Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
སྐུ་འཁྲུངས་ནས་ཐོག་མའི་རིག་གནས་ཀྱི་དབུ་ཁྱུད་སྐབས།
  
 
  
 
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousསྐུ་འཁྲུངས་ནས་ཐོག་མའི་རིག་གནས་ཀྱི་དབུ་ཁྱུད་སྐབས།next

སྐུ་འཁྲུངས་ནས་ཐོག་མའི་རིག་གནས་ཀྱི་དབུ་ཁྱུད་སྐབས།


GTN006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༈ ད་ནི་བརྗོད་བྱའི་གཙོ་བོ་སྐུ་ཚེ་འདི་ཉིད་ཀྱི་རྟོགས་པ་བརྗོད་པ་ལ་གསུམ། དང་པོ་གདུལ་བྱའི་དབང་གིས་འཇིག་རྟེན་མི་ཡི་སྲིད་དུ་སྐུ་བལྟམས་པ་དང་། བར་དུ་འདུལ་བའི་ཐབས་སྣ་ཚོགས་སྐུ་ཚེའི་རིང་ལ་བསྐྱངས་ཚུལ། ཐ་མ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདའ་བ་བསྟན་པའི་སྐབས་དང་གསུམ་གྱིས་དང་པོ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དྲག་པོ་ལྕགས་སྤྲེལ་ལོ་ལ་སྐུ་འཁྲུངས་ནས་བགྲང་བྱ་ཉིས་སྟོང་བདུན་བརྒྱ་ཞེ་བདུན་འདས། ཨོ་རྒྱན་ཆེན་པོ་བོད་དུ་ཕེབས་ཏེ་མཁན་སློབ་ཆོས་རྒྱལ་རྣམ་གསུམ་བོད་ཁམས་འགྲོ་བ་རྣམས་དམ་པའི་ཆོས་ལ་ཅི་དགར་ལོངས་སྤྱོད་དུ་ཡོད་པའི་བསོད་ནམས་ཀྱི་ཞིང་དུ་ཞལ་འཛོམས་ནས་ལོ་ཚིགས་དགུ་བརྒྱ་དང་སོ་བརྒྱད་འདས་པ། རབ་བྱུང་བཅུ་གསུམ་


GTN006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲེའུ་ཞེས་པ་མེ་ལུག་ལོ་ལ། འཛམ་གླིང་ཆུང་ངུ་འདིའི་ཡུལ་གྲུ་ལ་དུས་འཁོར་ལས། བྱང་མ་དྲུག་བགོས་ཡུལ་དྲུག་ཡིན་ཞེས་གསུངས་པའི་ནང་ཚན་བོད་དུ་གྲགས་པ། དེ་ལ་བོད་དང་བོད་ཆེན་པོའི་ཡུལ་གཉིས་སུ་ཕྱེ་བས་ཕྱི་མ། དེ་ཡང་སྔོན་གྱི་དུས་བོད་དབུས་གཙང་ཆོས་རྒྱལ་མེ་དབོན་གྱིས་ཞབས་ཀྱིས་བཅགས། སྤྲུལ་པའི་གཏེར་སྟོན་ཕལ་ཆེར་བྱོན། ལོ་པཎ་རྣམས་ཀྱིས་དམ་པའི་ཆོས་དངོས་སུ་བསྒྱུར་བའི་གནས་རྒྱ་གར་འཕགས་པའི་ཡུལ་དང་ཁྱད་མ་མཆིས་མོད། དེང་དུས་ཁམས་ཕྱོགས་འདིར་ཤར་གཏེར་ཟུག་པ་རྩ་བ་ལྟ་བུ་རྣམས་འབྱིན་པའི་སྤྲུལ་པའི་སྐྱེས་ཆེན་རྣམས་ཀྱང་བྱོན། དེ་དག་གི་མཐུས་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཁས་གྲུབ་ཟླ་མེད་དུ་མ་ཞལ་འཛོམས། ཐུན་མོང་གི་རིག་གནས་ནས་འོད་གསལ་རྫོགས་པ་ཆེན་པོའི་བར་གྱི་བཤད་སྒྲུབ་ཀྱི་བསྟན་པ་དར། སྔ་མ་ལས་ཕྱི་མ་ལྷག་པ་ལྟ་བུར་གྱུར་པའང་འཕགས་པ་བརྒྱད་སྟོང་པ་ལས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་མཐར་བྱང་ནས་བྱང་དུ་རྒྱས་པར་གསུང་བའི་དོན་ལྟར། འཕགས་ཡུལ་ཨོ་རྒྱན་དང་བཅས་པའི་ཆོས་ཀྱི་དགའ་སྟོན་ཐམས་ཅད་རྣམ་པར་རྒྱས་པའི་ཡུལ་གྱི་བྱེ་བྲག །སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས་བྱང་སྨར་ཁམས་ཀེ་རེ་ཁ་སྒང་ངམ། མདོ་ཁམས་ལྷ་སྒང་རིང་མོ་ཞེས་པའི་སའི་ཆ་འབྲོང་པ་ལྷ་སྡེ་དཀར་པོ་ཞེས། ཡུལ་སྐྱོང་ཟོ་དོར་དགེ་བསྙེན་རྡོ་རྗེ་ཐོགས་མེད་ཀྱིས་ཉེ་བར་སྲུང་ཞིང་། ཆོས་ཀྱི་རྒྱལ་པོ་སྡེ་དགེའི་མངའ་རིས་སུ་གཏོགས་པ། རུས་ནི་ཨ་ལྕགས་འབྲུ། ཡབ་ནི་ཕོ་ཏེ་གྲ་ལྔ་ནོར་བུ་ཞེས་ལུགས་


