Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

3 occurrences of ཧ་ཅང་བྱེད་པ་
[Clear Hits]


collapse section
  
  
 
 
  
  
  
 expand section
  
  
  
  
རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ།


3 occurrences of ཧ་ཅང་བྱེད་པ་
[Clear Hits]

 
previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ། no next

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ།


JLD014_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ་བཞུགས་སོ། །


JLD014_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གྲོལ་བ་དོན་གཉེར་གྱི་སྐྱེས་བུ་རྣམས་ཡང་དག་པའི་ལམ་དང་ལམ་མ་ཡིན་པ་ལེགས་པར་ཕྱེ་ནས་ཐར་པར་འཇུག་པའི་མིག་གཅིག་པུ་འགྲན་ཟླ་མེད་པའི་བདག་ཉིད་ཆེན་པོ་ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་རིགས་པའི་བསྟན་བཅོས་གཏན་ལ་དབབ་པ་ལ་དོན་བཞི་སྟེ། ཚད་མའི་བསྟན་བཅོས་བརྩམས་པའི་དགོས་པ་དང༌། དགོས་པ་དེ་བསྟན་བཅོས་དེ་ལ་རག་ལས་པའི་ཚུལ་དང༌། དགོས་པ་དེ་ལྡན་གྱི་བསྟན་བཅོས་ལ་གཅེས་པར་བཟུང་བ་དང༌། བསྟན་བཅོས་དེའི་བརྗོད་བྱའི་ལུས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། དགོས་པ་ལ་ལོག་རྟོག་བསལ་བ་དང༌། ཡང་དག་པའི་དགོས་པ་དངོས་སོ། །དང་པོ་ལ་གསུམ་སྟེ། གྲོལ་བ་དོན་གཉེར་ལ་བལྟོས་ཏེ་ལོག་རྟོག་དགག་པ་དང༌།


JLD014_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་ཁྱད་པར་ལ་བལྟོས་ཏེ་དགག་པ་དང༌། དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པའོ། །དང་པོ་ནི། ཚད་མའི་བསྟན་བཅོས་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་ཏེ་རྟོག་གེའི་བསྟན་བཅོས་ཡིན་པའི་ཕྱིར་དང༌། ནང་རིག་པའི་བསྟན་བཅོས་ལས་ཕྱི་རོལ་ཏུ་གྱུར་པའི་གཏན་ཚིགས་རིག་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བཤད་པར་བྱ་སྟེ། རྟོག་གེའི་ཆོས་ཞེས་པ་ཕྱི་རོལ་པ་རྣམས་ཀྱི་བསྟན་པ་ནི། རང་གི་རྩ་བའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་དོན་མཐའ་དག་མངོན་དུ་མ་གྱུར་པར་རྟོག་པས་བཏགས་པ་ཙམ་གྱིས་བཞག་པ་དང༌། དེའི་རྗེས་སུ་འབྲང་བའི་བསྟན་བཅོས་ལའང་རྟོག་གེའི་བསྟན་བཅོས་ཞེས་པ་དང༌། ཡང་རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་


JLD014_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཅེས་བཤད་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་བཟུང་བའི་སྒོ་ནས་རྟོག་པས་ངེས་དགོས་ཀྱི། མངོན་དུ་མ་གྱུར་པ་ལ་རྟོག་གེར་བྱས་པ་གཉིས་ལས། དང་པོ་གྲོལ་བ་དོན་གཉེར་ལ་མི་མཁོ་བ་བདེན་ཡང༌། རིགས་པའི་བསྟན་བཅོས་འདི་དག་ནི་དེར་རང་ཉིད་ཁས་མི་ལེན་ཅིང་རིགས་པས་ཀྱང་མི་འཐད་དེ། རང་གི་རྩ་བའི་སྟོན་པ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་སྦྱོར་ལམ་ཆོས་མཆོག་མན་ཆད་གྲོལ་བ་དོན་གཉེར་ལ་ཉེར་མཁོ་མེད་པར་འགྱུར་ཏེ། ཆོས་ཉིད་རྟོག་པའི་ཡུལ་དུ་བྱེད་དགོས་པའི་ཕྱིར། ནང་རིག་གི་བསྟན་བཅོས་ལས་ལོགས་སུ་འདོད་པའང་མི་རིགས་ཏེ། རིགས་པའི་བསྟན་བཅོས་འདི་དག་གིས་གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་རིགས་པས་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར་རོ། །གཞུང་འདིར་འཁོར་བ་འཇུག་ལྡོག་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས་ནང་གི་སེམས་རྒྱུད་ལོག་པར་འགྲོ་བ་བཀག་ནས་ཡང་དག་པའི་ལམ་དུ་འཇུག་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པས། ཁྱེད་ནང་རིག་ཏུ་འདོད་པ་ལའང་དེ་ལས་ལྷག་པའི་རིག་ཚུལ་ཡོད་པ་འཆད་དགོས་སོ། །གཏན་ཚིགས་རིག་པ་ཡིན་པ་ཙམ་གྱིས་ཀྱང་གྲོལ་བ་དོན་གཉེར་ལ་ཉེར་མཁོ་མེད་པར་འདོད་པ་མི་རིགས་ཏེ། དེའི་དོན་ནི་རྒྱུ་མཚན་རིག་པ་ལ་ཟེར་ལ་བསྟན་བཅོས་འདི་དག་ནི་སྤྱིར་གསུང་རབ་མཐའ་དག་གི་དགོངས་པ་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པས་གཏན་ཚིགས་རིག་


JLD014_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡིན་ནོ། །གཏན་ཚིགས་རིག་པ་ཁོ་ན་ཡིན་ལ་ནང་རིག་མ་ཡིན་པ་ནི་དཔེར་ན་གཏན་ཚིགས་དང་དཔེ་དང་རྒོལ་ཕྱིར་རྒོལ་རྩོད་པའི་ཚུལ་ལ་སོགས་པ་ཙམ་ཞིག་གཏན་ལ་འབེབས་པ་རྣམས་སོ། །གཉིས་པ་ནི། བསྟན་བཅོས་འདི་དག་གཞན་སྡེ་ཕྱི་རོལ་པ་རྣམས་ཀྱི་ལོག་རྟོག་དགག་པ་ཙམ་གྱི་ཆེད་དུ་ཉེ་བར་མཁོ་བ་ཡིན་པས་དེ་དག་མེད་པའི་སར་ཉན་པ་དང་སེམས་པ་སོགས་བྱེད་པ་ལ་དགོས་པ་མེད་དོ་ཞེས་ཟེར་བའང་བསྟན་པའི་རྨང་འཇིག་པར་བྱེད་ཅིང༌། དམ་པའི་ཆོས་སྤོང་བར་བྱེད་པའི་ལོག་པར་རྟོག་པ་འབའ་ཞིག་ཡིན་ཏེ། གཞུང་འདིར་སྐྱེ་བ་སྔ་ཕྱི་མེད་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་དང་ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པ་ལ་སོགས་པའི་སྒྲོ་འདོགས་རྣམས་འགོག་པར་བྱེད་པའི་ཐབས་རྒྱས་པར་གཏན་ལ་འབེབས་པ་ཡིན་པས། ཕྱི་རོལ་པ་མེད་སར་རང་རྒྱུད་ཀྱི་ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པ་སོགས་ཀྱི་སྒྲོ་འདོགས་བསལ་དགོས་མི་དགོས་དང༌། མི་རྟག་སྡུག་བསྔལ་སྟོང་བདག་མེད་དང་སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཡོད་པར་ངེས་པའི་ངེས་ཤེས་འདྲེན་དགོས་མི་དགོས་སོགས་ཁ་ནང་དུ་ཕྱོགས་ལ་ལེགས་པར་སོམས་ཤིག །དེ་ལྟར་དགོས་ནའང་རིགས་པའི་བསྟན་བཅོས་འདི་དག་ལས་མཆོག་ཏུ་གྱུར་པའི་ཐབས་གཞན་ཡོད་པ་བསྟན་དགོས་སོ། །གསུམ་པ་ནི། བསྟན་བཅོས་འདི་དག་ལན་ཚྭ་དང་འདྲ་བར་འདི་ཉིད་གཙོ་བོར་ཉེར་མཁོ་མེད་ཀྱང་འདི་དག་ཁོང་དུ་ཆུད་ན་གཙོ་བོའི་དོན་གཞན་ཁོང་དུ་ཆུད་པ་ལ་ཉེ་བར་མཁོ་བ་ཙམ་གྱི་སྒོ་ནས་དགོས་


JLD014_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམན་པར་འདོད་པའང་མི་རིགས་ཏེ། ཐོས་བསམ་སྒོམ་གསུམ་གྱི་གཞི་འདི་ཉིད་ཀྱིས་གཏན་ལ་ཕབ་པ་ལས་མཆོག་ཏུ་གྱུར་པའི་གཞི་གཞན་མི་རྙེད་པའི་ཕྱིར་རོ། །གཉིས་པ་ཡང་དག་པའི་དགོས་པ་དངོས་ནི། དེ་ལ་སྤྱིར་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ལས། ཕྱི་མ་ནི་འཇིག་རྟེན་འདིའི་རྒན་པོ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཚེ་འདིའི་ཐབས་ཙམ་ཞིག་ལ་འབད་པར་བྱེད་ཀྱི་ཕྱི་མ་ཕན་ཆད་ཀྱི་དོན་གཙོ་བོར་མི་བསྒྲུབ་པ་རྣམས་ཡིན་ལ། གྲུབ་མཐས་བློ་བསྒྱུར་བ་ཡིན་ཡང་རྒྱང་ཕན་ནི་ཚེ་སྔ་ཕྱི་མེད་པར་འདོད་ལ། དེ་ལས་གཞན་པའི་ཕྱི་རོལ་པ་རྣམས་ནི་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་དགོས་པར་འདོད་ཅིང༌། སྤྱོད་པ་བ་ནི་ཕྱི་མ་ཕན་ཆད་ཀྱི་བསྒྲུབ་བྱ་མངོན་མཐོ་ཙམ་ཞིག་ཡོད་པར་ཁས་བླངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ནི་མི་སྲིད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་འབྲལ་དུ་མི་རུང་བའི་ཕྱིར་ཞེས་ཟེར་རོ། །དེ་གཉིས་མ་གཏོགས་པའི་གཞན་སྡེ་རྣམས་དང་རང་གི་སྡེ་པ་རྣམས་འདི་ལྟར་སེམས་ཏེ། སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྡུག་བསྔལ་འདི་འགོག་པར་བྱེད་པའི་ཐབས་ཡོད་དམ་འོན་ཏེ་མེད། ཡོད་བཞིན་དུ་དེའི་ཐབས་ལ་འབད་པར་མ་བྱས་ན་དོན་ཆེན་པོ་ལས་ཉམས་པར་འགྱུར་བས་དེ་ཚོལ་བའི་ཐབས་ལ་འབད་པར་བྱེད་དོ། །དེ་ལ་སྤྱིར་རྟོག་པ་དང་ལྡན་པ་ཞེས་པ་ནི་རང་ཉིད་ཀྱིས་དེ་ལྟ་བུའི་དོན་ལ་རྟོག་དཔྱོད་ཞུགས་ནས་དེ་ལྟ་བུའི་རྟོག་པ་ཡོད་མེད་འཚོལ་བར་བྱེད་ཅིང༌། གང་གི་རྗེས་སུ་འབྲངས་ནས་ཐར་འདོད་མི་སླུ་བ་དང་སླུ་བའི་ཁྱད་པར་ཕྱིན་ཅི་མ་ལོག་པར་སྟོན་པའི་སྟོན་པ་འཚོལ་


JLD014_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང་དེ་ལྟར་བཙལ་བ་ན་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཀྱང་གྲོལ་བ་དོན་གཉེར་གྱི་སྐྱེས་བུ་རྣམ་དཔྱོད་གཞན་ལས་ཁྱད་ཞུགས་པ་དང་གཟུ་བོར་གནས་པ་དང་དོན་གཉེར་ཆེ་བ་རྣམས་ནི། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་བཤད་པ་ལྟར། །དང་པོར་དགེ་བའི་བཤེས་གཉེན་ལ་བརྟེན་ཡང་ཕྱིས་ནས་རང་ཉིད་ཀྱི་རང་སྟོབས་ཀྱིས་ངེས་པར་བྱེད་དགོས་པས། ལུགས་གང་འཐད་པའི་ཕྱོགས་ཡིན་དཔྱད་པ་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཉག་གཅིག་སྐྱོན་མེད་པར་གྲུབ་ནས་དེ་ཉིད་ལ་སྟོན་པར་འཛིན་པར་འགྱུར་བ་ཡིན་ནོ། །དེས་ན་རིགས་པའི་བསྟན་བཅོས་འདི་དག་གིས་ཀྱང༌། ལུང་དང་རྟོགས་པའི་བསྟན་པས་བསྡུས་པའི་ཆོས་སྐྱོན་མེད་པ་དང༌། དེ་ཉིད་སྟོན་པའི་སྟོན་པ་ཚད་མའི་སྐྱེས་བུ་དང༌། བསྟན་པའི་དོན་ཚུལ་བཞིན་དུ་བསྒྲུབ་པའི་དགེ་འདུན་ཏེ། དཀོན་མཆོག་གསུམ་ཕྱིན་ཅི་མ་ལོག་པར་རིགས་པས་སྒྲུབ་པའི་ཚུལ་ཕྱིན་ཅི་མ་ལོག་པར་ངེས་པར་བྱེད་པ་ནི་བསྟན་བཅོས་ཀྱི་དགོས་པའོ། །དེ་ལ་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་བྱས་ན་དང་པོར་མངོན་མཐོའི་གོ་འཕང་ཐོབ་ནས་ཕྱིས་ངེས་ལེགས་ཐོབ་པར་བྱེད་པ་ཡིན་ནའང་ཚད་མས་ངེས་པའི་རིམ་པ་ནི། དང་པོར་ཐར་པ་ཚད་མས་ངེས་ནས་དེའི་རྗེས་སུ་ཤིན་ཏུ་ལྐོག་ཏུ་གྱུར་པའི་མངོན་མཐོ་ངེས་པར་བྱེད་པ་ཡིན་ཏེ། གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་


JLD014_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་རྗེས་སུ་དཔག་པ་ཡིན། །ཞེས་བཤད་པ་ལྟར། །དང་པོར་བདེན་བཞི་དངོས་སྟོབས་ཀྱི་རིགས་པས་ངེས་པར་བྱས་ནས་དེའི་རྗེས་སུ་སྟོན་པས་ཇི་ལྟར་གསུངས་པའི་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མི་སླུ་བར་རྗེས་སུ་དཔོག་པ་ཡིན་ནོ། །འཕགས་པ་ལྷས་བཞི་བརྒྱ་པར། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང་པོར་སྟོང་པ་ཉིད་ཀྱི་དོན་རིགས་པས་ངེས་པར་བྱས་ནས་དེའི་རྗེས་སུ་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མི་སླུ་བར་དཔོག་པར་བཤད་པ་དང་ཚུལ་མཚུངས་པ་ཡིན་ནོ། །གཉིས་པ་ནི། ཇི་སྐད་བཤད་པའི་དགོས་པ་དེ་དག་སྡེ་བདུན་གྱི་བསྟན་བཅོས་ལ་རག་ལས་པ་ཡིན་ཏེ། བསྟན་བཅོས་འདི་ཉིད་ལ་བརྟེན་ནས་སྟོན་པ་སངས་རྒྱས་དང་དེའི་བསྟན་པ་དངོས་སྟོབས་ཀྱི་རིགས་པས་ངེས་པར་བྱེད་ནུས་ཀྱིས་གཞན་ལ་བརྟེན་ནས་ངེས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་རྙེད་པར་དཀའོ། །གསུམ་པ་ནི། དེས་ན་གྲོལ་བ་དོན་དུ་གཉེར་བར་འདོད་ན་བསྟན་བཅོས་འདི་དག་ལ་གཅེས་པར་བཟུང་ནས་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་འབད་པར་བྱ་ཞིང༌། དེའང་འཁོར་བར་འཇུག་ལྡོག་ཉིད་ལ་བསྐོར་ནས་ཉན་པ་སོགས་དེའི་ཐབས་སུ་ཇི་ལྟར་འགྱུར་བ་སོགས་ལ་འབད་པར་བྱ་ཡི་ཁ་གཤགས་འགྱེད་པ་ཙམ་གྱི་ཆེད་དུ་མི་བྱ་སྟེ་རང་ཡང་ཉམས་པར་འགྱུར་ཞིང་གཞན་ཡང་བསྟན་བཅོས་ལ་གུས་པ་སྐྱེ་བའི་གེགས་བྱེད་པའི་ཕྱིར་རོ། །བཞི་པ་བསྟན་བཅོས་དེའི་བརྗོད་བྱའི་ལུས་གཏན་ལ་དབབ་པ་


