Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
ས་གཉིས་པ་དྲི་མ་མེད་པ་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousས་གཉིས་པ་དྲི་མ་མེད་པ་བཤད་པ།next

ས་གཉིས་པ་དྲི་མ་མེད་པ་བཤད་པ།


GLG012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཉིས་པ་དྲི་མ་མེད་པ་བཤད་པ།ཚུལ་འཆལ་རྙོག་པས་ནམ་ཡང་གོས་མིན་པའི། །རྣམ་དག་ཁྲིམས་ཀྱི་ཆུ་ཀླུང་འཁྱིལ་བའི་དབུས། །འཁོརགསུམ་བདེན་སྟོང་སྐད་སྙན་རབ་སྒྲོག་པའི། །བྱང་སེམས་འཁོར་ལོའི་ཡན་ལག་ཅན་དེ་


GLG012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །སེམས་བསྐྱེད་དང་པོར་སོ་སྐྱེའི་ཉམས་ལེན་དང་། །ས་བཅུ་མདོར་བསྟན་རབ་དགའ་རྒྱས་བཤད་ནས། །ད་ནི་དྲི་མེད་འཆད་ལ་ཚིག་གི་འཕྲེང་། །ཟད་པ་མེད་ཕྱིར་མགྲིན་པའི་ལམ་ནས་ལེན། །གཉིས་པ་ས་གཉིས་པ་དྲི་མ་མེད་པ་བཤད་པ་ལ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ། ཚུལ་ཁྲིམས་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ་བསྟན་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་ལྔ། དང་པོ་ལས་འདིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྟན་པ། དེ་ལ་བརྟེན་ནས་ཡོན་ཏན་ཡོངས་སུ་དག་པར་བསྟན་པ། ས་དང་པོ་ལ་ས་ཚུལ་ཁྲིམས་ལྷག་པར་བསྟན་པ། ཚུལ་ཁྲིམས་དག་པའི་རྒྱུ་གཞན་བསྟན་པ་དང་བཞི། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། དོན་དམ་པའི་ས་གཉིས་པ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་དག་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། སེམས་བསྐྱེད་འདིར་ས་གཉིས་པ་གཙོ་བོར་སྟོན་ན་དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཡོད་དེ། ས་གཉིས་པ་འདིར་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་བ་ཐོབ་ཚུལ་ཡོད་དེ། འདིར་རྗེས་ཐོབ་ཡེ་ཤེས་ཀྱི་སྐབས་སྒོམ་སྤང་ཉོན་མོངས་ཆེན་པོའི་ཕྲ་མོ་སྤོང་བའི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་གསོག །དེ་སྤང་ནུས་པའི་མཚན་མ་མཐོང་ནས་སྟོང་ཉིད་ལ་མཉམ་པར་བཞག་


GLG012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ཕྲ་མོའི་དངོས་གཉེན་དུ་སོང་བ་ནས་གསུམ་པར་འཕོ་ནུས་པ་སོགས་ཡོད་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་འཕེལ་ཚུལ་ཡོད་དེ། ས་འདིར་ཚུལ་ཁྲིམས་ཀྱི་འཁོར་གསུམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་སད་རྨི་གཉིས་ཀའི་གནས་སྐབས་སུ་ཚུལ་ཁྲིམས་འཆལ་བའི་དྲི་མ་སྐྱེ་བའི་གོ་སྐབས་བཅོམ་པའི་སྒོ་ནས་བསྲུང་བའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། ས་གཉིས་པར་གླིང་བཞི་ལ་དབང་བསྒྱུར་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། འཁོར་ལོས་བསྒྱུར་རྒྱལ་མངོན་པ་ནས་བཤད་པ་དང་མཐུན་ཞིང་། དེ་དག་གི་རྣམ་གཞག་ཁོ་བོས་བརྩམས་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་ཞིབ་ཏུ་བཤད་པས་དེར་ཤེས་པར་བྱའོ། །ས་གཉིས་པ་ལ་དྲི་མ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཔེར་ན། བཞིན་རས་ལ་ནག་ནོག་ཡོད་པ་དག་ཕྱིས་པ་ན་གདོང་དྲི་མ་དང་བྲལ་བ་ལྟར། བྱང་སེམས་འདིས་རྨི་ལམ་ཙམ་དུ་ཡང་འཆལ་ཚུལ་གྱི་དྲི་མ་སྤངས་པས་དེ་ལྟར་བཤད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་གསུངས་པའི་ཕྱིར། ཚུལ་ཁྲིམས་ལ་གྲངས་ཇི་ལྟ་བུ་ཡོད་ཅེ་ན། གསུམ་དུ་ཡོད་དེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡོད་པའི་ཕྱིར། དེ་གསུམ་