GTN006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྣམ་དཔྱོད་མཆོག་ཏུ་ཡངས་པ། ཕ་མེས་རིང་ནས་དཀོན་མཆོག་གསུམ་ལ་སྲི་ཞུ་མི་ལྷོད་པས་རྒྱལ་བའི་བཀའ་བསྟན་འགྱུར་གྱི་པུསྟི་ཀ་བརྒྱ་ཕྲག་མང་པོ་མཆོད་གནས་སུ་བཀུར་བ། ཡུམ་ནི་འབྲོང་དཔོན་ཚེ་རྒྱལ་གྱི་སྲས་མོ་ཟི་སྨན་སྐྱིད་ཅེས་པ་དད་པ་དང་གཏོང་བ་སྙིང་རྗེས་རྒྱུད་བརླན་ཞིང་བཟང་པོའི་ཡོན་ཏན་དང་ལྡན་པ་དེ་གཉིས་ལ་སྲས་གསུམ་དང་། སྲས་མོ་གཉིས་ཏེ་ལྔ་བྱུང་བའི། སྲས་ཆེ་བ་ཟུར་མང་གཏེར་སྤྲུལ། འབྲིང་བ་ཨ་དོན་གྱིས་སྲིད་བསྐྱངས། ཆུང་བ་ལ་རྗེ་འདི་ཉིད་འཁྲུངས། དེའི་དུས་སུ་ངོ་མཚར་བའི་ལྟས་ཅི་འདྲ་བྱུང་རྩ་ཐོ་དང་གནའ་བོའི་ངག་གསལ་མེད་པས་བྲི་ངོ་མ་ཤེས། གང་ལྟར་རུང་། སྤྱོད་འཇུག་ལས། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་བས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔས་སྲིད་པ་བཟུང་བ་ནི་རང་གཞན་ཕན་བདེ་ལ་འགོད་པ་ལས་གནོད་པའི་རྒྱུར་མི་འགྲོ་བ་ཆོས་ཉིད་བཞིན། མ་ལ་གནོད་པ་མེད་པ་ཐོ་རངས་ཞིག་ལ་བཙས། སློབ་བུ་རྣམ་རྒྱལ་གྱིས་མཛད་པའི་རྣམ་ཐར་གསོལ་འདེབས་ལྟར་ན་མ་ལ་སྤྱན་གྱིས་ཅེ་རེ་གཟིགས་ནས་ༀཨཱཿ ཧཱུྃ་ཧྲཱི༔ ༀ་མ་ཎི་པདྨེ་ཧཱུྃ་ཞེས་ལན་གཅིག་གསུངས་པས་ཉེ་འཁོར་བ་ཀུན་ངོ་མཚར་བའི་གནས་ལ་བཀོད་ཅེས་གསུངས། དེ་དུས་རྒྱལ་ཚབ་རྡོ་རྗེ་འཆང་སིབ་དགོན་དུ་བཞུགས་ཡོད་པ་རང་བསྟན་ལ་