JLD014_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལུས་ངོས་བཟུང་བ་དང༌། དེའི་དོན་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི། ཁ་ཅིག་གིས། རྟོག་གེའི་ལུས་བརྒྱད་དུ་བྱེད་པ་ནི་མི་འཐད་དེ། དེ་དག་ཀུན་བསྡོམས་པས་ལུས་སུ་འགྱུར་གྱི་བརྒྱད་པོ་ནི་ལུས་ཀྱི་ཆ་ཤས་ཙམ་ཡིན་ནོ། །དེས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་རིགས་པའི་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པས། རང་ཉིད་ཀྱིས་བསྟན་པ་དང་སྟོན་པ་ཚད་མར་ངེས་པའི་ཐབས་དང༌། ངེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སོ། །དང་པོ་ནི། མངོན་སུམ་དང་རྗེས་སུ་དཔག་པ་སྟེ་རང་ཉིད་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར། དངོས་པོ་ལ་གནས་མི་གནས་ནི་གཏན་ལ་འབེབས་བྱེད་ཀྱི་བློ་ཡང་དག་ཏུ་སོང་མ་སོང་ལ་རག་ལས་པ་ཡིན་པས་ལྐོག་གྱུར་ངེས་པར་བྱེད་པའི་བློ་སྐྱོན་མེད་རྗེས་དཔག་དང་མངོན་གྱུར་ངེས་པར་བྱེད་པའི་ཐབས་མངོན་སུམ་ཚད་མ་ཡིན་པས་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གསུངས་ལ། བློ་གཞན་གྱི་རྗེས་སུ་འབྲངས་ན་སླུ་བར་འགྱུར་བས་ལམ་གྱི་གོལ་ས་གཅོད་པའི་ཡན་ལག་ཏུ་ལྟར་སྣང་གཉིས་དབྱེ་བ་དང་བཅས་པ་གསུངས་སོ། །རྗེས་དཔག་སྐྱོན་མེད་དུ་འགྱུར་བ་དེའི་རྟེན་གཏན་ཚིགས་ཀྱི་ཚུལ་རྣམས་བར་མ་ཆད་པར་མངོན་སུམ་ལ་ཐུག་ཐུག་གི་བར་དུ་བསྒྲུབ་ནུས་པ་ལ་རག་ལས་ལ། དེའང་དབང་པོའི་མངོན་སུམ་དང་རང་རིག་མངོན་སུམ་གཉིས་ཡིན་གྱི་ཡིད་ཀྱི་མངོན་སུམ་ནི་ཚུར་


JLD014_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལ་དངོས་སུ་འཇུག་ལྡོག་སྟོན་པའི་ཚད་མར་མི་རུང་ཞིང་རྣལ་འབྱོར་མངོན་སུམ་ཡང་རྟགས་ཀྱི་ཚུལ་བསྒྲུབ་པའི་ཡན་ལག་ཏུ་མི་མཁོའོ། །རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། ཞེས་བཤད་པ་ལྟར་རང་ཉིད་ཀྱིས་ངེས་ནས་གཞན་རྗེས་སུ་འཛིན་པའི་ཡན་ལག་ཏུ་ཡང་དག་དང་ལྟར་སྣང་ཕྱི་མ་བཞི་གསུངས་སོ། །དེའང་དགག་སྒྲུབ་ཀྱི་ལམ་ནས་དྲངས་ནས་ངེས་པར་བྱེད་པས་སྒྲུབ་ངག་དང་སུན་འབྱིན་གཉིས་གསུངས་པའམ། ཡང་ན་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་གི་དཔལ་གཞོམ་པའི་ཕྱིར་དུ་སུན་འབྱིན་དང༌། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་གཅོད་པའི་ཆེད་དུ་སྒྲུབ་ངག་གསུངས་སོ། །དེ་གཉིས་ཀྱི་གོལ་ས་གཅོད་པའི་ཆེད་དུ་ལྟར་སྣང་གཉིས་གསུངས་སོ། །བསྟན་བཅོས་ལུས་ཡོངས་སུ་རྫོགས་པའང་ལེའུ་གསུམ་དུ་འདུས་པ་ཡིན་ཏེ་རང་གི་ཆེད་དུ་ལེའུ་གཉིས་དང་གཞན་གྱི་ཆེད་དུ་ལེའུ་གཅིག་གོ །ཀུན་ལས་བཏུས་སུ་ལེའུ་དྲུག་བྱུང་ཀྱང་དཔེ་བརྟག་པ་དང་སེལ་བ་བརྟག་པ་རང་དོན་དུ་འདུས་ཤིང་ལྟག་ཆོད་བརྟག་པ་གཞན་དོན་དུ་འདུས་པ་ཡིན་ནོ། །རྣམ་འགྲེལ་དུ་ལེའུ་བཞི་གསུངས་པའི་ཚད་མ་གྲུབ་པའི་ལེའུ་ནི་མངོན་སུམ་ལེའུའི་ནང་དུ་འདུས་ཀྱང་གཏན་ལ་དབབ་བྱའི་གཙོ་བོ་ཡིན་པས་ལེའུ་ཟུར་དུ་མཛད་པ་ཡིན་ནོ། །གཉིས་པ་ལ་གཏན་ལ་དབབ་བྱའི་གཙོ་བོ་ངོས་བཟུང་བ་དང༌། གང་གི་སྒོ་ནས་གཏན་ལ་འབེབས་པའི་ཚུལ་


JLD014_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དང་པོ་ནི། གྲོལ་བ་ཙམ་དོན་གཉེར་ལ་ལྟོས་ཏེ་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་དང་ཐེག་ཆེན་གྱི་རིགས་ཅན་ལ་ལྟོས་ཏེ་ཐམས་ཅད་མཁྱེན་པའི་ལམ་འབྲས་བུ་དང་བཅས་པའོ། །གཉིས་པ་ནི། བསྟན་པ་སྐྱོན་མེད་པར་བསྒྲུབས་པའི་སྒོ་ནས་ཡིན་ཏེ་དེ་ལ་ལུང་གི་བསྟན་པ་ནི། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། ཞེས་བཤད་པས་བླང་བྱ་དང་དོར་བྱ་དང་བཏང་སྙོམས་སུ་གཞག་བྱའི་ཕྱོགས་འབྲེལ་ཆགས་སུ་སྟོན་པ་དང༌། སྐྱེས་བུའི་མངོན་པར་འདོད་པ་མངོན་མཐོ་ངེས་ལེགས་ཀྱི་དོན་རྗོད་པར་བྱེད་པ་དང༌། དོན་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་ལུང་དཔྱད་པ་གསུམ་གྱིས་དག་པར་ངེས་པར་བྱ་བ་ཡིན་ནོ། །རྟོགས་པའི་བསྟན་པ་ནི། ལམ་བསླབ་པ་རིན་པོ་ཆེ་གསུམ་ཡིན་ལ་དེའི་ནང་ནས་ཀྱང་འཁོར་བའི་འཇུག་ལྡོག་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་སྟེ། དེ་བསྐྱེད་པའི་ཚུལ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མ་ཡིན་ཏེ། དེ་ལ་གསར་དུ་བསླུ་བ་མེད་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ཀྱི་ཕྱོགས་ཁྱབ་ངེས་པ་ལས་ཡིན་ནོ། །དེ་ལ་དང་པོར་ཆོས་ཅན་གཏན་ལ་འབེབས་པ་ནི། ཀུན་བཏུས་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། ཞེས་པའི་ཚིག་དོན་ལུགས་འབྱུང་དང་ལུགས་


JLD014_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་གི་བཤད་ཚུལ་གཉིས་བྱུང་བའི། དང་པོ་ནི། བདག་ཅག་གི་སྟོན་པ་ལམ་གང་ནས་ཇི་ལྟར་བྱོན་པའི་ཚུལ་སྟོན་པ་ཡིན་ལ། གཉིས་པ་ནི་དེ་ལྟར་ཡིན་པའི་ཤེས་བྱེད་སྟོན་པ་ཡིན་ནོ། །སྟོན་པར་བགྲོད་པར་བྱེད་པའི་རྒྱུ་ཐབས་ཤེས་གཉིས་སུ་འདུས་ལ། ཐབས་ནི། འགྲོ་ལ་ཕན་བཞེད་པས་སྟོན་ཏེ། མཐའ་དག་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། ཞེས་པས་ནི། ཐེག་ཆེན་དུ་འཇུག་པའི་སྒོ་སེམས་བསྐྱེད་ཡིན་པར་བསྟན་ཞིང་སྙིང་རྗེ་དང་སེམས་བསྐྱེད་སོགས་སྐྱེ་བ་དུ་མར་གོམས་པར་བྱེད་ནུས་སུ་ངེས་པ་ལ། རིག་པ་ཙམ་གྱི་ཡ་མཐའ་དང་མ་མཐའ་འཐུག་མེད་དུ་ངེས་པའི་སྒོ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་ངེས་པ་ལ་རག་ལས་པས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་རྣམས་རྒྱས་པར་གཏན་ལ་ཕབ་ལ། སྤྱིར་གོམས་སུ་རུང་ཡང་མཐའ་མེད་དུ་འཕེལ་དུ་མི་རུང་བའི་ལོག་རྟོག་བཀག་པ་དང༌། ཐར་པ་ཐོབ་ཀྱང་སླར་ལྡོག་པའི་སྒོ་ནས་ཐར་པ་ལ་ཡིད་བརྟན་མི་རུང་བར་འཛིན་པའི་ལོག་རྟོག་འགོག་ཚུལ་རྒྱས་པར་སྟོན་པ་ཡིན་ནོ། །སེམས་བསྐྱེད་ཀྱི་སྒོ་ནས་དམ་བཅས་པའི་དོན་སྒྲུབ་པར་བྱེད་པའི་སྒྲུབ་པ་ནི་ཕར་ཕྱིན་དྲུག་ཏུ་འདུས་ལ་དེ་རྣམས་ཀྱི་གཙོ་བོ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས། དེ་ཉིད་སྟོན་པ་ཞེས་པའི་ཚིག་གིས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་སྟོན་པ་ཡིན་ནོ། །དེ་ལྟ་བུའི་ཐབས་ཤེས་གོམས་པར་བྱས་པ་ལས་དོན་གཉིས་ཕུན་སུམ་ཚོགས་པའི་བདག་ཉིད་དུ་འཁྲུངས་པ་


JLD014_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་གཤེགས་སྐྱོབ་ཅེས་པས་སྟོན་ནོ། །གཉིས་པ་ལུགས་ལས་ལྡོག་པའི་ཚུལ་གྱིས་དེ་ལྟར་ཡིན་པའི་ཤེས་བྱེད་སྟོན་པ་ནི། སྔར་གྱི་རྟགས་དེའི་ཕྱོགས་ཆོས་སྒྲུབ་པ་ལས་ཤེས་པར་འགྱུར་ཏེ་དེའང་གྲོལ་བ་དོན་གཉེར་ལ་མི་སླུ་བར་སོང་བ་ནི་འཁོར་བའི་འཇུག་ལྡོག་གིས་བསྡུས་པའི་འཕགས་པའི་བདེན་པ་བཞི་ཡིན་ཏེ། དེ་ལ་བདེན་བཞིའི་གྲངས་ངེས་པ། གོ་རིམ་ངེས་པ། ངོ་བོ་ངེས་པའོ། །དང་པོ་ལ་དངོས་དང༌། གཞན་སྡེ་རྣམས་ཀྱི་འགལ་འདུའི་གཙོ་བོ་ངོས་བཟུང་བ། འདུས་བྱས་མི་རྟག་པར་བསྒྲུབ་པའི་རིགས་པ་རྒྱས་པར་གཏན་ལ་ཕབ་པའི་དགོས་པའོ། །དང་པོ་ནི། འཁོར་བར་འཇུག་པའི་ཕྱོགས་ལ་ཉེས་དམིགས་ཀྱི་སྒོ་ནས་ཤེས་པར་བྱ་བ་སྡུག་བསྔལ་དང༌། གང་ལོག་པའི་སྟོབས་ཀྱིས་ལྡོག་པར་འགྱུར་བ་ཀུན་འབྱུང་དང་རྒྱུ་འབྲས་གཉིས་སུ་ངེས་ཤིང༌། རྣམ་བྱང་གི་ཕྱོགས་ལའང་གང་མངོན་དུ་བྱ་བ་སྡུག་བསྔལ་འགགས་པའི་འགོག་པ་དང༌། དེ་མངོན་དུ་བྱེད་པའི་ཐབས་ལམ་བདེན་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། ཐར་པ་ཁས་ལེན་པའི་གཞན་སྡེ་རྣམས་ལ་ཀུན་ཉོན་ལ་བརྟེན་པའི་འགལ་འདུའི་གཙོ་བོ་ནི་སྐྱེ་འཆིས་བསྡུས་པའི་སྡུག་བསྔལ་དེ་ལྡོག་ནུས་པར་ཡང་འདོད་ལ་འདིའི་རྒྱུ་མཐར་གཏུགས་པ་བདག་དང་གཙོ་བོ་ལ་སོགས་པའི་རྟག་དངོས་སུ་འདོད་པ་སྟེ་དེ་ལྟར་ན་རྟག་དངོས་ལྡོག་པ་མི་སྲིད་པས་སྡུག་བསྔལ་ལྡོག་པར་འདོད་པ་འགལ་བའི་ཕྱིར་དང༌། རྟག་ལ་ལྡོག་པ་མེད་པའི་


JLD014_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །ཞེས་བཤད་པ་ལྟར་དང་པོར་རྒྱུ་འབྲས་གཉིས་ཀ་མ་དམིགས། དེ་རྗེས་རྒྱུ་དང་འབྲས་བུ་གཉིས་ཀ་རིམ་ཅན་དུ་དམིགས། དེ་རྗེས་རིམ་ཅན་དུ་མ་དམིགས་པའི་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་མི་སྲིད་དེ། རྟག་དངོས་ཡུལ་དུས་འགར་ཡང་ལྡོག་པ་མི་སྲིད་པའི་ཕྱིར་རོ། །རྣམ་བྱང་ལ་བརྟེན་པའི་འགལ་འདུའི་གཙོ་བོ་ནི་སྡུག་བསྔལ་འགགས་པའི་ཐར་པ་ཐོབ་པར་འདོད་པ་དང་བདག་འཛིན་རྣམ་པ་ཀུན་ཏུ་སྤང་བྱ་མིན་པར་འདོད་པ་སྟེ། དེ་ལྟར་ན། གང་ཞིག་བདག་ཐོང་དེ་ལ་ནི། ཞེས་པ་ནས། དེ་སྲིད་དེ་ནི་འཁོར་བར་འགྱུར། ཞེས་བཤད་པ་ལྟར་བདག་འཛིན་ཡོད་ན་སྡུག་བསྔལ་མི་འདོད་ཀྱང་ནན་གྱིས་སྐྱེད་པར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། རིགས་པའི་བསྟན་བཅོས་འདིར་མི་རྟག་པ་བསྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་དེ་ཙམ་དུ་བདག་མེད་བསྒྲུབ་པའི་རིགས་པ་མི་རྒྱས་པ་ནི་འདུས་བྱས་མི་རྟག་པར་ངེས་པ་ཉིད་བདག་མེད་ངེས་པའི་རྒྱུད་ཡོངས་སུ་སྦྱོང་བྱེད་ཀྱི་ཐབས་དམ་པ་ཡིན་པ་དང༌། རྟག་དངོས་བཀག་པ་དེ་ཉིད་ཀྱིས་གཞན་སྡེ་འདོད་པའི་བདག་ཁས་ལེན་པའི་གནས་མེད་དེ། དེ་ཉིད་ལ་རྟག་དངོས་ཀྱིས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། བདེན་པ་བཞི་པོ་རྒྱུ་འབྲས་དོན་གྱི་རིམ་པ་ལྟར་མི་སྟོན་པར་དེ་ལས་ལྡོག་སྟེ་བསྟན་པའི་དགོས་པ་ཅི་ཞིག་ཡིན། བདེན་པ་བཞི་ག་ཤེས་པར་བྱ་བ་ཡིན་བཞིན་དུ་སྡུག་བསྔལ་འབའ་ཞིག་ལ་ཤེས་བྱ་ཞེས་སྟོན་པ་དང༌། ལམ་ཡང་ཐོབ་བྱ་ཡིན་པ་ལ་འགོག་པ་འབའ་ཞིག་ལ་མངོན་དུ་བྱ་བ་ཞེས་སྟོན་པའང་ཇི་ལྟར་ཡིན།