GLG012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་ཡང་། དེའི་མི་མཐུན་ཕྱོགས་སྤོང་བའི་སྤོང་སེམས་ཐོབ་པ་ལ་རག་ལས་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པའི་ཕྱིར། བྱང་སེམས་འདིའི་ཚུལ་ཁྲིམས་དག་ཚུལ་ཇི་ལྟ་བུ་ཞེ་ན། ཡོད་དེ། ཚུལ་ཁྲིམས་ཀྱི་འཁོར་གསུམ་ཆར་ལ་བདེན་པར་འཛིན་པའི་བདེན་འཛིན་མངོན་གྱུར་དང་བྲལ་བའི་སྒོ་ནས་རྣམ་པར་དག་པའི་ཕྱིར་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རགས་རྣམས་ལའང་འཇིགས་པར་ལྟ་བ་ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་པས་འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་པ་ཡིན་ཏེ། འོད་སྲུངས། དེ་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ། །ཞེས་གསུངས་པའི་ཕྱིར། ཚུལ་ཁྲིམས་ལ་ཕན་ཡོན་ཇི་ལྟ་བུ་ཡོད་ཅེ་ན། གཞག་ཏུ་ཡོད་དེ། དབང་པོའི་སྒོ་བསྡམས་པས་སེམས་ཞི་བ་དང་། ལུས་ཀྱི་མདངས་འོད་ཆགས་པས་རྒྱན་གྱིས་མཛེས་པ་འབྱུང་ལ། དེ་ཙམ་དུ་མ་ཟད། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་དགེ་བ་གཞན་དག་རྣམས་ཀྱང་བདེ་འགྲོའི་རྟེན་ལ་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་ཤིང་། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་བླ་ན་མེད་པ་ཡིན་པའི་ཕྱིར་ཏེ། སུམ་བརྒྱ་པ་ལས། ཉོན་མོངས་དགྲ་གཡུལ་རྒྱལ་


GLG012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚུལ་ཁྲིམས་ཏེ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་པའི་ཕྱིར། བདེན་སྟོང་གིས་ཟིན་པའི་ཚུལ་ཁྲིམས་དེ་ས་གཉིས་པ་བ་ཁོ་ནས་ཉམས་སུ་ལེན་བྱ་ཡིན་ནམ་སྙམ་ན། རང་ཅག་སོ་སྐྱེ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དགོས་ཏེ། ཚུལ་ཁྲིམས་ལ་སློབ་རེས་ཀྱིས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ལ་ལན་གཅིག་མ་ཡིན་པར་རྒྱུན་ལྡན་དུ་གོམས་པ་ན། བྱང་སེམས་ཀྱི་སྤྱོད་པ་ལ་སློབ་ཚུལ་དང་པོ་ཐོས་པ་ན་ཡང་ཡིད་ལ་གདུང་བ་བསྐྱེད་པ་དང་། བདག་ཅག་གི་སྟོན་པས་ཀྱང་སློབ་ལམ་དུ་ཡུན་རིང་པོར་ཐུགས་ཉམས་སུ་བཞེས་མ་ནུས་པ་རྣམས་ལ་ཡང་བློ་རང་གི་ངང་གིས་འཇུག་པ་ཞིག་ཡོད་པའི་ཕྱིར་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་ཐོས་པར་གྱུར་ན་འཇིག་རྟེན་འདི་ལ་གནོད་པ་སྐྱེ་འགྱུར་དང་། །གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི། །སྤྱོད་པ་དེ་དག་ཁྱོད་ལ་གོམས་པས་ཡུན་རིང་དུས་སུ་རང་གི་ངང་ཉིད་འགྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག་ཚུལ་ཁྲིམས་ཀྱི་འཁོར་གསུམ་རང་བཞིན་གྱིས་གྲུབ་པར་ལྟ་བའི་གང་ཟག་ཡིན་ན་ཚུལ་ཁྲིམས་རྣམ་དག་དང་མི་ལྡན་པས་ཁྱབ་ཟེར་ན། བྱེ་བྲག་སྨྲ་བར་གྱུར་པའི་དགེ་སློང་རྣམ་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེར་ཐལ། དེ་ཡོད་པའི་ཕྱིར།