GTN006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་སྤྲུལ་སྐུ་གསར་འཁྲུངས་ཡོད་པའི་ཉམས་རྨིས་གསལ་བར་བྱུང་བ། དེ་ནངས་ཕོ་ཏེ་ཚང་ནས་གདན་དྲངས་པ་བ་གེ་ནང་བརྒྱུད་བྱོན་པའི་ལམ་ཁར། ཡབ་ཚང་གིས་ཡུལ་ལུགས་ཀྱི་བླ་མ་བྱོན་པའི་བཀུར་སྟི་ལ་བསང་ཁང་བཅུ་གསུམ་བརྩིགས། བསང་དར་ཡང་བཅུ་གསུམ་སྒྲོན་པ་དེ་གཟིགས་པས་ཐུགས་ལ་རྟེན་འབྲེལ་ལེགས་དགོངས་ནས། ཡབ་རྒན་གྲ་ལྔ་ནོར་བུ་ལ་ཕུ་མདུད་ཅིག་གཏད་དེ། འདི་ཁྱོད་རང་ཚང་ད་ནངས་བྱིས་པ་གསར་སྐྱེས་དེ་ལ་ཐོགས་གསུངས། བྱིས་པ་བཙས་ཚར་མིན་ཁྱིམ་མཚེས་སོགས་ཀྱིས་མ་ངེས་པས་ཐམས་ཅད་ཧ་ལས་པ་ལྟར་གྱུར་སོང་། རྒྱལ་ཚབ་རིན་པོ་ཆེ་རང་སྔར་བྱིས་པའི་རྩེ་འཇོས་གཡེངས་སྐབས་ཟུར་མང་གཏེར་སྟོན་སྤྲུལ་པའི་སྐུའི་ཆིབས་ཁ་ནས་བཟུང་སྟེ་ཁྱིམ་ལ་ཕེབས་ཞུས་པ་གྲྭ་པ་རྣམས་ནས་འདི་བྱིས་པ་ལགས་པས་བྱོན་ཉན་མི་འོང་ཞུས་པས་མི་སྐྱོན། ཁོ་བོ་དང་ངེད་གཉིས་འབྲེལ་ཆེ་བ་ཡོད་གསུང་བྱོན་པས་ཁྱིམ་ཚང་རྣམས་སྐྲག་སྔངས་བྲེལ་ཟིང་དུ་གྱུར་ཀྱང་སྐྱོན་མེད་གསུངས་ནས་གསོལ་ཇ་བཞེས། བྱིས་པ་ལ་རྒུན་འབྲུམ་སོགས་མངར་རིགས་གནང་སྟེ་བྱོན་སོང་བ། དེའི་རྒྱུ་མཚན་ད་ལྟ་ངེད་གཏེར་སྟོན་གྱི་མཆེད་དུ་སྐྱེ་བ་ཡིན་པ་འདྲ་གསུང་ཉིད་ཀྱིས་ཞལ་བཞེས་མཛད། སྐུ་འཁྲུངས་པའི་ཕྱི་ལོ་ས་སྤྲེལ་དབྱར་ཐོག་འཛི་སྒར་བསོད་ནམས་རྒྱ་མཚོའི་སྤྲུལ་པའི་སྐུ་ཕེབས་པས་ཁྲུས་གསོལ་དང་། ཚིག་བདུན་གསོལ་འདེབས་ཀྱིས་བྱིན་བསྐུལ་ཏེ་ཨོ་རྒྱན་སྣང་བརྙན་སྤྱི་བོར་བཞག་ནས་བྱིན་རླབས་གནང་། མཚན་ལ་འགྱུར་མེད་ཚེ་དབང་རྣམ་རྒྱལ་ཞེས་གསོལ། འདི་


GTN006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་ཞིག་ཡིན་པས་བདག་པོ་བྱུང་ཚེ་ཁྱོད་རང་ཚང་ནས་དེར་སྤྲོད་པ་ལེགས་འོང་གསུངས། ལྕགས་ཁྱི་དགུང་ལོ་བཞི་བཞེས་པའི་ཚེ་རྡོ་རྗེ་འཆང་རྒྱལ་ཚབ་སྤྲུལ་པའི་སྐུ་ལྷོ་ཁོག་ཏུ་ཕེབས་ཏེ། སྔ་འགྱུར་བསྟན་པའི་བཤད་སྒྲུབ་ཀྱི་བགྱི་བ་མཆོག་ཏུ་གསལ་བ་སིབ་རྫོགས་ཆེན་དགོན་དུ་གཟའ་སྐར་སྦྱོར་བྱེད་ཕུན་སུམ་ཚོགས་པའི་ཉིན། སེར་སྐྱ་མང་པོས་སྐྱེལ་བསུ་དང་། སེར་ཕྲེང་བཅས་སྦྱོར་དངོས་རྗེས་ཀྱི་བཀུར་སྟི་བླ་ན་མེད་པས་ཁྲི་སྟོན་མཛད། བསླུ་ཡོན་དུ། རྟ་ཕོ་བདམ་པ་གཅིག །ཡང་རྟ་གཅིག །ཨོ་རོ་སུ་སོགས་ཇ་འཁོར་དྲུག་ཉེར་ལྔའི་བབ་འགྲོ་ངེས་གནང་། ཟུར་མང་བདུད་རྩི་མཐིལ་བ་ལ། སྤྲུལ་སྐུ་ཁྲིར་བཀོད་པའི་ལེགས་འབུལ་དུ། དར་གོས་ཡུག །རས་ཡུག །ལྭ་ཁྲ། ཞྭ་སྣམ། རྟ་ཕོ། དྲེལ་བཅས་བདུན་ཚན། ཟུར་མང་རྣམ་རྒྱལ་རྩེར། དར། ཝ་ལྤགས། རྟ་ཕོ། ཕ་ཡབ་ལ་དར། རྟ་ཕོ། མགོ་སྣམ། མ་ཡུམ་ལ་དར། མགོ་སྣམ་གོས། མཛོ་མོ། དབོན་པོ་ཚེ་རྒྱལ་ལ། དར། རྟ་ཕོ། འབྲོང་བ་བུ་ལྷ་དར་ལ། དར། མཛོ་བཅས་དང་། སྡེ་དགེ་ལ་སྐད་ཞུས་རྟེན། དར། ཝ་ལྤགས། རྟ་ཕོ་བཅས་ཕར་སོང་ཚུལ་དང་། ཚུར་ཁྲི་སྟོན་ལ། སྡེ་དགེ་ནས་ལྷ་གོས། ལིང་ཡུག །རས་ཡུག་གཉིས། ཝ་ལྤགས་གཉིས། གཡི་ལྤགས། མཛོ། རྟ་ཕོ་བཅས་དགུ་ཚན། སྐུ་ཚབ་རྡོ་རྗེ་རྣམ་རྒྱལ་ནས། ལྷ་རྫས་རབ་དཀར། ལིང་ཡུག །རས་ཡུག །ཝ་ལྤགས། ཁལ། འབྲི། མཛོ་མོ། མཛོ། རྟ་ཕོ་སྤུས་ལེགས་བཅས་དགུ་ཚན། ཟུར་མང་མཁན་སློབ་ནས། ལྷ་རྫས། ཟམ་ཡུག །ལིང་ཡུག །ཞྭ་ཕྲུག །ཝ་ལྤགས། ཆིབས་སེར་གྭ་ན་ལྔ་པ་འགྲོས་ལྡན། རྟ་ཕོ་སྔོ་སྨུག་ན་གསུམ་པ། རྒོད་མ་གྲོ་མོ་


GTN006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དགུ་ཚན། དེ་རིགས་བཞག་འཇོག་སྐབས་ཟུར་མང་བླ་མཆན་ཚུལ་ཁྲིམས་མཐར་ཕྱིན་གྱིས་བརྗོད་དོན་ཕུན་སུམ་ཚོགས་པའི་བཤད་པ་མཛད། ཞེ་ཆེན་གྲྭ་ཚང་ནས་དར། འབྲི་ཁལ་གཉིས། དམར་རྫོང་སྤྲུལ་སྐུ་ནས། ལིང་ཡུག །སྟོད་འགག ། མཛོ། ཤང་ཐོ་བླ་མས། དར། རས་ཡུག །མཛོ་སར། མགར་རའི་ངེས་དོན་ནས། དར་ཞྭ་སྣམ། ཁལ། བླ་མ་བསྟན་འཛིན་རབ་རྒྱས་ནས། དར་ཞྭ་སྣམ་ཁལ། ཆང་གཉིས། ཨ་ཁུ་ལྷ་དར་ནས། དར་ཡུག་གཉིས། རས་ཡུག་གཉིས། ཆང་གཉིས། ཤ་གཟུག་གསུམ། ཇ་བག །ཡོན་དགེའི་ཨ་བཀྲ་ནས། དར་རས་ཡུག །མཛོ་སར། ཤ་ཁོག ། ཆང་། ཀླུ་བསེ་ལྷ་འཕེལ་ནས། དར་ཆང་། ཇ་བག །ཤ་ཁོག །འབྲོང་དཔོན་ཚེ་རྒྱལ་ནས། ཁ་བཏགས། རས་ཡུག །ཝ་ལྤགས། ལུག་དྲུག །ཟོག་ཆེ་ཆུང་གསུམ། རྟ་ཕོ་གསུམ་བཅས་རྣམ་གྲངས་བཅོ་ལྔ། ཟ་མ་ཤ་གཟུག་བཞི། ཆང་། མར་རྒྱ་གང་། མར་ཐུད་བརྒྱད། ལུག་ཤ་དུམ་བུ། བླ་མ་ལྷུན་གྲུབ་ནས། དར་རས་དཀར་བུབ། མཛོ་སར། འབྲོང་པ་ལྷ་དར་ནས། དར་ཞྭ་སྣམ། ཁལ་སར། འབྲི་མཛོ་བཅས། འབྲོང་དཔོན་ཨ་བུ་རྒྱལ་ནས། དར་རྟ་ཕོ་བཅས། དེ་ཙམ་ལས་གཞན་ཆུང་གྲལ་མ་བྲིས། ཡབ་ཚང་ནས་ཞེ་ཆེན་གྲྭ་པ་བསུ་མ་རྣམས་ལ་ལྷ་རེག་ཞྭ་ཕྲུག །དར་ཡུག །གོས་ཅན་ཁ་གང་། རྟ་ཕོ། ཨ་ཁུ། ཀླུ་བསེ། ཡོན་དགེ་གསུམ་ལ། དར་ཞྭ་ཕྲུག །ཁལ་སོགས་བྱིན། གཞན་ཁྲི་སྟོན་ཚུར་བཞག་དང་། ཆིབས་སྐྱེལ་བར་སྦྱིན་པ་སོགས་མ་བྲིས་ཚུལ་རྩ་ཐོ་ལ་འདུག་པ། གང་ལྟར་ཡང་འདི་རིགས་བྲིས་པ་ལ་དགོས་པ་ཡེ་མི་འདུག་རུང་། དམ་པའི་རྣམ་ཐར་སྔོན་མ་རྣམས་ལའང་དེ་འདྲའི་རིགས་བྲི་སྲོལ་ཡོད་འདུག་པ་དང་།