JLD014_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་དུས་གསུམ་པར་སྟོན་པའང་མི་རིགས་ཏེ་སྡུག་བསྔལ་ལ་འབྲལ་འདོད་སྐྱེས་པའི་དུས་ཉིད་ནས་དེ་དང་བྲལ་བ་མངོན་དུ་བྱ་འདོད་སྐྱེ་བའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། དེ་ལ་རྒྱུ་འབྲས་དོན་གྱི་རིམ་པ་དང༌། ངེས་བཀའ་སླའི་སྒོ་ནས་བསྟན་པ་བཤད་པའི་རིམ་པ་སོགས་དུ་མ་ཡོད་ཀྱང༌། འདིར་ནི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པས་བསྟན་ཏེ། སྡུག་བསྔལ་མངོན་པར་རྟོགས་པ་དང་པོར་སྐྱེ་ཞིང་ལམ་མངོན་པར་རྟོགས་པ་མཐར་སྐྱེ་བའི་ཕྱིར། བདེན་པ་བཞི་ག་ཤེས་བྱ་ཡིན་མོད་ཀྱང༌ཐོག་མར་སྡུག་བསྔལ་ཉེས་དམིགས་ཀྱི་སྒོ་ནས་ཤེས་པར་མ་བྱས་ན་ཀུན་འབྱུང་ལ་སྤོང་འདོད་སོགས་མི་སྐྱེ་ཞིང་དེ་ཤེས་པ་ལས་ཀུན་འབྱུང་ལ་སྤོང་འདོད་སོགས་སྐྱེ་དགོས་པའི་ཕྱིར་རོ། །སྡུག་བསྔལ་ཡང་སྤང་བྱ་ཡིན་མོད་ཀྱང་རྒྱུ་ཀུན་འབྱུང་མ་སྤངས་ན་སྤོང་འདོད་ཀྱང་མི་ནུས་པས་ཐོག་མར་རྒྱུ་དགག་དགོས་པའི་ཕྱིར་ཀུན་འབྱུང་ལ་སྤང་བྱ་ཞེས་བསྟན་ནོ། །ལམ་ཡང་ཐོབ་བྱ་ཡིན་མོད་ཀྱང་འགོག་པ་མྱ་ངན་ལས་འདས་པའི་དབྱིངས་སུ་དེའང་འདོར་བས་འགོག་པ་ལ་མངོན་དུ་བྱ་བ་ཞེས་བསྟན་ནོ། །འགོག་པ་མངོན་དུ་བྱ་འདོད་དུས་གཉིས་ཀར་སྐྱེའང་མངོན་དུ་བྱ་ནུས་སུ་ཤེས་པ་དུས་གསུམ་པ་ལས་མི་སྐྱེ་བས་དེར་བསྟན་ཏེ། དེ་ཤེས་པ་ལ་ཀུན་འབྱུང་སྤོང་ནུས་སུ་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །འགོག་པ་མངོན་དུ་བྱེད་པ་དེའང་ལམ་གོམས་པར་བྱས་པ་ལ་


JLD014_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

རག་ལས་པར་མཐོང་དགོས་པས་ལམ་བསྟེན་བྱར་དུས་བཞི་པར་བསྟན་པ་ཡིན་ནོ། །དེའང༌། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅི་ནས་སྐྱེ་མི་འགྱུར། །ཞེས་བཤད་པ་ལྟར་སྡུག་བསྔལ་གྱི་ཉེས་དམིགས་བཤད་པའི་དགོས་པ་ནི་འཁོར་བའི་མཚང་ལེགས་པར་རིག་ནས། འདི་ལས་མི་འབྱུང་བའི་ཐབས་མི་འདུག་སྙམ་ནས་ཡིད་འབྱུང་དང་སྐྱོ་ཤས་དྲག་པོ་སྐྱེད་པར་བྱེད་པ་ཡིན་ལ། འཁོར་བ་ལས་འབྲལ་འདོད་སྐྱེས་པ་ན་ཚེར་མ་འདོན་པའི་ཚུལ་གྱིས་བྲལ་བར་བྱེད་མི་ནུས་ཤིང་རྒྱུ་བཀག་པའི་སྒོ་ནས་འགོག་དགོས་པར་མཐོང་ནས་རྒྱུ་མེད་པ་ལ་ནི། རེས་འགའ་སྐྱེ་བར་དམིགས་པས་གནོད་པར་མཐོང་བས་རྒྱུ་བཅས་སུ་གྲུབ་ལ་རྒྱུ་དེའང་རྟག་མི་རྟག་གཉིས་སུ་ཁ་ཚོན་བཅད་ནས་རྟག་པ་ཡིན་ན་ལྡོག་ཏུ་མི་རུང་སྟེ། གང་ཕྱིར་དེ་ལྟར་རྒྱུ་གནས་ན། འབྲས་ལོག་གཟིགས་པ་མེད་ཕྱིར་རོ། །ཞེས་པ་ལྟར་རོ། །རྒྱུ་མི་རྟག་པ་དེའང་རྩ་བ་གང་ཟག་གི་བདག་ཏུ་འཛིན་པ་དང༌། དེས་ཉོན་མོངས་གཞན་རྣམས་དང༌། དེ་དག་གིས་ལས་བསགས་ནས་འཁོར་བ་གྲུབ་པའི་སྒོ་ནས་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པར་འགྱུར་ཏེ། འདི་ལྟར་གང་ཟག་གི་བདག་འཛིན་ལས་བདག་ལ་ཆགས་པའི་སྲེད་པ་དངོས་སུ་སྐྱེ་ལ། དེ་ལས་བདག་གི་བདེ་བ་ལ་སྲེད་པ་དང༌། དེ་ལས་བདག་གི་བདེ་བའི་སྒྲུབ་བྱེད་དབང་སོགས་བདག་གི་བ་ལ་སྲེད་པ་སྐྱེ་སྟེ། གཞན་རྣམས་ལ་བལྟོས་པ་མེད་པར་


JLD014_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རང་སྟོབས་ཀྱིས་བདེ་བར་བྱེད་མི་ནུས་པར་མཐོང་བའི་ཕྱིར་རོ། །དེ་ལས་བདག་གི་བའི་སྒྲུབ་བྱེད་དབང་སོགས་བདག་གི་བ་བྲན་ལྟ་བུ་དེས་བདེ་བ་བསྒྲུབ་པའི་ཕྱིར་དུ་སྒོ་གསུམ་གྱི་ལས་མངོན་པར་འདུ་བྱེད་ལ། ལས་བཟང་ངན་ལས་བདེ་འགྲོ་དང་ངན་འགྲོའི་ཕུང་པོ་འགྲུབ་པ་སྟེ། གང་ཞིག་བདག་མཐོང་དེ་ལ་ནི། ཞེས་སོགས་ལྟར་རོ། །གང་ཟག་ཕུང་པོ་ལ་བཏགས་པ་ཙམ་དུ་ཁོང་དུ་ཆུད་པ་ལ་ནི། ཉེས་པ་འདིར་ཐལ་བར་མི་འགྱུར་ཏེ། ཐག་ཁྲ་ལ་སྦྲུལ་དུ་བཟུང་བས་འཇིགས་པ་བསྐྱེད་ཀྱང་དེར་བཏགས་པ་ཙམ་དུ་ཁོང་དུ་ཆུད་པ་ལས་ནི་འཇིགས་པ་མི་སྐྱེ་བའི་ཕྱིར་རོ། །བདག་འཛིན་དེ་ཉིད་སྤོང་ནུས་པར་འོག་ནས་འཆད་པའི་རིགས་པས་ཁོང་དུ་ཆུད་པར་འགྱུར་བས་ཀུན་འབྱུང་ཡང་སྤང་བྱ་ཡིན་པར་དུས་གཉིས་པར་བསྟན་ལ། དེ་སྤོང་ནུས་སུ་ངེས་པ་ན་དེའི་འབྲས་བུ་སྡུག་བསྔལ་འགོག་ནུས་སུ་ངེས་ལ། དེ་ངེས་པ་ན་སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱ་ནུས་སུ་ངེས་པས་འགོག་པ་དུས་གསུམ་པར་བསྟན་ལ། དེའང་ལམ་གོམས་པར་བྱས་པ་ལ་བལྟོས་པས་དེ་དུས་བཞི་པར་བསྟན་ནོ། །གསུམ་པ་ལ་སྡུག་བསྔལ་བདེན་པའི་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་དང༌། རྣམ་པ་ལྷག་མ་རྣམས་བདག་མེད་པའི་རྣམ་པ་སྦྱོང་བྱེད་ཀྱི་ཡན་ལག་ཏུ་བསྟན་པ་དང༌། བདེན་པ་གཉིས་ཀྱི་རྣམ་གཞག་གཏན་ལ་དབབ་པའོ། །དང་པོ་ལ་སྡུག་བསྔལ་གྱི་རྣམ་པ་བཞི་ག་མ་རྟོགས་


JLD014_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་རྫོགས་པར་མི་འགྱུར་བའི་ཚུལ་དང༌། ངེས་བྱེད་ཀྱི་ཚད་མ་དངོས་སོ། །དང་པོ་ནི། སྡུག་བསྔལ་དུ་རྟོགས་པའི་ལག་རྗེས་ལ་འཁོར་བ་ལ་འབྲལ་འདོད་སྐྱེས་ཀྱང་མི་རྟག་པ་མ་རྟོགས་ན་ཕུང་པོ་དང་མི་འབྲལ་བའི་སྲེད་པ་འགོག་མི་ནུས་ཤིང༌། དེ་རྟོགས་པ་ལས་འབྲལ་ངེས་སུ་རྟོགས་ནས་མི་འབྲལ་བའི་སྲེད་པ་འགོག་པའི་ཕྱིར་རོ། །བདག་མེད་མ་རྟོགས་ན་དབང་སོགས་བདག་གི་བ་ལ་དོན་གཉེར་གྱི་སྲེད་པ་ངང་གིས་འདྲེན་པས་མི་རྟག་པ་དང་སྡུག་བསྔལ་དུ་རྟོགས་པས་ཕུང་པོ་ཙམ་ལ་འབྲལ་འདོད་ཀྱི་བློ་སྐྱེས་པ་ལྟར་སྣང་ཡང༌། བདག་འཛིན་དེས་བདག་གི་བདེ་བ་སྒྲུབ་བྱེད་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ལ་དོན་གཉེར་གྱི་བློ་ངེས་པར་འདྲེན་པ་ཡིན་ནོ། །དེས་ན་ཕུང་པོ་མི་རྟག་པར་རྟོགས་པའི་ལག་རྗེས་ལ་དེ་དང་འབྲལ་ངེས་དང༌། སྡུག་བསྔལ་དུ་རྟོགས་པས་འབྲལ་འདོད་སྐྱེས་ཀྱང་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་ཚང་བ་ལ་བདག་མེད་རྟོགས་དགོས་སོ། །གཉིས་པ་ལ་གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་འགོད་པ་དང༌། ཚུལ་སྒྲུབ་པ་དང༌། སློབ་དཔོན་གྱིས་ཚད་མ་གྲུབ་པར་གྲོལ་ལམ་གྱི་མི་མཐུན་པའི་ཕྱོགས་ཇི་ལྟར་བསྟན་པའོ། །དང་པོ་ནི། རང་གི་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུའང་མེད་ན་རང་བཞིན་མེད་པས་ཁྱབ་སྟེ། དཔེར་ན་རི་བོང་གི་རྭ་བཞིན། ཚོགས་རྒྱུན་གང་ལའང་བཏགས་པ་ཙམ་མ་ཡིན་པའི་གང་ཟག་རང་རྐྱ་བ་དེའང་ཕུང་


JLD014_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུའང་མ་གྲུབ་བོ་ཞེས་བྱ་བ་ནི་ཁྱབ་བྱེད་མ་དམིགས་པའི་རྟགས་སམ་རང་བཞིན་མ་དམིགས་པའི་རྟགས་སོ། །རང་བཞིན་གཅིག་དང་ཐ་དད་ཀྱིས་སྟོང་པ་དེ་རང་བཞིན་མེད་པའི་དོན་ལྡོག་ཡིན་པས་ཐ་སྙད་སྒྲུབ་པ་འབའ་ཞིག་ཡིན་གྱིས་དོན་སྒྲུབ་མ་ཡིན་ཏེ། རང་བཞིན་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་རང་བཞིན་གྱིས་གྲུབ་པ་ཕུང་པོ་གསུམ་པའི་དོན་གྱི་སྒྲོ་འདོགས་སྐྱེ་ས་མེད་པའི་ཕྱིར་རོ། །གཉིས་པ་ལ་ཁྱབ་པ་སྒྲུབ་པ་དང༌། ཕྱོགས་ཆོས་སྒྲུབ་པའོ། །དང་པོ་ནི། རང་བཞིན་གཅིག་དང་ཐ་དད་ཕན་ཚུན་སྤང་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མས་དགག་བྱའི་ཆོས་ལ་རྟགས་ལོག་གི་ཁྱབ་པ་ངེས་ཤིང༌། ཕྱོགས་ཆོས་ངེས་པའི་ཚད་མ་དང་གཉིས་སྡོམས་པའི་བྱེད་པས་རྟགས་མི་མཐུན་ཕྱོགས་ལས་ལྡོག་པ་དང་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་རྗེས་ཁྱབ་ངེས་པར་བྱེད་པ་ཡིན་ནོ། །གཉིས་པ་ལ། ཕུང་པོ་དང་གང་ཟག་རང་རྐྱ་བ་རང་བཞིན་ཐ་དད་དུ་མེད་པ་དབང་རྣོན་གྱིས་མངོན་སུམ་གྱིས་འགྲུབ་ཅིང༌། དབང་བརྟུལ་གྱིས་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ངེས་སོ། །རང་བཞིན་གཅིག་ཏུ་མ་གྲུབ་པར་སྒྲུབ་པ་ལ་རྟགས་འགོད་པ་ནི། རང་རྒྱུད་ཀྱི་ཕུང་པོ་འདི་གང་ཟག་རང་རྐྱ་བ་དང་རང་བཞིན་གཅིག་ཏུ་མེད་དེ། མི་རྟག་ཅིང་གཞན་དབང་ཅན་ཡིན་པའི་ཕྱིར། ལྡོག་ཁྱབ་ཡོད་དེ། གང་ཟག་རང་རྐྱ་བ་ཡིན་ན་རྟག་


JLD014_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རང་དབང་ཅན་ཡིན་དགོས་པའི་ཕྱིར་རོ། །རྟགས་སྒྲུབ་པ་ནི། དེ་ཆོས་ཅན། གཞན་དབང་ཅན་ཡིན་ཏེ་ལས་ཉོན་གྱིས་འདུས་བྱས་པའི་ཕྱིར། དེའི་རྟགས་ནི་སྔར་བཤད་པའི་གང་ཞིག་བདག་མཐོང་དེ་ལ་ནི། ཞེས་པའི་རིགས་པ་ལ་བརྟེན་ནས་ངེས་པ་ཡིན་ནོ། ཁྱབ་སྟེ་རྟགས་སུ་བཀོད་པའི་དོན་དེ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དོན་ལྡོག་ཡིན་པས་སོ། །རྟགས་སྔ་མ་སྒྲུབ་པ་ལ་རྟགས་འགོད་པ་ནི། རང་རྒྱུད་ཀྱི་ཕུང་པོ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དེའི་ཕྱོགས་ཆོས་ནི་དབང་པོ་བརྟུལ་པོ་ལ་ཐ་སྙད་འབའ་ཞིག་སྒྲུབ་དང་དབང་རྣོན་ལ་རྒྱུ་འབྲས་ངེས་བྱེད་ཀྱི་མངོན་སུམ་ཚད་མས་གྲུབ་ཅིང༌། དེའང་ཚེ་འདིའི་ཕུང་པོ་སྔ་ཕྱི་འཕེལ་འགྲིབ་བྱེད་པར་འཇལ་བའི་མངོན་སུམ་གྱིས་གྲུབ་པ་ཡིན་གྱི་སྐྱེ་བ་སྔ་མའི་ལས་ཉོན་སོགས་ལས་སྐྱེ་བར་རྟགས་ཀྱིས་བསྒྲུབ་དགོས་སོ། །ཁྱབ་པ་སྒྲུབ་པ་ནི་རྗེས་ཁྱབ་སྒྲུབ་བྱེད་བལྟོས་མེད་ཀྱི་རྟགས་དང༌། ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་སོ། །དང་པོ་ལ་རྟགས་འགོད་པ་ནི་གང་ཞིག་གང་གི་ངོ་བོར་འགྱུར་བ་ཕྱིས་འབྱུང་ལ་སོགས་པའི་རྒྱུ་གཞན་ལ་ལྟོས་པ་མེད་པར་དེའི་ངོ་བོར་གྲུབ་པ་ལ་དེའི་ངོ་བོར་ངེས་པས་ཁྱབ་སྟེ། དཔེར་ན་ནས་ཀྱི་མྱུ་གུའི་རྒྱུ་ཚོགས་ཐ་མ་ནས་ཀྱི་མྱུ་གུ་བསྐྱེད་པ་བཞིན་བྱས་པའང་འཇིག་པའི་ངོ་བོར་འགྱུར་བ་ཕྱིས་འབྱུང་ལ་སོགས་པའི་རྒྱུ་གཞན་ལ་བལྟོས་པ་མེད་པར་འཇིག་པའི་ངོ་བོར་གྲུབ་པ་ཡིན་ནོ་ཞེས་བྱའོ། །དེའི་ཁྱབ་པ་མངོན་སུམ་གྱིས་གྲུབ་ཅིང་ཕྱོགས་ཆོས་ནི་ཕྱིས་འབྱུང་གི་རྒྱུས་འཇིགས་པ་བྱས་པའི་ངོ་བོར་