GLG012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་རྩ་རྟགས་དེ་ཡིན་ན་བྱང་སེམས་ཀྱི་སྡོམ་པ་རྣམ་དག་དང་མི་ལྡན་པས་ཁྱབ་ཟེར་ན། བྱང་སེམས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་དཔར་གྱུར་པའི་སེམས་ཙམ་པ་ཡོད་པའི་ཕྱིར། ཁ་ཅིག །དེ་འདྲའི་བྱེ་བྲག་སྨྲ་བ་དེ་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་མ་ཡིན་པར་ཐལ། དེ་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་དམིགས་བསལ་བདེན་མེད་ཀྱིས་ཟིན་པ་ལ་དགོངས་པའི་ཕྱིར། འོ་ན་ལུང་སྡེ་བཞི་ནས་གསུངས་པའི་དགེ་སློང་དེ་དགེ་སློང་རྣམ་དག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལུང་ནས་བཤད་པའི་ཚུལ་ཁྲིམས་བསྲུངས་པས་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་མི་འགྱུར་བར་ཐལ། དེ་ནས་གསུངས་པའི་དགེ་སློང་དེ་དགེ་སློང་རྣམ་དག་མ་ཡིན་པ་གང་ཞིག །འབྲས་བུ་རྒྱུ་ལ་ལྟོས་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཀྱིས་དོན་དང་མི་ལྡན་པའི་ཆོས་མི་གསུང་བའི་ཕྱིར། གཉིས་པ་ནི། བྱང་སེམས་ས་གཉིས་པ་བ་དེ་ཆོས་ཅན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་པ་དང་ལྡན་ཏེ། ལུས་ངག་ཡིད་ཀྱི་རྒྱུ་བ་སད་རྨི་གཉིས་ཀར་ལྟུང་བས་དག་པར་གྱུར་པས་དམ་པ་སྟེ་དགེ་བའི་ལས་ལམ་བཅུ་ཆར་གསོག་པར་བྱེད་པའི་ཕྱིར།གསུམ་པ་ནི། དེ་ཆོས་ཅན། ས་དང་པོ་ལས་ཚུལ་ཁྲིམས་ལྷག་པ་ཡིན་ཏེ། དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་ཁྱོད་ལ་ཀླགས་ཏེ་ཤིན་ཏུ་ཕུལ་དུ་བྱུང་བའི་དགེ་བར་འགྱུར་བའི་ཕྱིར། རྟག་ཏུ་


GLG012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རྣམ་པར་དག་པའི་ས་གཉིས་པ་བ་དེ་ཆོས་ཅན། ཁྱོད་སྟོན་ཀའི་ཟླ་བ་ལྟར་གྱུར་པ་ཡིན་ཏེ། ཟླ་བས་ཚ་གདུང་ཞི་བ་ལྟར་འཆལ་ཚུལ་ཞི་ཞིང་། དེའི་འོད་དཀར་མཛེས་ལྟར་ཆག་པ་དེ་དག་གིས་རྣམ་པར་མཛེས་པའི་ཕྱིར། བཞི་པ་ནི། དེ་ནི་ཆོས་ཅན། རྟག་ཏུ་ཚུལ་ཁྲིམས་ཀྱི་འཁོར་གསུམ་ལའང་མཐའ་གཉིས་སུ་འཛིན་པའི་བློའི་རྒྱུ་བ་དང་ཡང་དག་པར་བྲལ་བར་འགྱུར་ཏེ། བྱང་སེམས་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཕྱིར་ཏེ། གལ་ཏེ་གང་ཟག་དེ་ནི་སོ་ཐར་གྱི་ཚུལ་ཁྲིམས་དག་ཀྱང་རང་བཞིན་གྱིས་གྲུབ་པར་ལྟ་ན་རྒྱུ་མཚན་དེའི་ཕྱིར་དེ་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་དག་པར་མི་འགྱུར་བའི་ཕྱིར། གཉིས་པ་ལ། སྦྱིན་འབྲས་བདེ་འགྲོར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། སྦྱིན་འབྲས་ལ་སྐྱེ་བ་བརྒྱུད་མར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་པ་རྙེད་དཀའ་བ། སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། མངོན་མཐོ་ངེས་ལེགས་གཉིས་ཀའི་རྒྱུར་ཚུལ་ཁྲིམས་བསྔགས་པ་དང་ལྔ། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་འབྲས་བདེ་འགྲོར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་ཏེ། ཚུལ་ཁྲིམས་དང་ལྡན་ན་སྦྱིན་པའི་འབྲས་བུ་བདེ་འགྲོར་ལོངས་སྤྱོད་རྒྱུ་དག་ནི་འགྲོ་བ་ངན་པ་ངན་སོང་ནའང་སྨིན་པ་ནི་སྐྱེ་བོ་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་པ་ལས་འབྱུང་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་འབྲས་ལ་བར་མ་ཆད་དུ་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་ཏེ། ངན་འགྲོའི་རྟེན་ལ་སྦྱིན་འབྲས་སྨིན་ན་སྦྱིན་


GLG012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏང་བའི་སྐྱེད་དང་བཅས་པའི་དངོས་པོའི་འདུ་བ་ཡོངས་སུ་ཟད་པས་ན། ཕྱིན་ཆད་གང་ཟག་དེ་ལ་ལོངས་སྤྱོད་རེ་ཞིག་འབྱུང་བར་མི་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་དཀའ་སྟེ། གང་གི་ཚེ་རང་ལ་རང་དབང་དུ་འཇུག་ཅིང་མཐུན་པའི་ལྷ་མིའི་ཡུལ་ན་གནས་པའི་ཚེ། གལ་ཏེ་གང་ཟག་འདི་ཚུལ་ཁྲིམས་ཀྱི་སྒོ་ནས་བདག་ཉིད་ངན་སོང་དུ་ལྟུང་བ་ལས་འཛིན་པར་མི་བྱེད་ན། ངན་འགྲོའི་གཡང་སར་ལྷུང་ཟིན་པའི་རྗེས་སུ་གཞན་དབང་དུ་འཇུག་པར་འགྱུར་བ་དེ་ལས་ཕྱི་ནས་ངན་འགྲོ་ལས་ཐར་པའི་ཐབས་གང་གིས་སློང་བར་འགྱུར་ཏེ་སློང་དཀའ་བའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། རྒྱལ་བས་སྦྱིན་པའི་གཏམ་མཛད་པའི་མཇུག་ཐོགས་སུ་ཚུལ་ཁྲིམས་སྦྱིན་པའི་རྗེས་སུ་འགྲོ་བའི་ཚུལ་གྱིས་བསྒྲུབ་དགོས་སོ་ཞེས་གཏམ་ནི་མཛད་པ་ཡིན་ཏེ། སྦྱིན་སོགས་ཀྱི་ཡོན་ཏན་ཚུལ་ཁྲིམས་ཀྱི་ཞིང་དུ་རྣམ་པར་འཕེལ་ན་འབྲས་བུ་ཉེ་བར་ལོངས་སྤྱོད་པ་རྒྱུན་ཆད་པ་མེད་པར་འབྱུང་བར་འགྱུར་ལ། དེ་ལས་ལྡོག་ན་མི་འབྱུང་བ་དེའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། ལམ་མ་ཞུགས་ཀྱི་སོ་སོ་སྐྱེ་བོ་རྣམས་ཀྱི་མངོན་མཐོའི་རྒྱུ་དང་། གསུང་སྐྱེས་ཉན་ཐོས་རྣམས་དང་། རང་གི་བྱང་ཆུབ་ལ་བདག་ཉིད་ངེས་པ་རང་རྒྱལ་རྣམས་དང་། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་ལྷག་པ་གཞན་མེད་པ་ཡིན་ཏེ། དེ་དང་བྲལ་ན་སྦྱིན་འབྲས་ཙམ་ཡང་བདེ་འགྲོར་ལོངས་སྤྱོད་མི་ནུས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། གསུམ་པ་ནི། དེ་ལྟར་ཚུལ་ཁྲིམས་


GLG012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་ས་གཉིས་པ་བ་དེ་ཆོས་ཅན། ཚུལ་ཁྲིམས་འཆལ་པ་དང་རྒྱུད་ལྷན་ཅིག་ཏུ་གནས་པར་མི་འདོད་དེ། ཇི་ལྟར་རྒྱ་མཚོ་ཆེན་པོ་དེ་ཀླུ་གཙང་སྦྲ་ཅན་རྣམས་གནས་པའི་མཐུས་རོ་དང་ཞག་གཅིག་ཙམ་ཡང་ལྷན་ཅིག་ཏུ་མི་གནས་པ་དང་། བཀྲ་ཤིས་པའི་དཔལ་དེ། དེའི་ལྡོག་ཕྱོགས་སྣ་ནག་མ་དང་ལྷན་ཅིག་ཏུ་མི་གནས་པ་བཞིན་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གཉིས་ཡོད་དེ། གང་ཟག་གང་གིས་སྤང་བྱ་གང་ཞིག་ཡུལ་སེམས་ཅན་གང་ལ་སྤོང་བར་བྱེད་པའི་འཁོར་གསུམ་དུ་བདེན་པར་དམིགས་པས་བཅིངས་པ་ཡོད་ན། དེས་བཅིངས་པའི་ཚུལ་ཁྲིམས་དེ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་ཞེས་བཤད་ལ། ཚུལ་ཁྲིམས་ཀྱི་འཁོར་གསུམ་ལ་བདེན་པར་ཆགས་པས་སྟོངས་པའི་ཚུལ་ཁྲིམས་དེ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར། དེ་ཡང་ཕ་རོལ་ཏུ་ཕྱིན་པ་སྔར་བསྒྲུབས་ཟིན་ཅིང་། ཤཱི་ལ་ཉེ་བར་འཛིན་པ་ལའོ་ཞེས་པའི་བྱིངས་ལ་རྗེས་འབྲེལ་དབྱི། པ་ཙ་སོགས་རྣམས་ལ་ཨཙ་འང་ངོ་ཞེས་པའི་མདོ་ལས་ཨཙའི་རྐྱེན་བྱིན་པས་ཤཱི་ལ་ཞེས་འགྲུབ་པ་ཚུལ་ཁྲིམས་ཡིན་ནོ།།ལྔ་པ་ནི། ས་གཉིས་པ་དྲི་མ་མེད་པ་འདི་ཡང་ཆོས་ཅན། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ་གྱུར་པ་ཡིན་ཏེ། ས་གཉིས་པའི་རྒྱལ་སྲས་ཀྱི་ཟླ་བ་ལས་བྱུང་ཞིང་། འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པས་འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་


GLG012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་པའི་ཕྱིར། ས་གཉིས་པ་བ་ཆོས་ཅན། སྲིད་པ་འཁོར་བ་པ་མ་ཡིན་ཀྱང་། སྲིད་པའི་དཔལ་དུ་གྱུར་པ་ཡིན་ཏེ། གླིང་བཞི་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས་སེམས་བསྐྱེད་པ་གཉིས་པ་གཏན་ལ་ཕབ་པ་ཡིན་ཏེ། ས་གཉིས་པའི་ཡོན་ཏན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར།སྨྲས་པ། ཚུལ་ཁྲིམས་གསེར་གྱི་ཐེམ་སྐས་ལ་འཛེགས་ནས། །ངེས་ལེགས་འཆི་བ་མེད་པའི་ཕོ་བྲང་དུ། །བདེ་བར་བགྲོད་པའི་དྲི་མེད་རྒྱལ་སྲས་འདི། །འགྲོ་ཀུན་མངོན་མཐོར་འཁྲིད་པའི་ས་མཁན་ཡིན། །ཚངས་སྤྱོད་འཁར་བར་བརྟེན་པར་གོམ་སྟོབས་ཀྱང་། །ཚུལ་མིན་བྱ་བས་ལོག་པར་འཁྱོར་བྱེད་ན། །བསླབ་ཁྲིམས་རང་བཞིན་སྟོང་པས་ཟིན་པའི་གར། །དེང་སང་འདི་ན་བདེ་མོར་བསྒྱུར་བ་དཀོན། །རང་ཅག་ད་ལྟ་བདེ་དང་སྡུག་བསྔལ་དག །ཅུང་ཟད་ཙམ་ལ་དགའ་སྡུག་སྟོན་བྱེད་ན། །མི་བཟད་ངན་འགྲོའི་གཡང་ས་འགོག་བྱེད་པའི། །ཚུལ་ཁྲིམས་འདི་ལ་རིས་སུ་བོར་བས་ནོངས། །དུག་གསུམ་ཆང་གིས་མྱོས་པའི་སྐྱེས་བུ་ལ། །རྒྱལ་དང་རྒྱལ་སྲས་སྤྲུལ་སྐུའི་མིང་འདོགས་ན། །བྱང་སེམས་སློབ་པ་ཉོན་མོངས་སྤོང་བའི་ཐབས། །བརྒྱ་ཕྲག་འབད་པས་བསྒྲུབ་འདི་འཁྲུལ་བར་ངེས། །གཉིས་མེད་གསུང་བའི་གཞུང་ལུགས་མཆོག །གཉིས་ཀར་མ་ལྷུང་དབུ་མའི་ལམ། །གཉིས་པའི་སར་གནས་ཚུལ་ཁྲིམས་དེ། །གཉིས་སུ་བདེ་ཕྱིར་ལེགས་པར་བཤད། །བསྟན་བཅོས་ཆེན་པོ་
དབུ་མ་ལ་འཇུག་པ་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས། སེམས་བསྐྱེད་གཉིས་པའི་ཚིག་དོན་སྤྱི་དོན་མཐའ་དཔྱོད་རྣམས་བཤད་ཟིན་ཏོ། །


previousས་གཉིས་པ་དྲི་མ་མེད་པ་བཤད་པ།next