GTN006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གའི་བརྩམ་གཞིའི་རྩ་ཐོ་ལའང་འདུག་པས་རགས་བསྡུས་ཙམ་བྲིས་པ་ལགས། འདི་སྐབས་ཚེ་རབས་གཏན་གྱི་བླ་སློབ་ཏུ་འབྲེལ་བ་རྒྱལ་ཚབ་རིན་པོ་ཆེ་༧པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ནས་གཙུག་ཕུད་བཞེས། མཚན་དུ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ཞེས་གསོལ་ནས་ཐུབ་བསྟན་རིན་པོ་ཆེའི་སྒོར་འཇུག་པ་མཛད། དེ་རིགས་སྐུ་ན་ཕྲ་བའི་ཚུལ་གྱིས་གཞན་རྐྱེན་ཁོ་ན་ལ་རག་ལས་པ་ཡིན་ཏེ། ཁྲི་སྟོན་སྐབས་རྒྱལ་ཚབ་རིན་པོ་ཆེའི་གསོལ་དཔོན་གྱིས་རྟ་ཁ་ཁྲིད་དེ་འགྲོ་བ་དང་། སྔོན་དུ་རྟ་པ་རྒྱ་གླིང་པ་གཉིས་ཀྱིས་གླིང་བུ་འབུད་བཞིན་འགྲོ་བ་དྲན་ཙམ་ཡོད་གསུངས། ༈ གཉིས་པ་བར་དུ་འདུལ་བའི་ཐབས་སྣ་ཚོགས་སྐུ་ཚེ་རིལ་པོར་མཛད་ཚུལ་ལ། བྱིས་པ་ཆུང་ངུའི་གནས་སྐབས་རྫོགས་ནས། རང་གི་བསམ་སྦྱོར་གྱིས་འཇུག་པའི་མཐུ་ཐོབ་ནས་བཟུང་། རང་དོན་དུ་གསན་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། བྱ་བ་ལས་ཀྱི་འཁོར་ལོ་བཅས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་ཐབས་ཤེས་ཟུང་འབྲེལ་གྱི་མཛད་པའི་ཚུལ་རྣམས་གང་ཤེས་རིམ་པར་བཀོད་པ་དང་། འཁོར་ལོ་གསུམ་གྱི་ཆིངས་སུ་མདོར་དྲིལ་བ་གཉིས་ཀྱིས། དང་པོ་ལ། ཐོག་མར་ལྕགས་ཕག་དགུང་གྲངས་ལྔ་བཞེས་པའི་ཚེ། ཡབ་རྒན་ལ་ནད་ཕོག་སྐབས་ཟུར་མང་གཏེར་དྲུང་སོགས་བླ་མཆོད་བྱོན་པ་དང་། ཉེ་


GTN006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་རྣམས་འོང་བ་ཐུགས་དྲན་གསལ་བོར་ཡོད་ཚུལ་དང་། ཕ་ཡབ་མ་འཚོ་སོང་བའི་བདུན་དེད་ཀྱི་ཨ་མཆོད་ལ། དཔོན་ནག་བསྟན་དར་དང་། མ་ཎི་བསྟན་པར་བོད་པ་སོགས་བཞུགས་དུས། བསྟན་དར་ལགས་ནས་གཤར་བྲིས་ཀ་ཁ་བསླབ་པར་ཀེ་ཤ་ཅན་གྱི་ཡི་གེ་གཟིགས་ཚེ་འདི་ཀློག་པའི་དུས་རིང་པོར་འཐེན་དགོས་པ་ཡིན་གསུངས་པས་ཀུན་གྱིས་ངོ་མཚར་དུ་གླེང་བ། ཁོང་གིས་ད་ལྟ་སྒྲ་ཤེས་པའི་རྟེན་འབྲེལ་ཡིན་གསུངས་ཞལ་བཞེས་མཛད་འདུག་ཀྱང་། དེའང་ཡིན་པ་གོར་མ་ཆག་རུང་ད་དུང་དཔྱད་ན་ནག་ཚོ་དང་། ལོ་ཆེན་དྷརྨ་ཤྲཱི་སོགས་བརྡ་སྤྲོད་རིག་པའི་རྩེར་སོན་པ་དག་གི་སྐྱེ་སྲིད་ཡིན་པའི་འབྲས་རྟགས་བསླུ་མེད་དེ། དུ་བ་ལས་མེར་ཤེས་པ་ལྟ་བུའོ། །ལོ་དེའི་དགུན་ཁར་ཀུན་བཟང་དང་། ཨ་དོན་ཟེར་བ་གཉིས་ཀྱིས་ཞབས་ཕྱི་བྱས་ཏེ་སིབ་དགོན་དུ་བཞུགས། ཡི་གེ་ཕྲན་བུ་བསླབ་པས་རིག་པ་ཤིན་ཏུ་བཟང་བས་ན་མཉམ་གཞན་ལས་ཁྱད་པར་འཕགས་པས་དེ་སྐབས་སུ་ང་རྒྱལ་གྱི་རྣམ་པ་ཆེ་བ་ལྟ་བུའི་ཚུལ་ཞིག་ཡོད་གསུངས། འདི་སྐབས་སུ་རྒྱལ་ཚབ་རིན་པོ་ཆེ་སིབ་མདར་ཕེབས་ནས་དགོན་པ་སྤོ་བའི་ཕྱིར། ས་འདུལ་ལ་ཕུར་སྒྲུབ་གནད་སྨིན་མཛད་པའི་དྲུང་དུ་བྱོན་པ་ལ། སྤྲུལ་སྐུ་ན་ཕྲ་ཕྱིར་ཉམས་སད་ཀྱིས་རྩེད་མོས་ཙཀླི་འགའ་རེ་བསྟན་ནས་འདི་ཡག་པོ་རང་ཨེ་འདུག་གསུངས་པ་ལ། ཡག་པོ་འདུག་སྟེ་ད་དུང་ཁྲོམ་ཚོགས་འདི་རིགས་ལ་ཙཀླི་འདིས་དབང་ཞིག་མཛད་ན་ཕྱིར་ཞིང་ཇེ་ཡག་ཏུ་འགྲོ་འོང་ལགས་ཞུས་པས། ཙཀླི་རྣམས་བསམ་ལྷུན་གྱི་དབང་ཙཀ་འདུག་པས་རྒྱལ་ཚབ་རིན་པོ་ཆེ་ནས་


GTN006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་ཞལ་ལྟས་ཀྱི་ལ་ཉེ་དགེ་ཞིང་ཕུགས་སུ་བྱང་ཆུབ་སེམས་དཔའི་རིགས་ཅན་དུ་དགོངས་ནས་ཐུགས་ལྷག་པར་དགྱེས་ཏེ། དེ་མ་ཐག་ཁྲོམ་དབང་མཛད་པས་ཐམས་ཅད་ཀྱིས་ལེགས་པའི་བསྔགས་བརྗོད་འབའ་ཞིང་གླེང་བར་བྱས་སོ། །previous hit ཆུ་བྱི་དགུང་ལོ་དྲུག་བཞེས་ཐོག་རྒྱལ་ཚབ་རིན་པོ་ཆེ་ནས་བཀའ་ཕེབས་ཏེ་ཁྲ་ཚང་དཔལ་བཟང next hit་ལ་དབུ་ལྗོན་བཙས་ནས་མ་བསིལ་བ་བྲེག་ཏུ་བཅུག་པ་སྒར་གཤམ་ལ་ཐུག་པས། ངེད་ཀྱི་སྐྲ་འདི་སྒར་མགོ་ས་མཐོ་ས་ལ་བསིལ་དགོས་གསུངས་ནས་རང་དམ་པའི་སྐྱེས་བུ་ཡིན་པ་ཟུར་གྱིས་བསྟན། འདི་ལོ་གཤོང་ནགས་རི་ཁྲོད་བླ་མ་ཀོང་པོ་མཆོག་ལྡན་པ་ཞེ་ཆེན་ནས་དབུ་ཞྭ་གྲི་ཐོད་མ་ཞིག་བསྐུར་བ་བཞེས། དེ་སྐབས་ཨ་ཁུ་ལྷ་རྡོག་གི་གྲོགས་མཆེད་གང་དྲི་འཕགས་མཆོག་ཟེར་བ་ཞིག་འདས་སོང་བའི་བསྔོ་ཞུས་རྟེན་ལ་སྦུབ་ཆོལ་ཆུང་ངུ་ཞིག་ཕུལ་བ་ཁྱིམ་དུ་རྔ་རོལ་སྤྲད་དེ་གདངས་དབྱངས་རོལ་མོ་འདྲ་མིན་དུ་མ་བྱེད་པའི་སྟངས་ཀའི་སྐུ་རྩེད་ཀྱིས་དུས་འདའ་བར་མཛད། དགུན་ཚེ་རི་ཁྲོད་དུ་བཞུགས་ནས་ཀོང་བླས་གཟབ་ཀྱི་ཀ་དཔེ་བྲིས་པ་དང་འབྲུ་དེད་རྣམས་བསླབ་པས་འབད་པ་ཡེ་མ་དགོས་པར་དགའ་རབ་ཐུགས་སུ་ཆུད། འདི་སྐབས་སུ་སྐུ་རྩེད་སྣ་ཚོགས་མཛད་པ་སོགས་བྱིས་པ་གཤིས་རྒོད་པའི་རྣམ་པ་ཡོད། དེའི་དབྱར་ཐོག་ཡབ་ཚང་རུ་ཐོག་ལ་བཞུགས་པ། ཏོ་ལེ་དབང་རྒྱལ་ཟེར་བའི་བན་རྒན་ཞིག་ཆུ་གཏོར་བསྔོས་ནས་བཞུགས་ཡོད་པ། ཉིན་ཕྱེད་ཐམས་ཅད་ཀྱི་


GTN006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཆས་སྐབས་བན་རྒན་ལ་ཞལ་འདོན་བཟང་སྤྱོད་ཅིག་ཆག་མེད་གསུང་རྒྱུ་ཡོད་པ་དེ་ལ་ཐུགས་ཆེར་གྱིས་ཞུགས་པ་བཞིན་སོང་ནས་བྱིས་པའི་རྩེད་མོ་དང་། ཟ་འཐུང་སོགས་ཅི་ཡང་མི་བྱེད་པར་གྱུར་ནས་ཨ་མཆོད་བན་རྒན་གྱི་སྔོན་དེར་བསྡད་ནས་འདུག་པ་དེ་འདྲ་ཉིན་ལྟར་རེད་སོང་པས། ཨ་ཁུ་ནས་བྱིས་པའི་ཟ་འཐུང་མ་ཟིན་བར་ཨ་མཆོད་ལ་བཟང་སྤྱོད་མ་གསུངས་ཟེར་ནས་བཀོད་སྦྱར་བྱེད་དགོས་པ་བྱུང་ཚུལ་གསུངས་པ་ནི། བཟང་སྤྱོད་ནང་ལ་བྱིས་པ་ཤིན་ཏུ་མཚར་ཏེ་ཡེངས་འགྲོ་བའི་རྒྱུ་མཚན་སྣ་གཅིག་མེད་རུང་། བཟང་སྤྱོད་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྒོ་བརྒྱ་ཕྲག་དུ་མ་ཐམས་ཅད་འདུས་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་པར་རྒྱལ་བས་བསྔགས་པ་ལྟར། དེའི་ཚིག་དོན་ལ་སེམས་དབྱེར་མེད་དུ་འདྲེས་འགྲོ་བ་ལྟར་བྱུང་བ་ནི། རྒྱལ་བའི་སྲས་ཀྱི་རྣམ་འཕྲུལ་ཡིན་པའི་རྟགས་ཐུན་མོང་མ་ཡིན་པ་ཡིན་ཏེ། ཟླ་བའི་ཞབས་ཀྱི་དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཅིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པ་ལྟར་རོ། །ཡང་སྐབས་ཤིག་རི་ཁྲོད་དུ་ཡོད་དུས། ཀུན་བཟང་རྒྱུད་ལ་ཉལ་ནས་ཡོད་པ་གཉིད་དུ་སོང་བ་ན་གྲིབ་གནོན་གྱི་གདོན་གྱིས་མནན་པས་འཇིགས་སྐྲག་བྱུང་བ་དེ་མ་ཐག་གུར་དྲག་གི་བསྐྱེད་རིམ་བཟུང་སྟེ། ཨ་རྩིག་བགྲངས་པས་མོད་ལ་སེལ་


GTN006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དེ་ཁོང་གི་བསྐྱེད་རིམ་གྱི་ཐོག་མ་ཡིན་གསུངས་འདུག་པ་འདི། སྔོན་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་བྱིས་པའི་གྲོགས་མང་པོ་དང་སྐུ་རྩེད་མཛད་སྐབས། རྒྱལ་འགོང་ཁོག་ཏུ་ཞུགས་པའི་ཁྱི་ཞིག་གིས་ཕྱག་ལ་བཟུང་བས་དེ་མ་ཐག་ཧེ་རུ་ཀ་ཞལ་བརྒྱད་པའི་བསྐྱེད་རིམ་མཛད་པས་ཁྱི་དེ་བྲོས་སོང་བ། དེ་འཕྲལ་རྩེ་གྲོགས་རྣམས་འཚོགས། ཁོང་གི་སློབ་དཔོན་དང་། གཞན་རྣམས་ཀྱི་བྱང་འདྲེན་པ་སོགས་ཀྱིས་སྟངས་ཀ་བྱས་ནས་འཇིམ་པ་ལ་ཟོར་གཏོར་བཅོས་ཏེ་འཕངས་པས་ཁྱིའི་ཁ་ནས་ཁྲག་སྐྱུག་སྟེ་ཤི་སོང་བས་གྲོང་མི་ཐམས་ཅད་ཧ་ལས་སོང་བ་དེ་དང་ཁྱད་མེད་དེ། སད་རྨི་གཉིས་མཚུངས་པ་ནི། རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །ཞེས་གསུངས་པ་ལྟར་རོ། །འདིར་སྐབས་ཤིག་ལ་ཨ་ཁུ་ལྷ་དར་ཚང་ནས་གདན་ཞུས་ལ་བྱོན་ནས་དཔོན་སློབ་ལྔས་ཡོན་དགེའི་གཏེར་བྱོན་ཚེ་སྒྲུབ་བླུགས། དབང་བསྐོས་བླས་མཛད། རྟ་སོགས་འབུལ་ནོད་རྒྱ་ཆེན་ཁོང་སྤྲུལ་སྐུ་ལ་ཞལ་གསར་གྱི་དགའ་སྟོན་དུ་ཕུལ་བ་ཡོན་བདག་གི་ཐོག་མ་ཡིན་གསུངས། དེ་ནས་བྱིས་པའི་རྩེད་མོ་དང་སྒོ་གསུམ་གྱི་སྤྱོད་ལམ་རྒོད་བག་གི་རྣམ་པ་དུ་མ་བསྟན་པས། རི་ཁྲོད་པ་རྣམས་ཀྱི་སྤྲུལ་སྐུ་འདི་ལ་ངེད་རྣམས་ཀྱིས་མགོ་འཛིན་དང་ཞབས་ཕྱི་ཐིངས་ཐབས་དཀའ་འདུག་པས། ཁྱེད་རང་ཚང་ལ་མཁོ་ན་ཕར་བསུས་ན་དགའ་ཚུལ་ཞེ་ཆེན་བླ་བྲང་ལ་ཞུ་ཡིག་ཕུལ་བས། ཤིང་སྟག་དགུན་ཁར་བསུ་རྟ་སོགས་ཐབས་མི་ཆག་ཙམ་འབྱོར་བྱུང་བ། ཤིང་ཡོས་ཟླ་བ་བཞི་པའི་ནང་ལ་གཤོང་ནག་རི་ཁྲོད་ནས་མཐུན་རྐྱེན་ཡེ་
མ་མཛད་རུང་། ཡབ་ཚང་རང་ནས་ཞེ་ཆེན་དུ་ཕེབས་ཚེ་མཆོག་སྤྲུལ་རྣམ་གཉིས་སོགས་ལ་ཕུལ་རྒྱུའི་མཇལ་དར་དང་། གསོལ་ཆས་རྣམས་བསྒྲིགས་ནས། གྱམ་པའི་གསང་སྔགས། ཨ་ཁུ་ལྷ་རྡོག །ཀུན་བཟང་། ཨ་འཇའི་ཕྲིན་ལས་བཅས་ཞེ་ཆེན་དུ་འབྱོར་རྒྱུ་མཛད། སྐབས་དེ་ཚོར་དགེ་རྩེ་བླ་མ་པདྨས་གཟིགས་སྐྱོང་ཆེ་བར་མཛད། ལམ་དུ་ཞུགས་ནས་རྟ་ཁལ་རྣམས་ཆད་ལུས་དང་། ཁ་བ་ཆེ་བ་བབས་པས་འོ་རྒྱལ་གྱི་རྣམ་པ་ཆེ་བ་བྱུང་བ་དང་། གྲྭ་པ་གསང་སྔགས་ལ་གསར་ནད་དྲག་པོ་ཞིག་བྱུང་བ་ལ། ཅུང་ཟད་བློ་འདོན་ཤེས་རིགས་བབ་ཅོལ་དུ་རྩེད་མོའི་རྣམ་པ་ལྟ་བུས་བཀའ་བསྒོ་བྱས་པས་ཤིན་ཏུ་ཕན་སོང་གསུངས་པ་ནི། བྱང་ཆུབ་སེམས་དཔའི་ལུང་བསྟན་ཐོབ་པའི་རྟགས་སུ་ཡུམ་ལས་བཤད་པ་ལྟར་ཐོག་ཏུ་ཁེལ།


previousསྐུ་འཁྲུངས་ནས་ཐོག་མའི་རིག་གནས་ཀྱི་དབུ་ཁྱུད་སྐབས།next