JLD014_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་བསྐྱེད་ན་རང་རྒྱུ་ལས་འཇིག་པའི་ངོ་བོར་གྲུབ་ཟིན་ལ། དོན་གཞན་བྱེད་ན་བྱས་པ་འཇིག་པར་མ་སྐྱེས་པར་འགྱུར་ཏེ། བྱས་པ་ལས་དོན་གཞན་པའི་འཇིག་པ་ཁོ་ན་ལ་ཕན་བཏགས་པའི་ཕྱིར་ཞེས་སོགས་ཀྱི་གནོད་པ་བསྟན་པ་ལས་ངེས་སོ། །གནོད་པ་ཅན་གྱི་རྟགས་ནི་རྟག་པ་ཆོས་ཅན། བྱས་པས་སྟོང་སྟེ། རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ནོ་ཞེས་པའི་ཁྱབ་པ་ནི་དོན་བྱེད་ཚུལ་ཕུང་གསུམ་བཀག་པས་འགྲུབ་ཅིང༌། ཕྱོགས་ཆོས་ནི་རྟག་པས་འབྲས་བུ་ཐམས་ཅད་ཅིག་ཅར་བྱེད་པ་ལ་འབྲས་བུ་རྣམས་རིམ་གྱིས་སྐྱེ་བར་མངོན་སུམ་ཚད་མས་མཐོང་བས་གནོད་ལ། རིམ་གྱིས་དོན་བྱེད་ན་འབྲས་བུ་རིམ་པས་བྱེད་པའི་རང་བཞིན་སྔ་ཕྱི་དུ་མ་ཁས་ལེན་དགོས་པས་མི་རྟག་པར་འགྱུར་གྱི་རྟག་པ་ཉམས་སོ། །འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ་ཞེས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ་འབྲེལ་བ་གྲུབ་དགོས་པར་བཤད་པའི་དོན་ནི་འདི་ལྟར་ཡིན་ཏེ། བྱས་པ་མི་རྟག་པ་ལས་ཐ་དད། མི་རྟག་པ་ལོག་ན་བྱས་པ་ལོག་པ་ནི་བྱས་པ་མི་རྟག་པ་ལ་འབྲེལ་བའི་དོན་ཡིན་ལ། དོན་ལྡོག་གི་ཟུར་ཕྱི་མ་གནོད་པ་ཅན་གྱི་རྟགས་ཀྱིས་བསྒྲུབ་པ་ཡིན་ཏེ། ལོག་ན་ལྡོག་ཅེས་བརྗོད་ཀྱང༌། མི་རྟག་པ་ལྡོག་པའི་གཞི་ལ་བྱས་པ་ལྡོག་པར་གྲུབ་པའི་དོན་ཏེ། དེ་ངེས་པའི་ཚད་མ་དང་རྟགས་ངེས་པའི་ཚད་མ་གཉིས་


JLD014_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟོས་ནས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པར་བྱེད་པ་ཡིན་ནོ། །འདི་ལྟར་བསམ་པར་བྱ་སྟེ། རྟག་པ་ལ་བྱས་སྟོང་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་མི་སྲིད་པར་ངེས་སམ་མ་ངེས། མ་ངེས་ན་ཕྱིར་རྒོལ་དེ་རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་ལ་བྱས་པ་འཇུག་པར་དོགས་སམ་མི་དོགས། དང་པོ་ལྟར་ན་མི་མཐུན་ཕྱོགས་ལ་མེད་ངེས་སུ་མི་འགྲུབ་པར་འགྱུར་ལ། ཕྱི་མ་ལྟར་ན་དོགས་པ་གཅོད་བྱེད་ཀྱི་ཚད་མ་གཞན་བསྟན་དགོས་ན་རྙེད་པ་མ་ཡིན་ཞིང་རྙེད་ན་ཚད་མ་གཞན་ཐུག་མེད་དུ་བསྟན་དགོས་པར་འགྱུར་རོ། །སྔར་གྱི་དེ་ངེས་ན་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་ངེས་པར་འགྱུར་ཞིང༌། དེ་ལྟར་ན་སྒྲའི་བྱས་པ་ལའང་མི་རྟག་པས་ཁྱབ་པ་ངེས་པས་ཁྱབ་པ་ངེས་པ་ན་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། ཞེ་ན་སྐྱོན་མེད་དེ། གནོད་པ་ཅན་གྱི་ཚད་མ་དེས་བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་འཇུག་མི་སྲིད་པར་མ་ངེས་ཀྱང་འཇུག་པར་འཛིན་པའི་སྒྲོ་འདོགས་གཅོད་ནུས་ཤིང༌། རྟག་པའི་ཁྱད་པར་ལ་བློ་ཁ་ཕྱོགས་པའི་ཚེ་བྱས་པས་སྟོང་པའི་ངེས་པ་འདྲེན་པར་བྱེད་པ་ཡིན་ནོ། །འོ་ན་རྗེས་ཁྱབ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བ་མཐའ་དག་ལ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་ནུས་པར་འགྱུར་རོ་ཞེ་ན། མཚུངས་པ་མ་ཡིན་ཏེ། སྤྱི་ངེས་ཀྱང་སྤྱིས་ཁྱད་པར་དུ་བྱས་པའི་བྱེ་བྲག་མཐའ་དག་ངེས་པས་མ་ཁྱབ་ལ་སྤྱི་ཁེགས་ན་དེས་ཁྱད་པར་


JLD014_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པའི་བྱེ་བྲག་མཐའ་དག་ཁེགས་པའི་ཕྱིར་རོ། །ཡང་གནོད་པ་ཅན་གྱི་ཚད་མ་དེས་རྟག་པ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་ངེས་སམ་མ་ངེས། དང་པོ་ལྟར་ན། རྗེས་ཁྱབ་ངེས་པའི་ཚད་མ་དེས་ཀྱང་བྱས་པ་ལ་མི་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་ཁྱབ་པ་ངེས་པར་འགྱུར་ཞིང༌། དེ་ལྟར་ན་ཁྱབ་པ་ངེས་ན་བསྒྲུབ་བྱ་གྲུབ་པ་སོགས་ཀྱི་སྐྱོན་དུ་འགྱུར་ལ། ཕྱི་མ་ལྟར་ན། བྱས་པའི་གསལ་བའི་དབྱེ་བ་འགའ་ཞིག་རྟག་པ་ལ་འཇུག་པར་དོགས་པ་སོགས་ཀྱི་སྐྱོན་དུ་འགྱུར་ཞིང༌། དེ་ལྟར་ན་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་སུ་མི་འགྲུབ་པ་སོགས་ཀྱི་སྐྱོན་དུ་འགྱུར་རོ་ཞེ་ན། དེའང་མཚུངས་པ་མ་ཡིན་ཏེ། སྤྱི་བྱས་པ་ཙམ་གྱིས་སྟོང་པའི་ཁྱབ་པ་ངེས་ན་དེས་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པའི་ཁྱབ་པ་ངེས་ལ་མི་རྟག་པ་ཙམ་གྱི་ཁྱབ་པ་ངེས་ཀྱང་དེས་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་ཁྱབ་པ་ངེས་མི་དགོས་པའི་ཕྱིར་རོ། །དེས་ན། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་ཕུང་པོ་བདག་མེད་དུ་ངེས་པ་ལ་དེའི་སྔ་རོལ་ཏུ་མི་རྟག་པ་དང་སྡུག་བསྔལ་གཉིས་ངེས་དགོས་པར་གསུངས་པ་ནི་སྔར་བཤད་པ་ལྟར་བདག་མེད་ངེས་པའི་ཕྱོགས་ཆོས་སྒྲུབ་པའི་ཡན་ལག་ཏུ་འགྱུར་བ་ལ་དགོངས་པ་ཡིན་ཞིང་རྣམ་པ་ལྷག་མ་རྣམས་བདག་མེད་པའི་རྣམ་པ་སྦྱོང་


JLD014_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་བཤད་པའི་དོན་ཡང་དེ་ཉིད་ཡིན་ཏེ་འཆད་པར་འགྱུར་རོ། །སྔར་བདག་མེད་སྒྲུབ་པའི་རྟགས་སུ་བཀོད་པའི་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་ཀྱིས་སྟོང་པ་ནི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་བསྟན་པའི་སྟོང་པ་བདག་མེད་དང་དོན་གཅིག་ལ། ངོ་བོ་དང་དོན་གཞན་གྱི་བདག་ཏུ་སྒྲོ་འདོགས་པའི་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་བཀག་པ་ཡིན་ཞིང༌། བསྒྲུབ་བྱར་བཟུང་བ་ནི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་པའི་བདག་མེད་དོ། །གང་ཟག་རང་རྐྱ་བ་ཆོས་ཅན་དུ་འཛིན་པ་མི་རིགས་ཏེ། གཞི་ཆོས་ཅན་བཀག་ན་དེ་དང་རྟགས་ཆོས་ཚོགས་པའང་ཁེགས་པས་དམ་བཅའ་ལ་ཚད་མས་བསལ་བ་དང་རྟགས་ཕྱོགས་ཆོས་མི་འགྲུབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྟགས་ཆོས་གཉིས་དང་ཁྱད་གཞི་ཁྱད་ཆོས་ཀྱི་སྒོ་ནས་རང་གི་རྟེན་དུ་གྱུར་པའི་ཆོས་ཅན་བཀག་ན་སྐྱོན་དེར་གྱུར་པ་ཡིན་གྱིས། ཆོས་ཅན་འབའ་ཞིག་པ་བཀག་པས་མི་འགྱུར། ཆོས་ཅན་འབའ་ཞིག་པ་བཀག་པ་ནི་དགག་བྱའི་ཆོས་དང་ཚོགས་པ་འགོག་པའི་ཐབས་སུ་འགྱུར་བ་ཡིན་གྱིས་གནོད་པའི་ཡན་ལག་ཏུ་མི་འགྱུར་རོ། །དོན་དེ་ལ་དགོངས་ནས་སློབ་དཔོན་གྱིས། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་རང་གི་རྟེན་ཞེས་སྨོས་ཀྱི་རྟེན་ཙམ་ལའོ་ཞེས་མ་སྨོས་སོ། །འོ་ན་རྟགས་ངེས་པའི་གཞི་ཆོས་ཅན་མི་སྲིད་པས་ཕྱོགས་ཆོས་མ་གྲུབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཕྱིར་རྒོལ་གྱིས་གང་ཟག་རང་རྐྱ་བ་དང་དེར་སྣང་བ་གཉིས་གཅིག་ཏུ་འཁྲུལ་


JLD014_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤེས་འདོད་ཞུགས་ཤིང་དེར་སྣང་བའི་སྒྲ་དོན་གྱི་སྟེང་དུ་རྟགས་ཚད་མས་གྲུབ་ལ། གང་ཟག་རང་རྐྱ་བ་ཆོས་ཅན་དུ་མ་བཟུང་ན་གང་ཟག་གི་བདག་རང་ལྡོག་ནས་མི་ཁེགས་ཤིང་ཕྱིར་རྒོལ་དེར་སྣང་གི་སྒྲ་དོན་དང་གཅིག་ཏུ་ཞེན་ནས་འཇུག་པས་སྒྲ་དོན་ཆོས་ཅན་དུ་མི་རུང་བའི་སྐྱོན་ཡང་མེད་དོ། །དེས་ན་རྟགས་ཡང་དག་ཡིན་ན་ཤེས་འདོད་ཆོས་ཅན་གཞི་གྲུབ་པས་ཁྱབ་ཀྱང་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན་གཞི་གྲུབ་པས་མ་ཁྱབ་བོ། །བྱས་པ་ལ་སོགས་པའི་གཏན་ཚིག་ལ་ནི་མི་མཚུངས་ཏེ་སྒྲ་དོན་ཆོས་ཅན་དུ་བྱས་ན་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། འདི་དག་གི་དོན་རྒྱས་པར་ཤེས་འདོད་ན་དབུ་མ་སྣང་བ་ལས་ཤེས་པར་བྱའོ། །གསུམ་པ་ནི། སློབ་དཔོན་གྱིས་གཞན་སྡེས་ཁས་བླངས་པའི་དབང་སོགས་བདག་གི་སྡུག་བསྔལ་གྱི་རྒྱུ་རུ་བསྒོམ་པ་དང༌། རང་བཞིན་དང༌། སྐྱེས་བུ་དང༌། ཆགས་བྱ་རྣམས་ཐ་དད་དུ་ཤེས་པར་བྱེད་པ་དང༌། བཀའ་ལུང་ཙམ་གྲོལ་བྱེད་དུ་འདོད་པ་དང༌། དཀའ་ཐུབ་ཀྱིས་ལས་ཟད་པར་བྱེད་པ་གྲོལ་ལམ་དུ་འདོད་པའི་ཕྱོགས་བཞི་བཀག་ནས། བདག་མེད་རྟོགས་པའི་ཤེས་རབ་ཉིད་སྲིད་པ་ལས་གྲོལ་བའི་ལམ་གྱི་གཙོ་བོ་དང་རྣམ་པ་ལྷག་མ་རྣམས་དེའི་ཡན་ལག་ཏུ་གསུངས་པས། བསྟན་བཅོས་གང་དུ་སྲིད་པ་ལས་གྲོལ་བའི་ལམ་གྱི་གཙོ་བོ་བསྟན་མ་བསྟན་ནི་བདག་མེད་གཏན་ལ་ཕབ་མ་ཕབ་ཀྱི་སྒོ་ནས་ཤེས་པར་བྱའོ། །ཚད་མ་གྲུབ་པའི་ལེའུར་གང་ཟག་གི་


JLD014_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ཙམ་ལས་མ་བསྟན་པ་ནི། སྲིད་པ་ལས་གྲོལ་བ་ཙམ་དོན་དུ་གཉེར་བའི་ཉན་རང་དང་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ཞིང༌། དེར་ཤེས་སྒྲིབ་ཀྱང་མི་རྟག་སོགས་བཅུ་དྲུག་ལ་བློ་མི་གསལ་བའི་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ལ་བཤད་དོ། །ཐེག་པ་ཆེན་པོར་བགྲོད་པའི་ལམ་གྱི་དམིགས་པའི་གཙོ་བོར་ཆོས་ཀྱི་བདག་མེད་དང༌། དེའི་དགག་བྱ་རྣམས་ནི་མངོན་སུམ་གྱི་ལེའུར་གཏན་ལ་ཕབ་པ་ཡིན་ནོ། །གཉིས་པ་ལ་དངོས་དང༌། ཀུན་མཁྱེན་འབྱུང་རུང་དུ་དཔོག་པའི་གཏན་ཚིགས་བཤད་པའོ། །དང་པོ་ནི། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་པས་རྣམ་པ་ལྷག་མ་རྣམས་ནི་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཐབས་ཀྱི་རྒྱུར་ཡོངས་སུ་སྦྱོང་བྱེད་ཀྱི་ཡན་ལག་ཡིན་ཏེ། ཀུན་འབྱུང་སོགས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་བསལ་ནས་བདག་མེད་གོམས་པར་བྱེད་པའི་ཕྱིར་རོ། །བདེན་བཞིའི་རྣམ་གཞག་རྒྱས་པར་ཕྱེ་ན་རེ་རེ་ལའང་བཞི་བཞི་བཅུ་དྲུག་ཏུ་ཡོད་དེ་དཔེར་མཚོན་ན་ཀུན་འབྱུང་གི་རྣམ་པ་བཞིའི་ལོག་ཕྱོགས་རྒྱུ་མེད་དུ་འཛིན་པ་སོགས་དེའི་ཐ་སྙད་ཀྱི་ཀུན་འབྱུང་དང༌། དེ་དག་གི་འབྲས་བུ་སྡུག་བསྔལ་དང་ཀུན་འབྱུང་གི་རྣམ་པ་བཞི་རྟོགས་པའི་ཡེ་ཤེས་ལམ་དང༌དེ་གོམས་པས་སྒྲོ་འདོགས་བཞིའི་ས་བོན་དང་བྲལ་བ་འགོག་པས་ཏེ། དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །སྒྲོ་འདོགས་བཅུ་དྲུག་ནི་སྡུག་བསྔལ་ལ་གཙང་བདེ་རྟག་བདག་ཏུ་འཛིན་པའི་སྒྲོ་འདོགས་བཞི་དང༌། ཀུན་འབྱུང་


JLD014_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང་མི་མཐུན་པ་རྒྱུར་འཛིན་པ་ལའང་རྒྱུ་གཅིག་པུ་ཁོ་ནར་འཛིན་པ་དང༌། སྒྲའི་ཚངས་པ་འགྱུར་བས་བྱས་པར་འཛིན་པ་དང༌། དབང་ཕྱུག་སོགས་ཀྱི་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་བཞི་དང༌། འགོག་པ་ལ་ལོག་ཞུགས་ཐར་པ་གཏན་མེད་དུ་འཛིན་པ་དང༌། ཉོན་མོངས་མ་ཞི་བའི་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང༌། སྡུག་བསྔལ་འགགས་པ་ལས་ལྷག་པའི་ཐར་པ་ཡོད་པར་འཛིན་པ་དང༌། རེ་ཞིག་ཐར་ཡང་གཏན་དུ་ཐར་པ་མི་སྲིད་པར་འཛིན་པ་བཞི་དང༌། ལམ་ལའང་ཐར་ལམ་གཏན་མེད་དུ་འཛིན་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང༌། དེ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་པར་འཛིན་པ་དང༌། དེས་སྡུག་བསྔལ་གཏན་ཟད་པར་བྱེད་མི་ནུས་པར་འཛིན་པ་བཞིའོ། །སྒྲོ་འདོགས་བཅུ་དྲུག་པོ་དེ་དག་ཕལ་ཆེར་ཀུན་བརྟགས་ཀྱིས་བསྡུས་པ་ཡིན་ནོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་བྱས་ན་གོམས་བྱའི་དོན་ལ་གསལ་བ་མཐར་ཐུག་པར་འགྱུར་ཏེ། རྟེན་བརྟན་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་བལྟོས་པའི་སེམས་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན་འདོད་ཆགས་བཞིན་ཞེས་པ་ནི་རང་བཞིན་གྱི་རྟགས་སོ། །དེའི་ཆོས་ཅན་ནི་སྔར་བསྒྲུབས་ཟིན་ལ། རྟེན་བརྟན་པར་གང་གིས་འགྲུབ་ན། རྟེན་ནི་སེམས་གསལ་


JLD014_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཙམ་ཡིན་ལ། དེའི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་བསྒྲུབ་པའི་རིགས་པས་ཡིན་ཏེ། འདི་ལྟར་སྐྱེས་མ་ཐག་གི་རིག་པ་ལྟ་བུ་དེ་ལ་རྒྱུ་མེད་ན་རེས་འགའ་སྐྱེ་བར་འགལ་བས་གནོད་ལ། རྒྱུ་ཡོད་ན་རྟག་པའམ་མི་རྟག་པ་ཡིན། དང་པོ་ལྟར་ན་རྟག་དངོས་ཡིན་ན་ཡུལ་དང་དུས་དང་རང་བཞིན་གང་ལའང་མ་ཁྱབ་པ་མི་སྲིད་པས་འབྲས་བུ་དང་རྗེས་སུ་འགྲོ་ལྡོག་ངེས་པ་མི་སྲིད་དོ། །ཕྱི་མ་ལྟར་ན་བེམ་རིག་གཉིས་སུ་ཁ་ཚོན་ཆོད་ལ། བེམ་པོས་ཉེར་ལེན་བྱེད་ན་དབང་པོ་དང་བཅས་པས་སམ་ཕྱི་རོལ་གྱི་བེམ་པོས་ཡིན། དང་པོ་ལྟར་ན་དབང་པོ་ཀུན་ཚོགས་པ་རྒྱུར་དགོས་སམ་གང་རུང་རེ་རེས་ཆོག །དང་པོ་ལྟར་ན་མིག་དབང་མ་ཚང་ནའང་ཡིད་བློ་མི་སྐྱེ་བར་འགྱུར་ལ། ཕྱི་མ་ལྟར་ན་མིག་ཤེས་བཞིན་དུ་རྟོག་པས་ཀྱང་གཟུགས་གསལ་བར་འཛིན་པར་འགྱུར་ལ། ཕྱི་རོལ་གྱི་བེམ་པོས་ཉེར་ལེན་བྱེད་ན། ཡན་ལག་ཅན་གྱི་རྫས་ཀྱིས་སམ། རྡུལ་ཕྲན་གྱིས་བྱེད། དང་པོ་མི་རིགས་ཏེ་ཡན་ལག་ཅན་གྱི་རྫས་དེ་ཕྱི་རོལ་རགས་པའང་ཡིན་ལ་རང་གི་བདག་ཉིད་དུ་གྱུར་པའི་ཆ་ཤས་རྫས་ཐ་དད་དུ་མ་མེད་པ་དང་ཡན་ལག་རྣམས་ལས་རྫས་ཐ་དད་དུ་ཁས་བླངས་པས། གདོང་གོས་ཀྱིས་བསྒྲིབས་ན། ལུས་ཐམས་ཅད་དང་ཡན་ལག་གཞན་རྣམས་ཀྱང་གོས་ཀྱིས་བསྒྲིབས་པ་དང༌། གཞན་མ་བསྒྲིབས་ན་སྒྲིབས་མ་སྒྲིབས་ཆ་གཉིས་ཡོད་པར་འགྱུར་བ་དང༌། སྒྲིབས་མ་སྒྲིབས་ཀྱི་ཆ་གཉིས་ཡན་ལག་རྣམས་ལ་ཡོད་ཀྱི་ཡན་ལག་ཅན་ལ་མེད་པར་འདོད་ན། གདོང་གོས་ཀྱིས་བསྒྲིབས་པའི་ཚེ་ཡན་ལག་ཅན་གྱི་གདོང་མ་བསྒྲིབས་པར་གསལ་


JLD014_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་བར་ཐལ་བ་སོགས་ཀྱིས་གནོད་དོ། །རྡུལ་ཕྲན་གྱིས་ཉེར་ལེན་བྱེད་ན་རེ་རེ་བས་ཀྱང༌། བལྟོས་མེད་དུ་བསྐྱེད་ན་ཡིད་རྟོག་དུ་མ་ཅིག་ཅར་དུ་སྐྱེ་བར་འགྱུར་ལ། ཀུན་འཚོག་དགོས་ན་རྡུལ་ཕྲན་གཅིག་མ་ཚང་ནའང་མི་སྐྱེ་བར་འགྱུར་རོ། །མཐའ་གཞན་འགོག་པའི་རིགས་པ་དེ་དག་ལ་བརྟེན་ནས་ཤེས་པས་ཉེར་ལེན་བྱེད་པར་གྲུབ་ལ། དེ་ལའང་རང་རྒྱུད་ཀྱིས་བསྡུས་པ་དང་གཞན་རྒྱུད་ཀྱིས་བསྡུས་པ་གཉིས་ལས་གཞན་རྒྱུད་ཕ་མ་ལྟ་བུའི་ཤེས་པས་དངོས་ཀྱི་ཉེར་ལེན་བྱེད་ན། ཕ་བཟོ་མཁས་པ་དང་བླུན་པ་ལས་བུའང་དེ་ལྟར་འགྱུར་བ་སོགས་ཀྱི་སྐྱོན་དུ་འགྱུར་བས་རང་རྒྱུད་ཀྱི་རིག་པ་སྔ་མ་ཁོ་ནས་ཉེ་ལེན་བྱེད་པར་གྲུབ་ལ། དེ་ལྟར་ན་རིག་པའི་ཡ་མཐའ་དང་མ་མཐའ་ཐུག་པ་མེད་པས་སྐྱེ་བ་སྔ་ཕྱི་ཡོད་པར་ལེགས་པར་གྲུབ་པ་ཡིན་ནོ། །ཆུའི་དྲོད་བཞིན་དུ་རྟེན་མི་བརྟན་པ་མ་ཡིན་ཡང༌། མཆོངས་པ་བཞིན་དུ་མཐའ་མེད་དུ་འཕེལ་དུ་མི་རུང་ངོ་སྙམ་ན། སྐྱོན་མེད་དེ། མཆོངས་པ་རང་གི་རིགས་འདྲ་སྔ་མ་ལས་སྐྱེ་བའི་ནུས་པ་མེད་པར་རྩོལ་བ་སོ་སོས་ཕན་བཏགས་པ་ལ་བལྟོས་ལ། བརྩེ་བ་དང་ཤེས་རབ་ལ་སོགས་པ་རང་གི་རིགས་འདྲ་སྔ་མ་ལས་སྐྱེ་ཞིང་གོམས་ཟིན་ཡང་རྩོལ་བ་བསྐྱར་མ་ལ་མི་བལྟོས་པའི་རྟགས་རང་རིག་མངོན་སུམ་གྱིས་འགྲུབ་པ་ཡིན་ནོ། །ཡང་ན་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཆོས་ཅན། མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། བརྗོད་པ་རྣམ་དག་ཡིན་པའི་ཕྱིར་ཞེས་


JLD014_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་ལས་གྲུབ་སྟེ་གང་ཟག་བརྗོད་པ་རྣམ་དག་ཡོད་པ་དེ་ཉིད་ཀྱི་རྒྱུད་ལ་མཁྱེན་པ་རྣམ་དག་སྔོན་དུ་སོང་ཞེས་བསྒྲུབ་པ་མ་ཡིན་གྱི་སྤྱིར་སྔོན་སོང་བསྒྲུབ་པ་ཡིན་ནོ། །ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་རང་ལྡོག་ནས་བསྒྲུབ་པའི་ཚུལ་ཕྱོགས་ཙམ་བཤད་པར་བྱ་སྟེ། གང་རང་གི་རྒྱུད་ལ་གནོད་བྱེད་སྟོབས་ལྡན་ཡོད་པ་དེ་ལ་རང་ཉིད་གཉེན་པོའི་སྟོབས་ཀྱིས་རྒྱུན་ཟད་པ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བས་གྲང་འབྲས་སྤུ་ལོང་བྱེད་ཟད་པ་མཐོང་བ་བཞིན། སྡུག་བསྔལ་གྱི་ཕུང་པོ་འདིའི་རྒྱུན་ལའང་གནོད་བྱེད་སྟོབས་ལྡན་དམིགས་སོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། ཁྱབ་པ་མངོན་སུམ་གྱིས་གྲུབ་ཅིང་ཕྱོགས་ཆོས་སྔར་བཤད་པ་ལྟར་བདག་འཛིན་དང་སྡུག་བསྔལ་རྒྱུ་འབྲས་སུ་འགྱུར་ཚུལ་དང་བདག་མེད་སྒྲུབ་པའི་རིགས་པ་རྣམས་ལས་ཤེས་པར་བྱའོ། །རྟགས་དེས་གྲུབ་པའི་དོན་སྡུག་བསྔལ་གཉེན་པོའི་སྟོབས་ཀྱིས་ཟད་པ་ནི་ཐར་པ་ཞེས་བྱའོ། །ཡང་གང་ལ་གནོད་བྱེད་སྟོབས་ལྡན་མཐོང་བ་དེ་ལ་དེ་གཉེན་པོའི་སྟོབས་ཀྱིས་ཟད་པ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བས་གྲང་རེག་ལོག་པ་མཐོང་བ་བཞིན། གཟུང་འཛིན་རིགས་གསུམ་རྫས་ཐ་དད་དུ་འཛིན་པའི་རྟོག་པ་ལའང་གནོད་བྱེད་སྟོབས་ལྡན་དམིགས་སོ་ཞེས་བྱའི། རྟགས་དེ་ལས་ཆོས་ཀྱི་བདག་འཛིན་ཟད་པའི་སྤངས་པ་ཡོད་པར་གྲུབ་ལ། དེ་གྲུབ་ན་བདེན་བཞིའི་གནས་ལུགས་རྟོགས་པ་དང་ལྷན་ཅིག་ཏུ་འདུར་རུང་བར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་ཆོས་ཀྱི་བདག་འཛིན་ཟད་པ་དང་


JLD014_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་གཅིག་པའི་བདེན་བཞིའི་གནས་ལུགས་རྟོགས་པ་དེ་ལ་ཀུན་མཁྱེན་ཞེས་བྱའོ། །ཚུལ་འདི་དག་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་བསྒྲུབ་པའི་ཚུལ་ཕྱོགས་ཙམ་ཡིན་ཏེ། འདི་དག་ལ་དཔག་ནས་མཐའ་དག་ཁོང་དུ་ཆུད་པར་བྱ་ཡི་ཐར་པ་དང་ཐམས་ཅད་མཁྱེན་པ་ནི་ཤིན་ཏུ་ལྐོག་གྱུར་ཡིན་པས་དེའི་སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ་ཞེས་རྡོལ་གཏམ་སྨྲ་བར་མི་བྱ་སྟེ། རང་གི་སྟོན་པ་དང་བསྟན་པ་ལ་གཞན་གྱིས་བཀྲི་བར་མི་ནུས་པའི་གཏིང་ཚུགས་པའི་ངེས་པ་མི་སྐྱེ་བར་འགྱུར་ཞིང༌། དགོངས་འགྲེལ་མཁན་པོ་རྣམས་ཀྱི་རིགས་པ་དྲི་མ་མེད་པ་རྣམས་ལ་སྐུར་པ་བཏབ་པར་ཡང་འགྱུར་ཏེ། དེ་དག་དངོས་སྟོབས་ཀྱིས་མ་གྲུབ་ན་ལུང་ལ་བརྟེན་པའི་རྗེས་དཔག་གི་རྣམ་གཞག་རྣམས་ཀྱང་བྱར་མི་རུང་བའི་ཕྱིར་རོ། །དེས་ན་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱིས་སྟོན་པ་དང་བསྟན་པ་དམ་པའི་ཆོས་དང་དེ་ཚུལ་བཞིན་དུ་བསྒྲུབ་པའི་དགེ་འདུན་རྣམས་དངོས་སྟོབས་ཀྱིས་བསྒྲུབ་པའི་ཚུལ་རྒྱས་པར་གསུངས་པ་རྣམས་ལ་ངེས་པ་ལེགས་པར་དྲངས་ནས་རྩེ་གཅིག་ཏུ་བློས་ལྟོས་འགེལ་བའི་སྐྱབས་འགྲོ་ལེགས་པར་བྱས་ན་མ་འོངས་པ་ན་སྟོན་པའི་བསྟན་པ་ལ་གཞན་གྱིས་མི་བཀྲི་བ། ཐེ་ཚོམ་ལས་རྒལ་བ། སོམ་ཉི་ལས་རྒལ་བ་སོགས་སུ་འགྱུར་བས་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་ཐོག་མར་འདི་ལ་ཆེས་ཆེར་འབད་པར་བྱའོ། །གསུམ་པ་བདེན་པ་གཉིས་ཀྱི་རྣམ་


JLD014_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གཏན་ལ་ཕབ་པ་ལ་དོགས་པའི་གནས་འགོད་པ་དང༌། དེའི་ལན་རྒྱས་པར་བཤད་པ་དང༌། བདེན་གཉིས་ཀྱི་རྣམ་གཞག་དངོས་སོ། །དང་པོ་ལ་རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་འགོད་པ་དང༌། རྣམ་དཔྱོད་ཀྱི་བློ་མི་ཞིབ་པ་དག་ལ་སྐྱེ་བའི་དོགས་པའི་གནས་འགོད་པའོ། །དང་པོ་ནི། སྤྱི་དང་བྱེ་བྲག་དང་རྟགས་དང་བསྒྲུབ་བྱ་དང་དཔེ་དང༌། དགག་པ་དང༌། སྒྲུབ་པ་དང་གཅིག་དང་ཐ་དད་ལ་སོགས་པ་རྣམས་རྟོག་པས་སྒྲོ་བཏགས་སུ་བཤད་པའང་མཐོང་ཞིང༌། སྤྱི་ཡིན་ན་སྒྲོ་བཏགས་ཡིན་པས་ཁྱབ་པ་དང་དེ་བཞིན་དུ་རྟགས་སོགས་ལའང་ཁྱབ་ན། འབྲས་བུ་དོན་གཉེར་ལ་ཉེ་བར་མཁོ་བའི་དོན་བྱེད་ནུས་པ་ཕལ་པ་རྣམས་དང་། མངོན་པར་འདོད་པའི་དོན་གྱི་གཙོ་བོ་ཀུན་མཁྱེན་ལ་སོགས་པའི་རྣམ་གཞག་བྱ་ས་མེད་པར་འགྱུར་ལ། དེ་ལྟར་ན་མི་རུང་བ་ཆེན་པོར་འགྱུར་བས། རྣམ་གཞག་དེ་དག་མ་འཆོལ་བར་ཁས་བླངས་པས་ཆོག་པ་དང་སྤྱི་གཞི་མཐུན་སོགས་དངོས་པོའི་དེ་ཁོ་ན་ཉིད་དུ་གྲུབ་པ་ཁེགས་པའི་གཉིས་ཚོགས་དེ་ཇི་ལྟ་ཡིན་སྙམ་པ་དང༌། ཁྱད་པར་དུ་བུམ་འཛིན་རྟོག་པ་དང་ཀུན་མཁྱེན་ངེས་པའི་རྟོག་པ་ལ་སོགས་པའི་ངེས་ཡུལ་རང་མཚན་དུ་གྲུབ་ན་རྟོག་པ་དེ་དག་མ་འཁྲུལ་བར་འགྱུར་བས་དགག་སྒྲུབ་ཐམས་ཅད་ཅིག་ཅར་བྱ་དགོས་པ་དང་ངེས་ཡུལ་རང་མཚན་དུ་གྲུབ་པ་བཀག་ན་རང་མཚན་དེ་དག་ངེས་པའི་ཡུལ་དུ་འཇོག་ཚུལ་དེ་དག་ཤིན་ཏུ་དཀའ་ཞིང་ངེས་པའི་ཡུལ་དུ་མ་གྱུར་ན་ཡོད་ངེས་སུ་མི་རུང་བས་རྣམ་གཞག་ཐམས་


JLD014_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྱར་མི་རུང་བར་འགྱུར་ཏེ། དེ་མེད་པར་ནི་དངོས་པོ་དང༌། །དངོས་མེད་རྣམ་གཞག་གང་གིས་ནུས། །ཞེས་བཤད་པ་ལྟར་རོ། །དེས་ན་རྟོག་པའི་ངེས་ཡུལ་རང་མཚན་དུ་མ་གྲུབ་པ་དང་རང་མཚན་རྟོག་པའི་ངེས་ཡུལ་དུ་བཞག་པས་ཆོག་པའི་རྣམ་གཞག་དང༌། སྣང་བཏགས་གཅིག་ཏུ་བསྲེས་ནས་རྟོག་པ་ཡུལ་ལ་འཇུག་པ་དང་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པར་ལན་ཅིག་མ་ཡིན་པར་གསུངས་པ་ལ། རྟོག་པ་མཐའ་དག་རང་གི་གཟུང་རྣམ་ལ་ཕྱི་རོལ་དོན་དུ་ཞེན་ནས་འཇུག་པ་དང་རང་གི་སྣང་བ་ཕྱི་རོལ་གྱི་དོན་ནོ་སྙམ་དུ་ཞེན་ན་རྟོག་པ་ཐམས་ཅད་ཞེན་ཡུལ་ལ་འཁྲུལ་བར་འགྱུར་བས་གང་ལའང་ཡིད་བརྟན་བྱར་མེད་པར་འགྱུར་བས་སྣང་བཏགས་གཅིག་ཏུ་བསྲེ་ཚུལ་སོགས་ཇི་ལྟར་ཡིན་སྙམ་པ་དང༌། རྟོག་པའི་ངེས་ཡུལ་དངོས་པོ་ཡིན་ན་སྒྲ་རྟོག་ཡུལ་ལ་དགག་བྱ་བཅད་པ་ལ་མི་བལྟོས་པར་འཇུག་པར་འགྱུར་ལ་དེ་ལྟར་ན་དགག་སྒྲུབ་ཐམས་ཅད་ཅིག་ཅར་བྱེད་དགོས་པར་འགྱུར་བས་དེ་དག་གི་འཇོག་ཚུལ་ཕྱིན་ཅི་མ་ལོག་པ་ཇི་ལྟར་ཡིན་སྙམ་དུ་བསམ་མོ། །གཉིས་པ་ནི། རྟགས་དང་བསྒྲུབ་བྱ་དང་སྤྱི་གཞི་མཐུན་སོགས་དངོས་མེད་དུ་བཤད་པའང་མཐོང་ཞིང་དེ་དག་གི་རྣམ་དབྱེ་ལེགས་པར་འབྱེད་པའི་བློའི་མཐུ་དང་བྲལ་བས་རྣམ་གཞག་འདི་ལྟར་བྱེད་དེ། རྟོག་པའི་ཡུལ་དོན་དམ་པར་མ་གྲུབ་ན་དོན་དམ་རྟོག་པའི་ཡུལ་དུ་འགལ་སྙམ་ནས། མཁས་པ་ལ་ཐེ་ཚོམ་སྐྱེ་བའི་གནས་དེར་


JLD014_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མེད་པར་ཁ་ཚོན་བཅད་ནས་རྟོག་པ་ཐམས་ཅད་རློམས་ནས་འཇུག་པ་མ་གཏོགས་དངོས་པོའི་གནས་ལུགས་ཡུལ་དུ་བྱེད་པ་མི་སྲིད་ཅིང་ཡུལ་ལ་འཇུག་པའི་ཚེའང་རང་ལ་སྣང་བ་ཕྱི་རོལ་གྱི་དོན་ཡིན་ནོ་སྙམ་དུ་ཞེན་ནས་འཇུག་པས་ལོག་ཤེས་འབའ་ཞིག་ཡིན་ལ། སྒྲ་རྟོག་མ་གཏོགས་པས་ཐ་སྙད་བྱ་མི་ནུས་པས་རང་མཚན་གྱི་རྣམ་གཞག་བྱེད་པ་རྣམས་ཀྱང་ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་ངོ་ལ་བལྟོས་པ་མ་གཏོགས་ཐག་ཁྲ་སྦྲུལ་དུ་འཇོག་མི་ནུས་པ་བཞིན་དུ་རྟོག་ངོ་དང་སེལ་ངོར་ཡོད་པ་ཡིན་ཞེས་དེ་དག་དངོས་སུ་མ་སྦྱར་བར་རང་ལུགས་ལ་རྣམ་གཞག་བྱ་ས་ཡེ་མེད་པ་དང་རང་མཚན་གྱི་དོན་ལྡོག་དང་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་སོགས་ཀྱི་ཡུལ་དུས་རང་བཞིན་འདྲེས་མ་འདྲེས་ཀྱི་ཚིག་མ་ཕྱེད་པ་དང༌། རྟགས་ཡང་དག་སྒྲོ་བཏགས་སུ་མཛད་པའི་དོན་མ་རྟོགས་པ་ལ་བརྟེན་ནས་དངོས་པོ་རང་མཚན་གཅིག་སྔ་དྲོ་ཡོད་ན་ཕྱི་དྲོ་ཡོད་པར་འགལ་བ་དང༌། ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་ཡོད་པར་འགལ་བ་དང༌། ཤར་ན་ཡོད་ན་ནུབ་ན་ཡོད་པར་འགལ་བ་སོགས་སུ་བཟུང་ནས་རང་མཚན་གྱི་མཚན་གཞི་འདི་ཡིན་ཞེས་སྨྲ་ན་རྣམ་གཞག་དེ་དག་དང་འགལ་བར་མཐོང་ནས་རྟོག་ངོར་འཇོག་པ་མ་གཏོགས་བཞག་མི་ནུས་པ་དང༌། བྱས་པ་གཏན་ཚིགས་ཡང་དག་ཏུ་བཤད་པ་དོན་བྱེད་ནུས་པ་མ་ཡིན་པར་འདོད་པ་དང༌། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །ཞེས་སོགས་དང༌། ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། ཞེས་


JLD014_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང༌། རྗེས་འགྲོ་དེ་ལས་འབྲས་མི་འབྱུང༌ཞེས་དང༌། གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། ཅེས་སོགས་ཀྱི་ཚིག་གཞུང་གི་དོན་ཁོང་དུ་མ་ཆུད་པ་ལ་བརྟེན་ནས་དངོས་པོ་བུམ་སྣམ་དང་རྫས་གཅིག་ན་བུམ་སྣམ་གཉིས་ཀྱང་རྫས་གཅིག་ཏུ་འགྱུར་བ་དང༌། སྐྱེ་འགག་གཅིག་ཏུ་འགྱུར་བས་དངོས་པོ་སོགས་བུམ་སྣམ་དང་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་ཞེས་སྨྲ་ཞིང༌། མེའི་དུས་ན་དུ་བ་མ་སྐྱེས་དུ་བའི་དུས་ན་མེ་འགགས་པས་མེ་དུ་ལ་སོགས་པའི་རྒྱུ་འབྲས་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་ཞེས་སྨྲ་བ་དང༌། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། ཞེས་སོགས་ཀྱི་གཞུང་གི་དོན་ཁོང་དུ་མ་ཆུད་པ་ལ་བརྟེན་ནས་རང་མཚན་ཡིན་ན་སྤྱི་དང་གཞི་མཐུན་སོགས་སུ་འགལ་བ་ཡིན་ནོ་ཞེས་སོགས་ཀྱི་རྣམ་གཞག་དུ་མ་སྨྲ་བར་བྱེད་དོ། །དེ་བཞིན་དུ་བརྡ་དུས་ཀྱི་བ་ལང་དང་ཐ་སྙད་ཀྱི་དུས་གཉིས་ཕན་ཚུན་རྗེས་སུ་མི་འགྲོ་ཞིང་གཉིས་ཀ་ལ་རྗེས་སུ་འགྲོ་བའི་བ་ལང་རང་མཚན་མི་སྲིད་པས་དངོས་མེད་ཁོ་ན་ལ་བརྡ་སྦྱོར་བ་ཡིན་གྱིས་རང་མཚན་ལ་བརྡ་སྦྱོར་བ་མི་སྲིད་དོ་ཞེས་ཟེར་རོ། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་བ་ཡང་དག་ཉིད་དུ་མེད། ཅེས་གསུངས་པས། མེ་དུ་ལ་འབྲེལ་བ་མཚན་ཉིད་པ་མེད་ཅིང་བྱས་མི་རྟག་གི་ཐ་དད་ཀྱང་རྟོག་པས་བཏགས་པ་ཙམ་ཡིན་པས་ཐ་དད་མཚན་ཉིད་པ་མ་ཡིན་ནོ། ཞེས་སྨྲའོ། །གཉིས་པ་ལན་ལ་དབུ་ཚད་གཉིས་ཀའི་སྐབས་


JLD014_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁྲུལ་གཞི་ངོས་བཟུང་བ་དང༌། ལན་དངོས་སོ། །དང་པོ་ནི། དབུ་མའི་ལུགས་དཔྱོད་པའི་སྐབས་སུ་མྱུ་གུ་ས་བོན་ལས་སྐྱེ་བ་སོགས་རང་གི་ངོ་བོས་མ་གྲུབ་ན་མྱུ་གུ་སྐྱེ་བར་མ་སོང་སྙམ་དུ་བསམས་ནས་མྱུ་གུ་སྐྱེ་བ་སོགས་ཀྱི་རྣམ་གཞག་ཐམས་ཅད་གཞན་ངོར་ཡིན་ཞེས་སྨྲ་བ་མ་གཏོགས་བཞག་མི་ནུས་པ་དང༌། མྱུ་གུ་ས་བོན་ལས་སྐྱེ་བར་རང་ལུགས་ལ་ཁས་བླངས་ན་མྱུ་གུ་རང་གི་ངོ་བོས་སྐྱེ་བར་མ་སོང་སྙམ་དུ་བསམས་ནས་མྱུ་གུ་ས་བོན་ལས་སྐྱེ་བར་ཁས་བླངས་ན་རང་བཞིན་མེད་པའི་དོན་དམ་འཇོག་པར་བྱེད་ཅིང་མྱུ་གུ་རང་བཞིན་མེད་པར་ཁས་བླངས་ན་འབྲས་བུ་སྐྱེད་པའི་ཀུན་རྫོབ་འཇིག་པར་བྱེད་པའི་བདེན་གཉིས་རེ་རེ་ཚད་མར་བཟུང་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་རྟོག་བཅུ་དྲུག་ལ་སོགས་པ་མཐའ་ཡས་པ་འབྱུང་བའི་འཁྲུལ་གཞི་ནི། རྟོག་པས་བཏགས་པ་ཙམ་ཡིན་ན་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པར་འགལ་སྙམ་པ་འདི་ཉིད་ཡིན་པས་ཆོས་ཐམས་ཅད་རང་བཞིན་རྡུལ་ཙམ་ཡང་མེད་པ་དང་རང་བཞིན་མེད་པར་ཁས་བླངས་པ་ཉིད་ལ་བྱ་བྱེད་འཐད་ཅིང་དེ་ལས་གཞན་ལ་མི་འཐད་པའི་བདེན་གཉིས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པར་ངེས་པའི་གེགས་ནི་སྔར་བཤད་པའི་རྟོག་པས་བཏགས་པ་ཙམ་དང་བྱ་བ་བྱེད་པ་གཉིས་འགལ་བར་འཛིན་པ་ཉིད་ཡིན་ཞིང་དེ་བཟུང་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པས་དེ་གཉིས་མི་འགལ་བའི་ཚུལ་


JLD014_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པར་བྱེད་དགོས་ལ། དེ་བཞིན་དུ། རིགས་པའི་བསྟན་བཅོས་འདིར་ཡང་རྟོག་པའི་ངེས་ཡུལ་བཏགས་པ་ཙམ་དུ་རིགས་པས་བསྒྲུབ་མ་ཤེས་པར་དངོས་པོའི་དེ་ཁོ་ན་ཉིད་དུ་གྲུབ་པར་བཟུང་ན་ཀུན་རྫོབ་ལ་སྐུར་བ་བཏབ་པར་འགྱུར་ཞིང་དེ་ལྟར་ན་དོན་དམ་པའི་རྣམ་གཞག་ཀྱང་བྱར་མི་རུང་སྟེ་དེའང་བསྒྲུབ་བྱ་སྒྲུབ་བྱེད་ལ་སོགས་པའི་ཀུན་རྫོབ་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་དང༌། གང་ཟག་གི་བདག་འཛིན་ཡང་བློ་མ་འཁྲུལ་བར་འགྱུར་བས་ཐར་པ་ཐོབ་པའང་མི་སྲིད་པར་ཁས་བླང་དགོས་སོ། །ཡང་རྟོག་པའི་ངེས་ཡུལ་རང་མཚན་དུ་གྲུབ་པ་འགོག་པ་སྐད་བྱས་པ་དང་རང་མཚན་རྟོག་པའི་ངེས་ཡུལ་དུ་བསྒྲུབ་མ་བདེ་ནས་རྟོག་པས་རློམ་པ་ཙམ་མམ་སེལ་ངོར་ཡོད་ཅེས་ཁས་ལེན་པ་མ་གཏོགས་དོན་དམ་བཞག་ས་མེད་པས་དོན་དམ་པའི་ཕྱོགས་ལ་སྐུར་བ་བཏབ་པར་འགྱུར་བས་ཀུན་རྫོབ་མཐའ་དག་རྟོག་བཏགས་ཙམ་དུ་རང་ལུགས་ལ་ཚད་མས་ལེགས་པར་གྲུབ་པ་དང་དངོས་པོ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཇོག་ཤེས་པའི་བདེན་གཉིས་ཀྱི་རྣམ་དབྱེ་འཇོག་ཤེས་པའི་གེགས་ནི་རྟོག་པའི་ཡུལ་རང་མཚན་མ་ཡིན་པ་དང་རང་མཚན་རྟོག་པའི་ཡུལ་ཡིན་པ་གཉིས་འགལ་བར་འཛིན་པ་ཉིད་ཡིན་ནོ། །དེས་ན་རྟོག་པས་བཏགས་པ་ཙམ་ཡིན་ན་འབྲས་བུ་བསྐྱེད་མི་ནུས་པས་ཁྱབ་པར་བཟུང་ན་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཀྱི་དབུ་མའི་ལྟ་བ་ངེས་པའི་གེགས་བྱེད་ལ། རིགས་པ་


JLD014_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལུགས་ལ་རྟོག་བཏགས་ཙམ་ལ་དོན་བྱེད་མི་ནུས་པས་ཁྱབ་ཀྱང་ཚད་མས་མ་གྲུབ་པས་ཁྱབ་པར་བཟུང་ན་རིགས་པ་འདི་ངེས་པའི་གེགས་ཀྱི་གཙོ་བོ་ཡིན་པས་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱ་སྟེ་འཆད་པར་འགྱུར་རོ། །གཉིས་པ་ལ་རྟོག་པ་ལ་ཡུལ་ཇི་ལྟར་སྣང་ཞིང་འཇུག་པའི་ཚུལ་དང༌། རྟོག་པའི་ཡུལ་དོན་དམ་པར་གྲུབ་པ་དགག་པ་དང་། སྤྱི་དང་གཞི་མཐུན་ལ་སོགས་པའི་ཐ་སྙད་འཇུག་པའི་གཞི་ཡུལ་ངོས་བཟུང་བ་དང་། དེ་དག་ལ་བརྟེན་ནས་གཞན་སེལ་བའི་རྣམ་གཞག་རྟོགས་པར་བྱ་བའོ། །དང་པོ་ནི། གསེར་བུམ་བུམ་པར་འཛིན་པའི་རྟོག་པ་ལ་གསེར་བུམ་ཡང་བུམ་པར་སྣང་ཞིང་རང་གི་དངོས་ཀྱི་གཟུང་བྱ་དེའང་བུམ་པར་སྣང་ལ་སྣང་བའི་ངོ་ན་དེ་གཉིས་གཅིག་ཏུ་འདྲེས་ནས་སྣང་ཞིང་སྣང་ངོར་སོ་སོར་དབྱེར་མེད་པས་སྣང་བཏགས་གཅིག་ཏུ་བསྲེས་པ་ཞེས་བྱ་སྟེ་སྣང་བ་རང་མཚན་དང་བཏགས་པ་སྒྲ་དོན་ནོ། །སྒྲ་དོན་གང་ལ་བྱ་ཞེ་ན། བུམ་མཚན་ནི་རྟོག་པའི་མདུན་ན་འདུག་པ་ལྟ་བུར་སྣང་བའི་གསེར་བུམ་བུམ་པར་སྣང་བ་དེ་དང་སྣང་བ་དེ་ཉིད་བུམ་མ་ཡིན་ལས་ལོག་པར་སྣང་བ་གཉིས་ཀའོ། །གསེར་བུམ་བུམ་མ་ཡིན་ལས་ལོག་པར་སྣང་བ་དང་སྣང་བ་དེ་ཉིད་བུམ་མ་ཡིན་ལས་ལོག་པར་སྣང་བ་གཉིས་འདྲེས་ནས་སྣང་ཞིང་སྣང་ངོར་སོར་སོར་མི་ཕྱེད་ཀྱང་དེ་གཉིས་གཅིག་གོ་སྙམ་དུ་རྟོག་པས་འཛིན་པ་ནི་མ་ཡིན་ནོ། །སྒྲ་དོན་རང་རིག་མངོན་སུམ་ཚད་མའི་ཤུགས་རྟོགས་ཡིན་ཡང་རྟོག་པ་དེ་ལ་རང་རིག་མངོན་སུམ་དུ་འགྱུར་བ་མ་ཡིན་ཏེ་སྒྲ་དོན་དངོས་


JLD014_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཐལ་བ་དང༌། རྟོག་པ་མ་འཁྲུལ་བར་འགྱུར་བས་སོ། །ཡང་རྟོག་པ་ལ་གཟུང་རྣམ་ཕྱི་རོལ་ལྟ་བུར་སྣང་བའང་མ་ཡིན་ཏེ། རྟོག་པའི་གཟུང་རྣམ་རྟོག་པ་ཡིན་པས་དེ་ལའང་གཟུང་རྣམ་གཞན་ཞིག་ཕྱི་རོལ་ལྟ་བུར་སྣང་དགོས་པས་ཐུག་པ་མེད་པར་འགྱུར་བ་དང༌། རྟོག་པ་རང་ཉིད་ཀྱང་གཟུང་རྣམ་ཡིན་ཞིང་རང་ཉིད་ལ་རང་ཉིད་ཕྱི་རོལ་ལྟ་བུར་སྣང་བའང་མི་སྲིད་དོ། །ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འདོད་བཞིན་དུ་རྟོག་པ་ལ་གཟུང་རྣམ་ཕྱི་རོལ་ལྟ་བུར་སྣང་བར་འདོད་པ་ཤིན་ཏུའང་འགལ་ཏེ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། ཞེས་བཤད་པ་ལྟར་རྟོག་པ་རང་གི་ངོ་བོ་ལ་མངོན་སུམ་ཡིན་ན་རྟོག་པའི་རྫས་ཆ་གཅིག་ལ་མངོན་སུམ་དུ་སོང་ནས་ཆ་གཞན་དོན་སྤྱིའི་ཚུལ་གྱིས་སྣང་བར་འགལ་ལ། གཟུང་རྣམ་ཕྱི་རོལ་ལྟ་བུར་སྣང་ན་དེ་ལ་བལྟོས་ནས་འཁྲུལ་བར་འགྱུར་ཏེ། ཕྱི་རོལ་མ་ཡིན་པ་ལ་ཕྱི་རོལ་ཏུ་སྣང་བའི་ཕྱིར། གསེར་བུམ་བུམ་པར་སྣང་བ་དེ་ཉིད་ཕྱི་རོལ་གྱི་དོན་དང་བུམ་མ་ཡིན་ལས་ལོག་པ་མ་ཡིན་བཞིན་དུ་དེ་གཉིས་གཅིག་ལྟ་བུར་སྣང་བས་སྣང་ཡུལ་ལ་འཁྲུལ་བ་ཡིན་ནོ། །ཡུལ་ལ་འཇུག་པའི་ཚེ་གསེར་བུམ་བུམ་པར་སྣང་བ་ཕྱི་རོལ་གྱི་དོན་དུ་མེད་པ་ལ་ཕྱི་རོལ་དོན་དུ་ཞེན་ནས་འཇུག་པ་ཡིན་ཡང༌། བློའི་འཛིན་སྟངས་ལ་གསེར་བུམ་བུམ་པའོ་སྙམ་དུ་འཛིན་གྱི་སྒྲ་དོན་བུམ་པའོ་སྙམ་པ་དང་


JLD014_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བུམ་གྱི་སྣང་བ་འདི་ཉིད་བུམ་པའོ་སྙམ་དུ་ཞེན་པ་སོགས་མེད་པས་ཞེན་ཡུལ་ལ་འཁྲུལ་བའི་སྐྱོན་མེད་དོ། །སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ན་ཞེན་ཡུལ་ལ་མ་འཁྲུལ་བ་འགལ་ལོ་སྙམ་ན། མ་ཡིན་ཏེ་རྟོག་པའི་དངོས་ཀྱི་ཞེན་པའམ་འཁྲ་ས་དོན་དུ་མེད་པའི་སྣང་བ་དེ་ཉིད་ཡིན་པས་དོན་མེད་པ་ལ་དོན་དུ་ཞེན་ཅེས་བྱ་ཡི། དོན་དུ་མེད་པའི་སྣང་བ་དེ་དང་བུམ་པ་ཁྱད་གཞི་ཁྱད་ཆོས་སུ་སྦྱར་ནས་ཞེན་པ་མ་ཡིན་པས་ཞེན་ཡུལ་ལ་འཁྲུལ་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་དེས་སྒྲ་མི་རྟག་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་མི་རྟག་པར་ཞེན་ཞེས་བརྗོད་དུ་མི་རུང་བར་འགྱུར་ཏེ། སྒྲ་མི་རྟག་པའོ་སྙམ་དུ་ཞེན་པ་ཡོད་ཀྱི་ཤེས་འདོད་ཆོས་ཅན་འདི་མི་རྟག་པའོ་སྙམ་དུ་ཞེན་པ་མེད་པའི་ཕྱིར། ཁྱེད་གཟུང་རྣམ་དང་སྒྲ་དོན་ཕྱི་རོལ་ཏུ་ཞེན་པར་འདོད་པ་རྣམས་ཀྱི་ལྟར་ནའང་གསེར་བུམ་བུམ་པའོ་སྙམ་དུ་ཞེན་པ་མ་གཏོགས་སྒྲ་དོན་འདི་དང་གཟུང་རྣམ་འདི་བུམ་པའོ་སྙམ་དུ་ཞེན་པ་ཡོད་མེད་ཁ་ནང་དུ་ཕྱོགས་ལ་ལེགས་པར་སོམས་ཤིག །དེས་ན་རྟོག་པ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པར་ཁས་བླངས་པ་ལ་ཞེན་ཡུལ་ལ་འཁྲུལ་བར་ཐལ་བའི་སྐྱོན་གྱི་གོ་སྐབས་ཅུང་ཟད་ཀྱང་མེད་ཅིང་གཞུང་དེ་དག་གི་དགོངས་པ་མ་རྟོགས་པས་རྟོག་པ་ཐམས་ཅད་ཞེན་ཡུལ་ལ་འཁྲུལ་བར་འདོད་པ་ནི་རྒྱ་ནག་ཧྭ་ཤང་གི་ལུགས་གསལ་བར་འོངས་པ་ཡིན་ནོ། །དེས་ན། དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། །ཞེས་


JLD014_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དགོངས་པའང་སྔར་བཤད་པ་ཉིད་ཡིན་པར་གསལ་བར་ངེས་ཏེ། སྒྲ་མི་རྟག་པ་རང་མཚན་ཡིན་པས་སྟོང་པའི་སྒྲ་དོན་ལ་འཁྲས་ནས་སྒྲ་མི་རྟག་པའོ་སྙམ་དུ་ཞེན་པ་འདུག་གི་སྒྲ་དོན་འདི་ཉིད་སྒྲ་མི་རྟག་པའོ་སྙམ་དུ་ཞེན་པ་མི་འདུག་པའི་ཕྱིར་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་རིགས་པའི་གསང་ཟབ་ཅིང་གཏིང་དཔག་པར་དཀའ་བ་མ་རྟོགས་ནས་རྟོག་པས་ཐག་བཅད་པ་གང་ཡིན་ཐམས་ཅད་དངོས་པོའི་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པར་འདོད་པ་ནི་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པ་ད་ལྟ་རང་ལ་ལྐོག་ཏུ་གྱུར་པས་རྟོག་པ་ཁོ་ནས་ངེས་པ་བྱ་དགོས་པའི་རྣམ་གཞག་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཡིན་པས། དོན་འདི་བཞིན་དུ་ངེས་པར་བྱས་ཏེ། དཔེར་ན་རྟོག་པ་ལ་གསེར་བུམ་བུམ་པར་སྣང་བ་སྒྲ་དོན་ཡིན་ཡང་སྣང་བ་དེའི་མཚན་གཞིར་གསེར་བུམ་བཟུང་དུ་རུང་ཞིང༌། སྣང་བ་དེ་ཉིད་ལ་ཞེན་ནས་གསེར་བུམ་བུམ་པའོ་སྙམ་དུ་རྟོག་པ་དེས་ཇི་ལྟར་ཐག་བཅད་པ་ལྟར་དངོས་པོ་ལ་ལེགས་པར་གནས་པ་རྟོག་པས་དོན་གྱི་གནས་ཚོད་ཡང་གཏན་ལ་འབེབས་ཤིང༌། དེ་ལྟར་ནའང་རང་ལ་སྣང་བ་རང་མཚན་དུ་གྲུབ་པར་མི་འགྱུར་བ་འདི་ཉིད་ཞེན་ཡུལ་ལ་མ་འཁྲུལ་བའི་རྟོག་པ་ཀུན་ལ་ཤེས་པར་བྱའོ། །དེ་ལ་དགོངས་ནས་སློབ་དཔོན་གྱིས། དེའི་ཁྱད་པར་གྱིས། རྟོགས་འགྱུར་བ་དག་རབ་ཏུ་བྱེད། ཅེས་སོགས་ཀྱི་འགྲེལ་པར་རྟོག་པས་རང་མཚན་དཔྱིས་ཕྱིན་པར་


JLD014_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཁོ་ནར་བཤད་པ་ཡིན་ནོ། །རྟོག་པ་ལ་བུམ་པར་སྣང་བ་དེ་ཉིད་སྒྲ་དོན་ཡིན་ཡང་བུམ་པའི་གསལ་བ་མཐའ་དག་གི་སྤྱི་ཡང་ཡིན་ཏེ། དེ་ཉིད་བུམ་གསལ་མཐའ་དག་ལ་རྗེས་སུ་འགྲོ་ཞིང་བུམ་གསལ་རྣམས་དེའི་བྱེ་བྲག་ཡིན་ཡང་སྒྲ་དོན་བུམ་གསལ་གྱི་སྤྱི་དང་བུམ་གསལ་སྒྲ་དོན་གྱི་བྱེ་བྲག་ཏུ་མི་འགྱུར་ཞིང་ཁས་ཀྱང་མི་བླང་སྟེ་རང་ལྡོག་གཞི་ལྡོག་ལ་སོགས་པའི་ལྡོག་པའི་རྣམ་དབྱེ་ལ་མཁས་པར་བྱ་དགོས་པའི་ཕྱིར་རོ། །བུམ་མ་ཡིན་ལས་ལོག་པའི་རང་མཚན་བུམ་གསལ་ཀུན་ལ་རྗེས་སུ་འགྲོ་བའི་སྤྱིར་འགྱུར་བའི་ཚུལ་ནི་འཆད་པར་འགྱུར་རོ། །སྔར་བཤད་པ་དེ་ལ་བརྟེན་ནས་སྤྱི་དང་གཞི་མཐུན་དང་བསྒྲུབ་བྱ་སྒྲུབ་བྱེད་སོགས་ལ་རྟོག་པའི་རྟོག་པ་མཐའ་དག་གི་སྣང་ཚུལ་དང་འཇུག་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །རྟོག་པ་ལ་བརྟེན་ནས་རང་མཚན་ཐོབ་པའི་རྒྱུ་མཚན་དོན་རང་མཚན་འཛིན་པའི་མངོན་སུམ་གྱིས་དོན་དུ་ཞེན་པའི་བག་ཆགས་འཇོག་པའི་རྒྱུ་བྱས། བག་ཆགས་ལ་བརྟེན་ནས་དོན་དུ་ཞེན་པའི་རྟོག་པ་སྐྱེ་ཞིང་དེས་རང་མཚན་ལ་འཇུག་པར་བྱེད་ཅིང་ཞུགས་པ་ལས་དོན་ཐོབ་ནུས་པ་ཡིན་ནོ། །གཉིས་པ་ལ་སྤྱི་དང་གཞི་མཐུན་ངེས་པའི་ཡུལ་དོན་དམ་པར་གྱུར་པ་དགག་པ་དང༌། བསྒྲུབ་བྱ་སྒྲུབ་བྱེད་ངེས་པའི་ཡུལ་དོན་དམ་པར་གྲུབ་པ་དགག་པའོ། །དང་པོ་ནི། མེ་ཏོག་གཅིག་ཁྱད་པར་གྱི་གཞིར་ཟུང་ནས་འདི་ཨུཏྤལ་སྔོན་པོའོ་སྙམ་དུ་ངེས་པའི་ཡུལ་དོན་དམ་པར་གྲུབ་ན་རྟོག་པ་དེ་སྣང་ཡུལ་ལ་མ་འཁྲུལ་བར་འགྱུར་ལ། དེ་ལྟར་ན་མེ་ཏོག་དང་ཨུཏྤལ་དང་སྔོན་པོ་གསུམ་ངོ་བོ་ཐ་དད་དུ་


JLD014_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞིང་སྣང་བ་ལྟར་དུ་གྲུབ་དགོས་ལ་ཨུཏྤལ་དང་སྔོན་པོ་གཉིས་ངོ་བོ་རྫས་ཐ་དད་པས་གཞི་མཐུན་དུ་མི་འདུ་བར་འགྱུར་རོ། །དེ་བཞིན་དུ་དཀར་ཟལ་ལ་འདི་བ་ལང་ངོ་སྙམ་པའི་རྟོག་པའི་ཡུལ་དོན་དམ་པར་གྲུབ་ན་སྣང་ཡུལ་ལ་མ་འཁྲུལ་བར་འགྱུར་ལ། དེ་ལྟ་ན་དཀར་ཟལ་དང་བ་ལང་གཉིས་རྟོག་པ་ལ་ངོ་བོ་ཐ་དད་དུ་སྣང་བ་མི་སྲིད་པར་ཐལ། །དེ་གཉིས་ངོ་བོ་ཐ་དད་མ་ཡིན་པ་གང་ཞིག །རྟོག་པ་དངོས་པོའི་གནས་ལུགས་ལ་ཇི་ལྟ་བ་བཞིན་དུ་ཞུགས་པའི་ཕྱིར། འདོད་ན་དེ་གཉིས་གཅིག་ཏུ་འགྱུར་ཞིང་བ་ལང་དང་ནག་སྒུར་ཡང་གཅིག་ཏུ་ཁས་བླང་དགོས་པས་མཐར་དཀར་ཟལ་དང་ནག་སྒུར་གཉིས་གཅིག་ཏུ་འགྱུར་ཞིང༌། སྤྱི་གསལ་རྫས་ཐ་དད་ན་བུམ་སྣམ་བཞིན་དུ་སོ་སོར་དམིགས་དགོས་པ་ལས་མ་དམིགས་པས་གནོད་དོ། །ལྡོག་པ་ཐ་དད་པ་ཡིན་ཡང་རྟོག་ངོར་ངོ་བོ་ཐ་དད་དུ་སྣང་བས་ཁྱབ་བོ། །དེ་ནི། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། ཅེས་སོགས་ཀྱི་གཞུང་གི་དོན་གྱི་བཟློག་ཕྱོགས་ལ་གནོད་པ་སྟོན་པའི་ཚུལ་ལོ། །རང་མཚན་སྒྲ་རྟོག་གི་ཡུལ་དུ་འགྱུར་བ་དང་རང་མཚན་དོན་དམ་པར་རྟོག་པའི་ཡུལ་དང་སྒྲ་དང་བརྡ་རྣམས་ཀྱི་ཡུལ་མ་ཡིན་པ་རྣམ་གཉིས་འགལ་བར་མི་བཟུང་སྟེ། རང་མཚན་སྒྲའི་བརྗོད་བྱ་མ་ཡིན་ཞེས་སྨྲ་ན་རང་ཚིག་འགལ་བ་དང༌། དོན་དམ་པར་སྒྲའི་བརྗོད་བྱ་མིན་པར་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་སྒྲ་དོན་


JLD014_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པའི་འགྲེལ་པར་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་གསུངས་པ་ལྟར་ཡིན་ཏེ། འདི་ལྟར་དོན་དམ་པར་ནི་དངོས་པོ་གང་ལའང་བརྡ་དེ་རྣམས་ཡང་དག་པར་ཡོད་པ་མིན་ཏེ། དེའི་ཕྱིར་བློ་དང་སྒྲ་དག་ནི་ཡུལ་མེད་པ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་དུ་དངོས་པོ་ལ་བརྡ་བྱ་བ་མ་ཡིན་པས་དེ་དག་ནི་དོན་དམ་པ་ཉིད་དུ་དེའི་རྗོད་བྱེད་མ་ཡིན་ཏེ་དཔེར་ན་ནོག་སོགས་དང་ལྡན་པའི་རིལ་པོ་ལ་རྟའི་བརྡར་བྱས་པ་མ་ཡིན་པ་ལྟ་བུའོ། །དངོས་པོ་ཐམས་ཅད་སྒྲ་རྟོག་ཐམས་ཅད་ཀྱི་བརྡར་བྱས་པའང་དངོས་པོ་ལ་ཡོད་པ་མིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མ་དམིགས་པ་སྟེ་བརྡར་བྱས་པ་ཉིད་ལ་ཁྱབ་པའི་ཕྱིར་ལ་དེའང་འདི་ལ་མེད་པ་ཡིན་ནོ་ཞེས་དང༌། དེ་ཁོ་ན་ཉིད་ཅེས་བྱ་བ་འདིས་ནི་ཀུན་རྫོབ་པའི་སྒྲའི་དོན་མ་བཀག་པ་བསྟན་པ་ཡིན་ཏེ། དེས་ན་རང་གི་ཚིག་གིས་བསལ་བ་མིན་ནོ། །གཞན་དུ་ན་དམ་བཅས་པ་རང་གི་ཚིག་དང་འགལ་བར་འགྱུར་ཏེ། འདི་ལྟར་རང་གི་མཚན་ཉིད་ལ་སོགས་པ་དེ་རྣམས་སྒྲས་རྗོད་པར་བྱེད་པ་ནི་དེ་རྣམས་སྒྲའི་དོན་མ་ཡིན་པར་བསྟན་པར་ནུས་པ་ནི་མ་ཡིན་ཏེ། དེ་བརྗོད་པར་འདོད་པའི་སྒྲ་གང་ཡིན་པས་རང་གི་མཚན་ཉིད་ལ་སོགས་པ་རྣམས་ཉེ་བར་བརྗོད་པ་ཉིད་དེ་རྣམས་སྒྲའི་དོན་དུ་ཁས་བླངས་པར་འགྱུར་བ་ཡིན་ལ་དམ་བཅས་པ་དེ་ཉིད་སླར་ཡང་དགག་པར་བྱེད་པའི་ཕྱིར་རང་གི་ཚིག་གིས་བསལ་བ་ཡིན་ནོ། །དེས་ནི་གསལ་བྱེད་ཀྱི་སྒྲ་རྣམས་ནི་བརྗོད་པ་མ་ཡིན་པ་ཉིད་ཅེས་གང་སྨྲས་པའི་དམ་བཅའ་དང་གཏན་ཚིགས་དག་གསལ་བའི་ཕྱིར། དེའི་ཡང་ལན་དུ་འགྱུར་


JLD014_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཏེ། ཁོ་བོ་ཅག་ནི་ཐམས་ཅད་དུ་སྒྲའི་དོན་ལ་སྐུར་པ་འདེབས་པར་བྱེད་པ་མ་ཡིན་ཏེ། དེ་ནི་བ་ལང་རྫིའི་བར་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །ལེའུ་དང་པོའི་འགྲེལ་བཤད་དུ་སློབ་དཔོན་ཤཱཀྱ་བློས་ཀྱང་དེ་དང་འདྲ་བར་ལན་གཅིག་མ་ཡིན་པར་བཤད་དོ། །གཞན་ཡང་བ་ལང་རང་གི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ་དོན་དམ་པར་གྲུབ་ན་དེར་འཛིན་གྱི་བློ་མ་འཁྲུལ་བར་འགྱུར་ལ། བློ་མ་འཁྲུལ་བའི་ངོར་ཆོས་གཉིས་ལ་ཐུན་མོང་བ་གཅིག་གིས་ཁྱབ་པ་ལྟ་བུར་སྣང་བ་མི་སྲིད་པས་སྤྱི་གསལ་རྫས་ཐ་དད་པའམ་ཡང་ན་གསལ་བ་རྣམས་རྫས་གཅིག་ཏུ་འགྱུར་བ་ཡིན་གྱི་བ་ལང་རང་གི་གསལ་བ་རྣམས་དང་རྫས་གཅིག་ན་གསལ་བ་ནང་ཕན་ཚུན་ཡང་རྫས་གཅིག་ཏུ་ཐལ་བ་འཕེན་པ་ནི་ལྟག་ཆོད་འབའ་ཞིག་ཏུ་ཟད་དོ། །གཉིས་པ་ནི། དེ་ཕྱིར་དངོས་ངེས་མེད་རྟེན་ཅན། ཞེས་སོགས་ཀྱི་གཞུང་གིས་དགག་སྒྲུབ་ཀྱི་དངོས་རྟེན་རང་མཚན་མ་ཡིན་པར་བསྟན་གྱི་རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་མ་ཡིན་པར་བསྟན་པ་མ་ཡིན་ཏེ། ཚད་མས་དངོས་སུ་བསྒྲུབ་པ་དང་དགག་པ་དུ་མ་བྱེད་དགོས་པའི་ཕྱིར་རོ། །རང་མཚན་དགག་སྒྲུབ་ཀྱི་གཞིར་མི་རུང་བར་སྨྲ་བ་ནི་རང་ཚིག་འགལ་བ་ཡིན་ཏེ་ཚིག་དེ་ཉིད་ཀྱིས་རང་མཚན་དེ་ཉིད་དགག་སྒྲུབ་ཀྱི་གཞིར་རུང་བ་འགོག་པའི་གཞིར་འཕངས་པའི་ཕྱིར་དང༌། མེད་ཅེས་ལྡོག་པ་དེ་ཉིད་ནི། །ཇི་ལྟར་མེད་ལས་ལྡོག་པར་འདོད།


JLD014_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་དོན་དང་ཡང་འགལ་བར་འགྱུར་རོ། །དེས་ན་དགག་སྒྲུབ་བྱེད་པའི་རྟོག་པ་ལ་སྣང་ཚུལ་འདི་ལྟར་ཡིན་ཏེ། ཆོས་ཅན་སྒྲ་ངེས་པའི་རྟོག་པ་ལ་སྒྲའི་ངོ་བོ་སྔར་མེད་གསར་དུ་གྲུབ་པ་ལྟར་སྣང་གི་བྱས་མི་རྟག་མི་སྣང་ལ། དེ་ནས་སྒྲ་བྱས་པར་ངེས་པའི་རྟོག་པ་ལ། སྒྲའི་ངོ་བོ་གྲུབ་ཟིན་པའི་རྗེས་སུ་བྱས་པའི་ངོ་བོ་སྔར་མེད་གསར་དུ་གྲུབ་པ་ལྟར་སྣང་ལ། དེ་ཉིད་སྒྲ་ལ་བརྟེན་པར་སྣང་བ་དང༌། མི་རྟག་པར་ངེས་པ་ནའང་བྱས་པ་གྲུབ་ཟིན་གྱི་རྗེས་སུ་མི་རྟག་པའི་ངོ་བོ་སྔར་མེད་གསར་དུ་གྲུབ་པ་ལྟར་སྣང་བས། རྟོག་པ་དེ་དག་གི་ངེས་ཡུལ་དོན་དམ་པར་གྲུབ་ན་སྒྲ་ངེས་པའི་ངེས་ཤེས་དེ། ངེས་ཡུལ་ལ་སྒྲུབ་འཇུག་ཏུ་འགྱུར་ལ། དེ་ལྟ་ན་སྒྲ་ངེས་པའི་དུས་ཉིད་ནས་སྒྲའི་ཆོས་ཐམས་ཅད་ངེས་པར་ཐལ་བ་དང༌། སྒྲ་མ་ཡིན་དུ་འཛིན་པའི་སྒྲོ་འདོགས་བསལ་བའི་དུས་ཉིད་ནས་སྒྲ་ལ་དམིགས་པའི་སྒྲོ་འདོགས་མཐའ་དག་བསལ་བར་འགྱུར་རོ་ཞེས་སྟོན་པ་ནི། དེ་ལྟ་མིན་ན་དོན་རྣམས་ཀྱི། ཞེས་སོགས་སོ། །ཡང་ངེས་ཡུལ་དོན་དམ་པར་གྲུབ་ན་སྣང་བ་ལྟར་དུ་གྲུབ་དགོས་ལ། དེ་ལྟ་ན་སྒྲ་བྱས་མི་རྟག་པ་གསུམ་གྱི་ངོ་བོ་སྔ་ཕྱི་རིམ་ཅན་དུ་གྲུབ་པར་འགྱུར་བས་སྒྲ་རྟག་པ་དང་མ་བྱས་པར་འགྱུར་ཞིང༌། གཞན་ཡང་སྒྲ་ངེས་པའི་བློ་དེ་སྒྲའི་ངོ་བོ་སྔར་མེད་གསར་དུ་སྒྲུབ་བྱེད་དུ་འགྱུར་ཏེ། སྔར་བཤད་པའི་སྣང་བ་དེ་ཉིད་མ་འཁྲུལ་བའི་ཕྱིར། དོན་དམ་པར་ངོ་བོ་སྔར་མེད་གསར་དུ་བསྒྲུབ་ན་སྒྲའི་སྐྱེ་མཆེད་དུ་འགྱུར་ལ་དེ་ལྟ་ན་རྫས་ལ་ཆ་ཤས་ཀྱིས་བསྐྱེད་པ་མི་སྲིད་པས་


JLD014_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་ཆོས་ཐམས་ཅད་ཅིག་ཅར་དུ་བསྒྲུབ་པར་འགྱུར་རོ། །དེས་ན་དགག་སྒྲུབ་ཀྱི་དངོས་རྟེན་དོན་དམ་པར་མ་གྲུབ་སྟེ་ཕྱི་རོལ་ན་སྒྲའི་ཆོས་དེ་རྣམས་སྔ་ཕྱི་རིམ་གྱིས་གྲུབ་པ་དེ་འདྲ་མེད་ནའང་སྒྲ་གཞིར་བཟུང་ནས་དགག་སྒྲུབ་བྱེད་པའི་རྟོག་པ་ལ་དེ་ལྟར་སྣང་བའི་ཕྱིར་ཞེས་སྟོན་པ་ནི། དེ་འདྲ་མེད་ནའང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་བར་སྣང༌། ཞེས་སོགས་སོ། །གཞན་ཡང་སྒྲ་བྱས་མི་རྟག་པ་གསུམ་རང་མཚན་ཡིན་ཡང་སྒྲ་ཤེས་འདོད་ཆོས་ཅན་ཡིན་པ་དང་བྱས་པ་གཏན་ཚིགས་ཡིན་པ་དང༌། མི་རྟག་པ་བསྒྲུབ་བྱའི་ཆོས་ཡིན་པ་སོགས་ནི་སྒྲོ་བཏགས་ཡིན་ཏེ། དེ་དག་དོན་དམ་པར་གྲུབ་ན་སྒྲ་ཤེས་འདོད་ཆོས་ཅན་དུ་འཛིན་པའི་རྟོག་པ་ལ་བྱས་པ་སྒྲ་ལ་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་སྣང་བའི་སྣང་བ་དེ་ཉིད་མ་འཁྲུལ་བར་འགྱུར་ལ་དེ་ལྟ་ན་སྒྲ་དང་བྱས་པ་དོན་གཞན་དུ་འགྱུར་རོ། །དེ་བཞིན་དུ་གཞན་ལའང་སྦྱར་ཏེ་དོན་འདི་དག་ལ་དགོངས་ནས་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན། ཞེས་པ་དང༌། ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་ནི་བློས་ཀུན་བཏགས་པ་ཡིན་གྱི་དོན་དམ་ནི་མ་ཡིན་ཏེ། བློའི་བྱེ་བྲག་རང་འགའ་བ་རྣམས་ནི་དོན་གྱི་རྟེན་མ་ཡིན་པའི་ཕྱིར་རོ། ཞེས་བཤད་དོ། །དེ་བཞིན་དུ། ཆོས་དང་ཆོས་ཅན་རྣམ་གཞག་དང༌། ཞེས་སོགས་དང༌། དཔག་བྱ་དཔོག་པར་བྱེད་པ་ཡིན། །དོན་གྱི་ཐ་སྙད་གནས་པ་འདི། ཞེས་སོགས་


JLD014_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བྱས་པ་རང་མཚན་དུ་ཁས་བླངས་པ་ལ། རང་གི་གསལ་བ་རྣམས་ལ་རྗེས་སུ་འགྲོ་ལྡོག་བྱེད་པས་གནོད་པ་སྟོན་པ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། རང་ཉིད་རང་མཚན་གྱི་མཚན་གཞིར་གང་འདོད་ཐམས་ཅད་ལ་སྐྱོན་དེ་མཚུངས་པའི་ཕྱིར་རོ། །མཐར་གཏུགས་པ་ན་རང་ལུགས་ལ་རང་མཚན་གྱི་མཚན་གཞི་ཁས་བླངས་པ་མེད་པར་རྟོག་ངོར་ཡིན་ཞེས་སྨྲ་བ་དང༌། མདོ་སྡེ་པའི་ནང་འགལ་ལོ་ཞེས་སྨྲ་བ་ནི་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲི་མ་མེད་པའི་རིགས་པ་རྣམ་དག་གི་སེང་གེའི་ང་རོ་བསྒྲགས་པས་མུ་སྟེགས་བྱེད་ཀྱི་ཝའི་ཚོགས་སྐྲག་པར་བྱེད་པའི་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་ནས་གཞན་དག་གིས་རྒལ་ཞིང་བརྟག་པ་བྱས་པའི་ཚེ། ལན་གདབ་པར་མ་ནུས་པར་ཞུམ་པའི་ཝ་སྐད་ཡིན་ཏེ། རང་མཚན་རང་ལུགས་ལ་ཁས་ལེན་མི་ནུས་ནའང༌། དེ་གང་གི་ངོར་འཇོག་པའི་རྟོག་པ་ཁས་བླངས་པས་དེ་ལའང་རང་ཉིད་ཀྱིས་བཀོད་པའི་སྐྱོན་དེ་ཀུན་ནས་མཚུངས་པའི་ཕྱིར་རོ། །དེ་ཐམས་ཅད་ནི་ཡུལ་དུས་རང་བཞིན་གསུམ་པོ་འདྲེས་པ་དང་མ་འདྲེས་པའི་ས་ཚིགས་མ་ཕྱེད་པས་ནོངས་པ་ཡིན་ཏེ། འདི་ལྟར་ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་རང་མཚན་གཅིག་ཤར་ན་ཡོད་ན་ནུབ་ན་ཡོད་པར་འགལ་བ་དང༌། སྔ་དྲོ་ཡོད་ན་ཕྱི་དྲོ་མེད་པ་དང་ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་མེད་པ་དེ་ཡིན་ན་ཡུལ་དུས་རང་བཞིན་འདