་མཉམ་པ་ཉིད༔ དབང་པོའི་ཡུལ་བསྟན་སོ་སོར་རྟོག༔ འབད་པས་མ་ཡིན་བྱ་བ་གྲུབ༔ ཐ་དད་མེད་པས་ཆོས་དབྱིངས་སོ༔ ཞེས་པ་དང་ཡུལ་ལ་ཁྱབ་པའི་ཡེ་ཤེས་གཉིས་ལས་ཇི་ལྟ་བ་ཤེས་པས་ལོག་པར་རྟོག་པའི་བདུད་བཅོམ་ཞིང་༔ གཟུང་འཛིན་གྱི་མཐའ་ལས་འདས་པས་སྲིད་པ་ལ་མི་གནས་པས་རྟོགས་པ་བདག་གི་དཔལ་དང་༔ ཇི་སྙེད་པ་ཤེས་པས་སྣང་ཚུལ་རྒྱུ་འབྲས་གདུལ་བྱའི་ཁམས་དབང་བསམ་པ་ཇི་བཞིན་མཁྱེན་ནས་སྙིང་རྗེས་ཞི་བ་ལ་མི་གནས་པ་ཀུན་གྱི་དོན་བྱེད་པོའི་ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་པ་སྟེ༔ འབྲས་བུ་ལོངས་སྐུ་བྱད་ལྟ་བུ་ལས་གདུལ་བྱའི་མོས་ངོར་སྤྲུལ་བ་རྣམ་བཞི་གཟུགས་བརྙན་ལྟ་བུ་རྩོལ་རྟོག་མེད་པར་རང་བྱུང་ཡང་༔ རང་ངོ་ལ་འཁྲུལ་པ་མིང་ཙམ་ཡང་མེད་བཞིན་དུ་མཁྱེན་བརྩེའི་ཡེ་ཤེས་འགག་པ་མེད་པར་འབྱུང་བ་སྟེ༔ ཐལ་འགྱུར་ལས༔ སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ༔ ཇི་ལྟ་མཁྱེན་པས་དངོས་པོ་ཡི༔ གནས་ལུགས་རང་གི་དོན་དུ་ཤེས༔ ཇི་སྙེད་པས་ནི་གདུལ་བྱ་ཡི༔ བསམ་པ་ཇི་ལྟར་གནས་པ་ཤེས༔ ཞེས་དང་༔ དེ་ཉིད་ལས༔ དེ་ལ་ཤེས་བྱ་ཇི་སྙེད་བཤད༔ འདིས་ནི་གདུལ་བྱའི་བསམ་པ་མཁྱེན༔ གཞན་དོན་ཁོང་དུ་ཆུད་པ་ཡིས༔ ཆོས་རྣམས་རང་བཞིན་ཤེས་པའོ༔ ཞེས་དང་༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད༔ སྣང་ཆས་བརྗོད་གཞི་བྲལ་བ་ལ༔ རང་སྣང་དག་པའི་གཟུགས་བརྙན་ལ༔ དངོས་པོའི་གནས་ལུགས་མཁྱེན་པ་ལ༔ རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད༔ ཅེས་དང་༔ དོན་གསལ་ལས༔ རྟོག་པའི་ཤེས་རབ་ཀྱིས་ལོག་པར་རྟོག་པའི་བདུད་བཅོ༵མ་སྟེ༔ མཁྱེན་པའི་སྟོབས་དང་ལྡན༵་ཞིང་༔ གཟུང་འཛིན་གྱི་མཐའ་ལས་འད༵ས་པས་ན་བཅོམ་ལྡན་འདས་སོ༔ དེ་ལྟར་མཁྱེན་པས་རྟོགས༷་པ༷་བད༷ག་གི༷་དཔ༷ལ་ལོ༔ ཀུན་གྱི་དོན་བྱེད་ཅིང་འཆད་པས་ན་ཐུགས༷་རྗེ༷་གཞ༷ན་གྱི༷་དཔ༷ལ་ལོ༔ ཞེས་སོ༔ འདི་ལས་ཕྱེ་བའི་བསོད་ནམས་བསགས་པའི་ཆོས་སྐུ་དང་༔ བྱ་བ་རྫོགས་པའི་སྤྲུལ་སྐུ་གཉིས་ནི་རང་སྣང་ཡེ་ཤེས་ཀྱི་ལམ་དུ་སྐུ་གསུམ་ལུགས་ལྡོག་དུ་འཆར་བའི་དགོངས་པ་ཡིན་ཏེ༔ དེས་གཞལ་ན་ལམ་གྱི་ལོངས་སྐུ་ཡང་ཡོད་པར་མངོན་ཀྱང་༔ སྤྱིར་བཏང་དུ་འདིར་གོང་འཕེལ་དང་༔ ཐོད་རྒལ་བས་ཚད་ཕེབས་ཀྱི་རྣལ་འབྱོར་ལའང་བཤད་དོ༔

དོན་གསུམ་པ་མཛད་པ་ཕྲིན་ལས་ལ་ཕྲིན་ལས་རང་གི་དབྱིངས་འཇལ་བ་དང་༔ ཕྲིན་ལས་ཁྱད་པར་དུ་འཕགས་པ་བསྟན་པ་གཉིས་ལས༔ དང་པོ་ལ༔ ངོ་བོ༔ ངེས་ཚིག༔དབྱེ་བ༔ མཚན་ཉིད༔ མཛད་ཚུལ༔ བྱེད་ལས་དང་དྲུག་གིས༔

དང་པོ་ནི༔ སྤྲུལ་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཡིན་ཏེ༔ རྫོགས་སྨིན་སྦྱངས་གསུམ་དང་༔ སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ་རང་དོན་དུ་ཆོས་སྐུ་ཐོབ་ནས་དེའི་དབྱིངས་ལས་གནམ་ཟླ་ལྟ་བུའི་རང་སྣང་ལོངས་སྐུར་ལྷུན་གྱིས་གྲུབ་པའི་ཟུང་འཇུག་དབྱེར་མེད་ཀྱི་སྐུ་དེ་གཉིས་ཀྱི་མཛད་པ་སྤྲུལ་པའི་སྐུར་ཤར་བའི་ཕྱིར་ཤེར་ཕྱིན་ལས་ཆོས་སྐུའི་མཛད་པར་གསུངས་པ་དང་དོན་གཅིག་གོ༔ ཡང་བྱ་བྱེད་ཐམས་ཅད་ལས་ཀྱི་རིགས་ཡིན་པའི་ཕྱིར་ཀྱང་ངོ་བོ་བྱ་གྲུབ་ཡེ་ཤེས་སུ་མངོན་ལ༔ གཞན་དོན་རྩོལ་མེད་དུ་འབྱུང་བའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་༔ དེས་ལས་ལ་སྒྲིབ་པའི་བག་ཆགས་ཐམས་ཅད་ཡོངས་སུ་དག་པའི་བྱ་བྱེད་མཐར་ཕྱིན་པས་ཕྲིན་ལས་རྒྱ་ཆེན་པོ་ལ་མངའ་དབང་འབྱོར་བས་ཀྱང་བྱ་གྲུབ་ཡེ་ཤེས་སུ་གནས་སོ༔

གཉིས་པ་ངེས་ཚིག་ནི༔ རྩོལ་བ་དང་བྲལ་བཞིན་དུ་སོ་སོའི་དོན་ངང་གིས་མཛད་པས་སངས་རྒྱས་ཀྱི་བྱ་བ་ཡིན་པས་ན་ཕྲིན་ལས་ཞེས་བརྗོད༔

གསུམ་པ་དབྱེ་བ་ནི༔ རྩོལ་བ་ཡོད་མེད་གཉིས་ལས་སངས་རྒྱས་ཀྱི་ཕྲིན་ལས་རྩོལ་བ་དང་བྲལ་བཞིན་དུ་ཆོས་སྐུའི་མཛད་པ་ཉེར་བདུན་སོགས་ངང་གིས་འབྱུང་བ་ཉིད་ཡིན་ནོ༔

བཞི་པ་མཚན་ཉིད་ནི༔ གཅིག་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་གྱི་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལ་སོགས་པ་འཕྲལ་དང་ཡུན་གྱི་སྲིད་པའི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་པ་དང་༔ ཕན་པ་དང་བདེ་བ་གྲུབ་པའི་དོན་བྱེད་ནུས་པའི་ངང་ཚུལ་ཅན་ཞིག་གོ༔ དེ་སྐད་དུའང་མདོ་རྒྱན་ལས༔ བྱ་བ་གྲུབ་པའི་ཡེ་ཤེས་ནི༔ ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་༔ དཔག་མེད་བསམ་ཡས་སྤྲུལ་པའི་སྐུས༔ སེམས་ཅན་ཀུན་དོན་བསྒྲུབ་པའོ༔ ཞེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ ཕྲིན་ལས་ཀྱི་ངོ་བོ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན༔ ཕྲིན་ལས་ཀྱི་ངེས་ཚིག་ནི༔ རང་བཞིན་བྱ་རྩོལ་ལས་འདས་པ༔ སོ་སོའི་དོན་མཛད་ཕྲིན་ལས་ཡིན༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ རྩོལ་བ་ཡོད་དང་མེད་པའོ༔ ཞེས་དང་༔ དེ་ཉིད་ལས༔ བྱ་རྩོལ་མེད་པ་ཉི་མའི་འོད་ཟེད་གྱིས༔ ཁམས་གསུམ་མཚན་མོའི་མུན་པ་སེལ་བ་ལྟར༔ ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིས༔ བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོ་ཡིན༔ ཞེས་སོ༔

ཕྲིན་ལས་མཛད་པའི་ཚུལ་ནི༔ འདུལ་བ་རྣམ་པ་བཞིའི་སྐུ་ལ་མཚོན་ན་སྤྲུལ་སྐུ་རྣམ་པ་བཞི་སོགས་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་གཟུགས་ཀྱི་བཀོད་པས་ཕྲིན་ལས་བཞི་བྱེད་པ་པོ་ལ་ཡོད་པས་གདུལ་ཐབས་ལྔའི་ཚུལ་དུ་མཛད་པའོ༔ དེ་བཞིན་དུ་གསུང་དང་ཐུགས་ཀྱི་ཐབས་དང་ཚུལ་སོ་སོར་མཁྱེན་པའི་ཕྲིན་ལས་ལྔ་ལྔའི་བཀོད་པ་དང་དགོངས་པས་འདུལ་བའང་སྦྱར་རོ༔

བྱེད་ལས་ནི༔ བྱ་བའི་ཡུལ་ལའང་བཞི་ཡོད་པས་གྲུབ་མཐའི་གདུལ་བྱ་ལམ་གྱི་རྟེན་དང་ལམ་ལ་འགོད་པའི་ཐེག་པ་ལ༔ ལམ་དངོས་དང་དངོས་ལ་མཐར་ཐུག་འགོད་པའི་ཐེག་པ་ལ༔ ལམ་གྱི་མཐར་འབྲས་དང་དེ་ལ་འཛུད་པའི་ཐེག་པ་ལ་བཀོད་པས༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་དགོས་འདོད་མཐའ་དག་རྫོགས་པར་བྱེད་པའོ༔ དེ་སྐད་དུའང་སངས་རྒྱས་མཉམ་སྦྱོར་ལས༔ རེས་འགའ་ཞི་ལ་རེས་འགའ་དྲག༔ རེས་འགག་གདོན་དང་བགེགས་མཛད་དེ༔ དེ་ལ་སོགས་པ་མཐའ་ཡས་མཆོག༔ ཞེས་དང་༔ ཇི་སྐད་དུ༔ སངས་རྒྱས་རྣམས་དང་དེ་ཡི་སྲས༔ གང་གིས་གདུལ་བྱ་དེ་ཉིད་ལ༔ དེ་དང་མཐུན་པའི་གཟུགས་སྟོན་ཏོ༔ ཞེས་དང་༔ གསེར་འོད་དམ་པ་ལས༔ སེམས་ཅན་རྣམས་ལ་ཕན་པའི་ཕྱིར༔ བཀོད་པ་རྣམ་པ་སྣ་ཚོགས་སྟོན༔ ཞེས་སོ༔

གཉིས་པ་ཕྲིན་ལས་ཁྱད་པར་དུ་འཕགས་པ་ལ༔ རྒྱ་ཆེ་བའི་སྒོ་ནས༔ ཐབས་མཁས་ཤིང་མང་བའི་སྒོ་ནས༔ ཐབས་གཅིག་ཏུ་ཕན་པའི་སྒོ་ནས༔ ཐབས་དུས་ལས་མི་ཡོལ་བའི་སྒོ་ནས༔ རྒྱུན་མི་འཆད་པ་དང་༔ རྩོལ་བ་མེད་པ་དང་དྲུག་ལས༔ དང་པོ་ནི༔ ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཕྲིན་ལས་མཆོག་གིས་ཅིག་ཆར་དུ་ཁྱབ་པའི་ཕྱིར་ན་ཡང་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ༔ ཤེར་ཕྱིན་རྒྱན་ལས༔ དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར༔ སངས་རྒྱས་ཁྱབ་པར་ངེས་པར་བརྗོད༔ ཅེས་སོ༔

གཉིས་པ་ནི༔ དེ་ཡང་རེས་འགའ་བ་ཙམ་མ་ཡིན་པར་ཐེག་པའི་མཐའ་ཐུག་པ་མེད་པར་དང་༔ ཐབས་ཚུལ་དངོས་བརྒྱུད་མཐའ་ཡས་པའི་ཆོ་ག་ལ་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་ཕྱིར༔ ལང་ཀར་གཤེགས་པ་ལས༔ ཇི་སྲིད་སེམས་ནི་འཇུག་པའི་བར༔ ཐེག་པའི་མཐའ་ལ་ཐུག་པ་མེད༔ ཅེས་དང་༔ རྒྱུད་བླ་མ་ལས༔ གདུལ་བྱའི་ཁམས་ནི་གང་ཞིག་གིས༔ གདུལ་བའི་ཐབས་མང་གང་གང་གིས༔ གདུལ་བྱའི་བྱ་གང་གང་དུ་ནི༔ གང་ཚེ་ཡུལ་དང་དུས་དེ་དག༔ ངེས་འབྱིན་དེ་ཡིན་སྟོན་པ་དང་༔ ཞེས་སོ༔

གསུམ་པ་ནི༔ སངས་རྒྱས་ཀྱིས་གནས་སྐབས་གདུལ་བྱ་འདུལ་བའི་ཕན་དང་བདེ་བའི་ཐབས་སྣ་ཚོགས་པ་དེ་དག་གིས་ཀྱང་མཐར་ཐུག་གི་སྡུག་བསྔལ་འདུ་བྱེད་པའི་རྒྱུར་མི་འགྱུར་བར༔ ཐར་བ་ཁོ་ན་ལ་རིམ་ཅིག་ཆར་དུ་འགོད་པའི་ཕྱིར༔ མགོན་པོ་བྱམས་པས༔ མྱ་ངན་འདས་ལ་འགོད་པ་སྟེ༔ ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན༔ ཞེས་སོ༔ ཀུན་ཏུ་སྤྱོད་པ་སྣ་ཚོགས་པའང་སེམས་ཅན་ལ་ཕན་པའི་རྒྱུར་མི་འགྱུར་བ་འགའ་ཡང་མི་སྲིད་པའི་ཕྱིར་ཀྱང་གཅིག་ཏུ་ཕན་པ་སྟེ༔ དེ་ཉིད་ལས༔ གང་དང་གང་ལ་གང་དང་ནི༔ གང་ཚེ་བྱ་བ་ཕན་གྱུར་པ༔ དེ་དང་དེ་ལ་དེ་སྣང་ངོ་༔ ཞེས་དང་༔ སྤོས་ཀྱིས་ཡོངས་གང་བརྩེགས་པའི་ཞིང་ཁམས་ན༔ བྱང་ཆུབ་སེམས་དཔའ་རྣམས་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན༔ ཤིང་དེའི་དྲི་ཚོར་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྒྱུད་ལ་རྣམ་པར་ཐར་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དང་༔ དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་ལ་ན་ཁ་ཟས་ཟོས་པས༔ ལ་ལ་ན་ཆོས་གོས་གྱོན་པས༔ ལ་ལ་ན་སྐུ་ལ་བལྟས་པས༔ ལ་ལ་ན་རྨི་ལམ་རྨིས་པ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་བསྒྲུབ་པ་ཡོད་དེ༔ བསམ་གྱིས་མི་ཁྱབ་པོ༔ ཅེས་དཀོན་མཆོག་བརྩེགས་པ་ལས་དང་༔ བཞི་བརྒྱ་པ་ལས༔ སངས་རྒྱས་རྣམས་ཀྱིས་མཛད་པ་ནི༔ རྒྱུ་མེད་འགའ་ཡང་ཡོད་མ་ཡིན༔ དབུགས་ཀྱང་སེམས་ཅན་རྣམས་ལ་ནི༔ སྨན་སླད་ཁོ་ནར་ཡང་དག་འབྱུང་༔ ཞེས་སོ༔

བཞི་པ་ནི༔ གདུལ་བྱར་གྱུར་པའི་སེམས་ཅན་རེ་རེའི་རྒྱུད་ལ་དགེ་བ་སྐད་ཅིག་འཕེལ་བ་ཡན་ཆད་དུས་མི་ཡོལ་བར་མཁྱེན་ཅིང་རྫུ་འཕྲུལ་གྱིས་འཇུག་པས་མཉམ་དུ་དོན་མཛད་དོ༔ ལས་བརྒྱ་པ་ལས༔ རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས༔ དུས་ལས་ཡོལ་བར་གྱུར་སྲིད་ཀྱི༔ གདུལ་བར་བྱ་བའི་སྲས་རྣམས་ལ༔ སངས་རྒྱས་དུས་ལས་ཡོལ་མི་མངའ༔ ཞེས་སོ༔

ལྔ་བ་ནི༔ དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པ་མེད་པར་འབྱུང་བ་སྟེ༔ འདི་དག་ནི་ཆགས་ཐོགས་སྙོམ་འཇུག་གི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཁྱད་པར་གྱིས་བྱུང་བ་ཡིན་པས་ཉན་རང་བྱང་སེམས་སོགས་ལ་མེད་པའི་ཕྱིར་རོ༔ ཕར་ཕྱིན་གྱི་རྒྱན་ལས༔ འཁོར་བ་ཇི་སྲིད་བར་དུ་འདིས༔ ལས་ནི་རྒྱུན་མི་འཆད་པར་འདོད༔ ཅེས་སོ༔

དྲུག་པ་ནི༔ ཕྲིན་ལས་དེ་ཡང་འབད་རྩོལ་མེད་པར་ངང་གིས་འབྱུང་བ་སྟེ༔ རྒྱུད་བླ་མ་ལས༔ འབད་རྩོལ་མེད་པར་བྱ་བ་འགའ༔ བྱེད་པ་མཐོང་མེད་དེ་བས་ན༔ གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར༔ དཔེ་རྣམས་དགུ་ནི་བསྟན་པ་ཡིན༔ ཞེས་དཔེ་དགུ་དོན་དགུའི་སྒོ་ནས་བཤད་པ་དང་༔ ཀུན་གསལ་ལས༔ འབད་རྩོལ་མེད་པའི་ཕྲིན་ལས་ཀྱིས༔ ཐོགས་པ་མེད་པར་དོན་མཛད་དེ༔ བྱས་པ་མེད་པར་ལྷུན་གྱིས་གྲུབ༔ ཞེས་གང་གསུངས་པའོ༔

དོན་གསུམ་པ་གཞི་འབྲས་དབྱེར་མེད་ཀྱི་ངེས་པས་མཇུག་བསྡུ་བ་ནི༔ དེ་ལྟ་བུའི་འབྲས་བུ་བྱང་ཆུབ་མཆོག་གི་གོ་འཕང་བརྙེས་པ་ཡང་༔ ལམ་ཚོགས་གཉིས་རྒྱུད་ལ་བརྟེན་པའི་རྒྱུ་ལས་སྐྱེས་པ་ནི་མ་ཡིན་ཏེ༔ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོས་འདུ་འབྲལ་མེད་པའི་ཉི་མའི་དཀྱིལ་འཁོར་ལྟར་ཁྱབ་པ་ཉིད་ལ༔ སྒྲིབ་བྱེད་གློ་བུར་བའི་དྲི་མ་སྤྲིན་དང་འདྲ་བ་མཐའ་དག༔ ལམ་ཚོགས་གཉིས་ཀྱི་བྲལ་རྒྱུ་རླུང་དང་འདྲ་བས་བསལ་ཏེ་ཉེ་བར་ཞི་བ་ན༔ ཁམས་ཉི་མ་ལྟ་བུའི་འོད་དང་འོད་ཟེར་གྱི་རང་བཞིན་ཕྱིར་མངོན་པ་ཙམ་ལ་འབྲས་བུ་སངས་རྒྱས་སྐུ་གསུམ་ཐོབ་པའི་ཐ་སྙད་བརྗོད་པ་ལས༔ ངོ་བོ་ལ་སྔར་བས་བཟང་དུ་མ་སོང་བ་དང་༔ གཞན་ནས་ཐོབ་པ་ཅུང་ཟད་ཀྱང་མེད་པས་སྔ་མ་དང་ཕྱི་མ་མེད་པའི་དེ་བཞིན་ཉིད་རྣམ་པར་དག་པ་ཉིད་དུ་གནས་པས་གཞན༵་མ༵་ཡིན༵་པའི༵་དེ༵་ཁོ༵་ན༵་ཉིད༵་ཅེས་བྱ་སྟེ༔ རྒྱུད་བླ་མར༔ སྔ་མ་ཕྱི་མ་ཁྱད་མེད་ཕྱིར༔ དེ་བཞིན་ཉིད་ནི་དག་གྱུར་བ༔ ཞེས་དང་༔ སྙིང་པོ་བསྟན་པའི་མདོ་ལས༔ སེམས་ཅན་གྱི་ཁམས་གཞན་ལ༔ ཆོས་ཀྱི་སྐུ་ཡང་གཞན་མ་ཡིན་ཏེ༔ སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ་དང་༔ ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱིས་ཁམས་ཏེ༔ འདི་ནི་དོན་གྱི་གཉིས་སུ་མེད་དེ༔ ཡི་གེ་ཙམ་ཐ་དད་ཡིན་ནོ༔ ཞེས་དང་༔ ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན༔ འགྱུར་བ་མེད་པ་ཆོས་ཉིད་དོ༔ ཅེས་སོ༔ འོན་ཀྱང་ཆོས་སྐུ་ཆོས་དབྱིངས་ལ་བརྗོད་པ་ཙམ་མོ་སྙམ་པ་ནི་ལོག་པ་སྟེ༔ ལོངས་སྤྱོད་རྫོགས་པའི་མཚན་དཔེའི་ཡོན་ཏན་ཐམས་ཅད་ཀྱང་གཞི་སེམས་ཅན་གྱི་ལུས་ལ་ཡོད་པར༔ མདོ་སྡེ་མྱང་འདས་ལས༔ རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་༔ མཚན་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ༔ ཞེས་དང་༔ སོར་ཕྲེང་ལ་ཕན་པའི་མདོ་ལས༔ སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས༔ སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དེ༔ ཞེས་སོ༔ དེ་ཉིད་ཁམས་ཀྱི་དྲི་མ་དག་པས་མངོན་པར་གསལ་བ་ལས༔ ལམ་གྱིས་བཟང་དུ་བྱར་མི་དགོས་པར་ཡང་སྔ་མ་ལས༔ དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ་༔ རིགས་ཀྱི་བུ༔ སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ༔ སྟོབས་བཅུ་དང་༔ མི་འཇིགས་པ་བཞི་དང་༔ སྙིང་རྗེ་ཆེན་པོ་དང༔ དྲན་པ་ཉེར་བར་བཞག་པ་གསུམ་སྟེ༔ སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོན་མཐོང་བར་འགྱུར་རོ༔ ཞེས་དང་༔ ཡེ་ཤེས་མཐའ་མཉམ་ཀྱི་རྒྱུད་ལས༔ དྲངས་དོན་ཚོགས་བསགས་གཡེངས་བས་ཕུང་༔ གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང་༔ དེ་ཕྱིར་རྒྱུ་མེད་འབྲས་བུ་ཡིན༔ སྐུ་གསུམ་འགྲོ་དོན་ཐ་དད་ཀྱང་༔ རྒྱུ་རྐྱེན་མ་སྐྱེས་ཡེ་ནས་གནས༔ ཞེས་དང་༔ མདོ་དགོངས་པ་འདུས་པ་ལས༔ སྐྱེས་བུ་དམ་པ་དག་བྱང་ཆུབ་ཀྱི་སྙིང་པོ་དེ་ཇི་ལྟར་བསྒྲུབ་གསོལ་བ༔ སྒྲུབ་ཏུ་མ་མཆིས་ལགས་སོ༔ བཀའ་སྩལ་པ༔ ཇི་ལྟར་སྒྲུབ་ཏུ་མེད༔ གསོལ་བ༔ ཡེ་ནས་གྲུབ་པ་ཉིད་ཀྱི་ཕྱིར་རོ༔ བཀའ་སྩལ་པ༔ ཡེ་ནས་ཇི་ལྟར་གྲུབ༔ གསོལ་བ༔ གཞན་ནས་མི་འབྱུང་བ་དང་༔ རང་ལས་འབྱུང་བ་དང་༔ བྱ་རྩོལ་མེད་པ་དང་༔ རང་བྱུང་བའི་ཕྱིར་ཡེ་ཉམས་སུ་ལོན་པ་ཉིད་དུ་ངེས་པའོ༔ ཞེས་དང་༔ མཁའ་ལ་གློ་བུར་སྤྲིན་འཐིབ་ལྟར༔ དེ་བཞིན་གློ་བུར་རྟོག་པས་བསྒྲིབས༔ མཁའ་དག་ནང་དུ་སྤྲིན་སངས་ལྟར༔ རྣམ་རྟོག་སངས་བས་ངང་གི་གསལ༔ ཞེས་སོ༔ དེ་བས་ན་གཞི་དུས་སུ་རང་བྱུང་གི་ཡེ་ཤེས་ངོ་བོ་སྐུར༔ རང་བཞིན་འོད་དང་གསུང་དུ༔ ཐུགས་རྗེ་རིག་པ་དང་འོད་ཀྱི་ཐིག་ལེར་ཐུགས་ཀྱི་རང་བཞིན་དུ་བཞུགས་པའི་འཁོར་ཐུགས་ཀྱི་ཡེ་ཤེས་ལྔ་ལས་འོད་དང་༔ དེའི་སྙིང་པོ་སྐུ་ལྔར་ཡོད་པའི་སྐུ་གསུམ་གཞིར་ལྡན་ཆེན་པོར་སྔར་བཤད་པའི་གཞི་དེ༔ མ་རིག་བག་ཆགས་དང་བཅས་པའི་སྒྲིབ་བྱེད་ཐམས་ཅད་དང་བྲལ་ནས༔ རང་རྩལ་ཡོན་ཏན་གྱི་ངང་རྒྱས་པ་ལ་འབྲས་བུ་དང་༔ དེའི་མཐོང་བ་ཇེ་བཟང་དུ་སོང་རིམ་ལས་ལམ་དུ་བཞག་པས༔ གཞི་ལམ་འབྲས་བུ་དབྱེར་མེད་ཅེས་བྱ་བ་སྟེ༔ ཡོན་ཏན་ཀུན་འབྱུང་ལས༔ པ་ན་སེ་ཡི་ཤིང་ཐོག་བཞིན༔ རྒྱུ་རྐྱེན་འབྲས་བུ་ཐ་དད་མེད༔ དེ་བཞིན་གཞི་ལམ་འབྲས་བུ་ཡང་༔ ངོ་བོ་གཅིག་ཕྱིར་དབྱེ་རུ་མེད༔ ཅེས་དང་༔ གོང་དུ་བསྟན་པའི་གཞི་ཉིད་དང་༔ ཉམས་སུ་བླངས་པའི་ཉམས་དང་ནི༔ འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར༔ ལམ་ཉིད་ལམ་ལ་ལམ་ཉིད་གཞི༔ དེ་ཉིད་གཅིག་ཤེས་འབྲས་བུ་མཆོག༔ དེ་ཉིད་རྒྱུ་འབྲས་རོ་གཅིག་པས༔ དམན་པའི་ལུས་ལ་སངས་རྒྱས་ཡིན༔ ཞེས་སོ༔

རྩ་བའི་ས་བཅད་བཞི་བ་དེ་དག་གང་ལས་འཕྲོས་པའི་ཁུངས་བསྟན་པ་ནི༔ འདི་ལྟར་དེ་ཁོ་ན་ཉིད་གསུམ་གཞི་ལམ་འབྲས་བུ་གསུམ་དུ་རྣམ་པར་བཞག་པ་འདི་ཡང་མདོ་སྒྱུ་སེམས་གསུམ་ཐུན་མོང་གི་དགོངས་པ་ཡང་ཡིན་ཏེ༔ སྒྱུ་འཕྲུལ་གྱི་དེ་ཁོ་ན་ཉིད་འགྲེལ་བའི་སྐབས་སུ་གསལ་བ་དང་༔ མདོ་ཆེན་པོ་ལས༔ དེ་ཁོ་ན་ཉིད་མ༵་བཅོ༵ས་དང་༔ མ༵་ནོར༵་གཞ༵ན་མ༵་ཡིན༵་པ༵་སྟེ༔ ཞེས་དང་༔ ཁྱད་པར་དུ་རྫོགས་པ་ཆེན་པོ་ཡོན་ཏན་ཀུན་འབྱུང་ལས༔ ཡེ་ནས་གནས་པའི་གཞི་ཉིད་ནི༔ གདོད་ནས་མ༵་བཅོས༵་རང་བྱུང་སྟེ༔ ཞེས་དང་༔ ངེས་དོན་འདུས་པ་ལས༔ རང་བྱུང་ངོ་བོ་ཉིད་ཀྱི་སྐུ༔ མ༵་བཅོ༵ས་མ་བསླད་དོན་ཡིན་ཕྱིར༔ མ༵་ནོར༵་ཇི་བཞིན་མ་འགགས་པ༔ དེ་ཡང་ཆོས་ཉིད་གནས་ལུགས་ཡིན༔ ཞེས་དང་༔ དགོངས་འདུས་ལས༔ ཡེ་ནས་མ༵་བཅོ༵ས་དེ་བཞིན་ཉིད༔ རང་བཞིན་དཀྱིལ་འཁོར་དེ་ཁོ་ན༔ ཞེས་དང་༔ ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ༔ ཆོས་སྐུ་སྟོང་གསལ་ཟུང་དུ་འཇུག༔ ཡེ་ཤེས་ལྔ་ལྡན་ཡོན་ཏན་ཆ་ནས་ལྡན༔ དེ་ཉིད་རང་གི་སེམས་ཉིད་དེ༔ ལོགས་ནས་འབྱུང་བ་མ་ཡིན་ནོ༔ ཞེས་དང་༔ རྒྱ་མཚོ་ཀློང་གསལ་ལས༔ ཚོགས་བསགས་འབྲས་བུ་ངས་མ་བཤད༔ གཞན་ནས་འབྲས་བུ་རེ་བ་ངས་མ་བཤད༔ གཞན་ནས་འབྲས་བུ་ཐོབ་པ་ངས་མ་བཤད༔ སྔོན་ཐོག་ཡེ་ནས་རང་ལ་རང་ཆས་ལྡན༔ གཉིས་མེད་ཀློང་དུ་ཀ་དག་རང་གྲོལ་ལ༔ ཞེས་དང་༔ བྱ་བཙལ་རྩོལ་པས་མ་བསྒྲུབས་པར༔ འདི་ཀ་རང་དུ་གྲོལ་བ་ཐོབ༔ བསྒྲུབས་ནས་གཞ༵ན་ནས་ཐོབ་པའི་འབྲས་བུ་མི༵ན༔ རེ་ཞིག་འབྲས་བུའི་མིང་བཏགས་གོང་ལྟར་རོ༔ ཞེས་པ་དག་གི་དགོངས་པ་ལྟར་བཤད་པའོ༔

སླར་སྨྲས་པ༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད༔ ཁྱད་ཆོས་དྲུག་གི་མངོན་པར་བྱང་ཆུབ་ནས༔ མ་འགགས་ལོངས་སྐུའི་ངང་མདངས་ཟླ་རྒྱས་བཞིན༔ གདུལ་བྱའི་སྣང་ངོར་ཆུ་ཟླའི་རྣམ་འགྱུར་ནི༔ ༡བྱིན་རླབས་མཆོག་དང་ཡེ་ཤེས་དམ་པ་རུ༔ རེ་ཞིག་བཞེངས་ལས་སྟོན་པ་བཅུ་གཉིས་དང་༔ མཐུ་སྟོབས་དབང་ཕྱུག་དགའ་རབ་རྡོ་རྗེ་ནས༔ རིམ་བརྒྱུད་གསེར་གྱི་ཉག་ཐག་མ་ཆད་ཅིང་༔ ༢ གཏན་ཚིགས་དད་པས་རྟོག་པ་ཐལ་འབྱིན་ནས༔ སྐུ་གསུམ་ཡེ་ཤེས་བཅར་ཕོག་སྟོན་པ་ཡི༔ དུས་ལ་མི་ལྟོས་འབྲས་བུ་ད་ལྟ་ཉིད༔ ལམ་དུ་བྱེད་པའི་འོད་གསལ་རྫོགས་པ་ཆེ༔ ༣ བྱོན་དང་འབྱོན་འགྱུར་ད་ལྟ་མངོན་སུམ་པའི༔ གྲངས་མེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཐུགས་བརྡོལ་ཉག་གཅིག་དགོངས་པའི་ཆུ་བོ་ནི༔ ངེས་དོན་རྒྱ་མཚོ་ཆེ་འདིར་གཞོལ་ཞིང་འབབ༔ ༤ ཆོས་དབྱིངས་ཡངས་པ་ཆེན་པོའི་ཁང་བཟང་དུ༔ རྒྱུ་འབྲས་ཐེག་སྒོ་སོ་སོ་ནས་ཞུགས་ཀྱང་༔ ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ༔ ངེས་པར་མཇལ་བའི་སྐལ་བཟང་འདི་ལ་བརྣག༔ ༥ མཐའ་དྲུག་ཚུལ་བཞིས་བཅིངས་པའི་རང་བཞིན་ཅན༔ ཟབ་མོའི་མདོ་རྒྱུད་ཚད་མས་ཉེར་འཇལ་ཏེ༔ དགོས་འགྲེལ་རྟོན་པ་བཞི་ལས་མི་ཕྱེད་དུ༔ དད་ཐོབ་རིག་འཛིན་ཡོངས་ཀྱིས་འདི་མཆོད་པ༔ ༦ བསྟན་པ་ཀུན་གྱི་གསང་དོན་མཐར་ཐུག་མཆོག༔ ཚེ་ལུས་གཅིག་གིས་ཟུང་འཇུག་མངོན་བྱེད་ཅིང་༔ ཉོན་མོངས་ཉེས་ཀུན་འཇོམས་པའི་སྨན་ཆེན་པོ༔ གྲགས་པའི་རྔ་ཆེན་ཕྱོགས་བཅུའི་ཞིང་ན་ལྡིར༔ ༧ གང་ཡང་རྒྱལ་བའི་བཀའ་ལས་སྔར་བྱུང་བ༔ རྗེས་འཇུག་མཁས་པའི་ལེགས་བཤད་ཀྱིས་བཀྲལ་ཀྱང་༔ ཡུལ་དུས་དབང་པོས་བསྐལ་པའི་གང་ཟག་ལ༔ འོ་མཚོ་བསྲུབ་པས་མར་གྱི་སྙིང་པོ་བཞིན༔ ༨ མཁོས་མེད་མ་ཡིན་ལྷག་པར་གསལ་བྱེད་པའི༔ དགོས་སོགས་མཐོང་ནས་མཛོད་གསུམ་མན་ངག་གི༔ དགོངས་པའི་འཐུས་ཀ་ཚངས་བར་ནུས་བསྡེབ་ན༔ སུ་ཞིག་གུས་པས་སྤྱི་བོར་བླངས་མི་བགྱིད༔ ༩ཆོ༵ས་སྐུ་ཆོ༵ས་ལས་འདས་པའི་རང་བཞིན་འདི༔ བློ༵་ཆུང་བློ༵་ཡི་གཞལ་བྱར་མ་འོང་བས༔ ཡིད༵་ཆད་ཡིད༵་དཔྱོད་ཐུགས་དམ་རྩ་བར་མཛད༔ བས༵མ་ཞིང་བས༵མ་ན་བྱིས་པའི་ངང་ཚུལ་ཙམ༔ ༡༠ཡོད༵་ཡོད༵་ཞེན་ལྟའི་ང་བདག་ལ་གཟེར་ཏེ༔ མེད༵་མེད༵་རྒྱང་འཕེན་མགོན་དུ་བལྟས་བལྟས་ནས༔ བྱུང༵་བྱུང༵་ལོག་པར་སྤྱོད་པའི་ལྟ་སྤྱོད་ལས༔ གཅེ༵ས་གཅེ༵ས་བླ་མ་དམ་པའི་མན་ངག་གཅེས༔ ༡༡ ལྟ་བ་མཐོར་སླེབ་སྤྱོད་པ་སྨད་པས་སྒྲིབ༔ སྤྱོད་པ་མཐོར་སྤྱོད་ལྟ་བ་དམན་པས་གོལ༔ དེ་ཕྱིར་གཉིས་ཀ་སྤྱོད་དམ་བརྟུལ་ཞུགས་ལ༔ དག་གྲོལ་བལྟས་ཀྱང་ཐར་པའི་སྐབས་ཡོད་མིན༔ ༡༢དེང་དུས་བླ་མའི་ཞལ་ཆབ་བཏང་སྙོམས་བྱས༔ དཔེ་ཆུང་མིག་ཏུ་བརྟེན་ནས་ང་རྒྱལ་སྦོས༔ བརྒྱུད་པ་མེད་པས་དངོས་གྲུབ་སྐལ་བས་དབེན༔ དཔྱད་རྒྱ་ཆེ་མདོག་མུ་ཏོའི་རྒྱལ་ས་འཛིན༔ ༡༣ དབེ༵ན་པ་བརྟེན་ནས་དབེ༵ན་གསུམ་བསྒོམ་པ་ལས༔ འ༵དུ་འཛི་སྤེལ་ནས་འ༵དུ་ཤེས་བཟང་འཇོག་ཕྱིར༔ ཆོ༵ས་ཡོལ་ཕག་ཏུ་ཆོ༵ས་བརྒྱད་བསྒྲུབ་པ་ཉིད༔ མཆོ༵ག་གཟིགས་སྐད་པོས་མཆོ༵ག་ཏུ་བྱེད་ལ་ལྟོས༔ ༡༤ དོན་བརྒྱུད་ཡེ་ཤེས་སྐྱེས་པ་ཕར་ཞོག་དང་༔ མ་ཟད་ཚིག་གི་བརྒྱུད་པའི་དབུལ་བོ་ལ༔ མཁའ་འགྲོ་གྲུ་པ་ཅན་གྱིས་སྲོག་འཕྲོགས་ནས༔ ཉོན་མོངས་ལྕེ་ལྡེའི་ཁང་བར་བསྟི་བའི་རྒྱུ༔ ༡༥ ཁོ་བོ་ཕྲན་ཀྱང་ཀུན་ནས་ཐ་ཆད་དེ༔ ཕ་ཅིག་བླ་མའི་སྙན་བརྒྱུད་མ་ནུབ་པས༔ རྟོན་པ་བཞི་ལ་ཕྱིན་ཅི་ལོག་པ་རུ༔ མ་གྱུར་ཙམ་གྱི་རང་ལའང་ཐེ་ཚོམ་ཡོད༔ ༡༦ དེ་བཞིན་འཕགས་པའི་ལམ་གྱི་ཡེ་ཤེས་དེ༔ མངོན་སུམ་བསྟན་ཀྱང་རང་རྒྱུད་ངན་པའི་མཐུས༔ ཇི་བཞིན་བདེན་མཐོང་སྐལ་བས་དབེན་ནའང་༔ རི་མོར་བྲིས་པའི་ཟླ་བའི་་ངང་ཚུལ་ཅན༔ ༡༧ ངེས་པར་ཡོད་ལས་འདི་དོན་ཅུང་ཟད་ཅིག༔ རྡོ་རྗེའི་སློབ་བུའི་བསྐུལ་བ་དོན་ལྡན་བྱས༔ འགལ་འཁྲུལ་ནོངས་པའི་ཉེས་སྐྱོན་གང་ཡོད་པ༔ ཆོས་ཀྱི་སྤྱན་ལྡན་མཆོག་ལ་བཟོད་པར་གསོལ༔ ༡༨གང་ན་རིན་ཆེན་གསེར་གྱི་ཆ་ཤས་ལ༔ རིན་ཆེན་མིན་པའི་གཞར་འདེབས་ཡོད་མིན་ཞིང་༔ དབུལ་པོར་བརྡོ་བ་མེད་པའི་རྒྱུ་མཚན་གྱིས༔ གསེར་དེ་སྙད་ཀ་ཅན་དུ་སུ་ཡིས་བྱེད༔ ༡༩ དེ་བཞིན་རྡོ་རྗེ་འཆང་གི་མན་ངག་རྒྱུད༔ རྒྱབ་དཔང་མེད་པའི་ཚིག་གཅིག་ཡོད་མིན་པས༔ མ་ཚང་མི་དགོས་ང་ཡི་བློ་སྐྱོན་ལས༔ གཞུང་བཟང་འདི་ནི་དྲི་མ་མེད་པར་ངེས༔༢༠ འདི་ཡི་དགེ་རྩ་གྲུ་ཆེན་འཇིགས་མེད་ཀྱིས༔ མ་རྣམས་སྲིད་པའི་སྡུག་བསྔལ་མཚོ་བརྒལ་ཏེ༔ ཐར་པའི་སྐམ་སར་འབད་པ་མེད་ཕྱིན་ནས༔ དོན་གཉིས་འབྱོར་བ་ཡིད་བཞིན་འགྲུབ་གྱུར་ཅིག༔ ༢༡ བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ༔ ཀུན་བཟང་ཐུགས་ཀྱི་བསྟན་པའི་ཞབས་ཟིན་ནས༔ དགོངས་དོན་ཚུལ་བཞིན་རྟོགས་པའི་འོད་སྣང་གིས༔ མ་རིག་མུན་སེལ་ཡེ་ཤེས་མཐའ་རྒྱས་ཤོག༔༢༢

ཅེས་པ་འདི་ཡང་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྣམ་པར་རྒྱལ་བའི་མཚན་ཅན་གྱིས་རིང་མོ་ཞིག་ནས་བྲི་གཞིའི་ཤོག་བུ་དང་བཅས་གནང་ནས་རྡོ་རྗེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་སྟོད་ཆ་ཙམ་ཞིག་གྲུབ་པར་བགྱིས་ཀྱང་རེ་ཞིག་བཏང་སྙོམས་སུ་ལུས་པ་ན༔ ཆོས་ཀྱི་གྲོགས་པོ་དགེ་མང་མཁན་བསོད་ནམས་རྡོ་རྗེ་དང་འཇམ་དབྱངས་འོད་ཟེར་ནས་ཀྱང་བསྐུལ་བ་དང་༔ ཁྱད་པར་དུ་རང་སློབ་དམ་པ་གནས་བརྟན་དོན་གྱི་དགེ་སློང་ཨཀྵ་ར་བི་ཛ་ཡ་དང་༔ རཏྣའི་མིང་ཅན་གཉིས་ཀྱིས་ནན་ཆེར་བསྐུལ་བ་མ་བཟོད་པར་དུས་མཐའི་སྔགས་སྨྱོན་ག་གཱ་ཨ་བྷྱེ་ནས་བཏང་སྙོམས་མེད་པའི་ཡིད་ཀྱིས་དག་པར་ཕབས་པའི་ཡི་གེ་པ་ནི་བཛྲ་དྷཱ་ཛ་ཡ་ཡི་མིང་ཅན་གྱིས་བགྱིས་པ་དགེའོ༔ དགེའོ༔ དགེའོ༔


previousའབྲས་བུ་དངོས་བཤད་པ།next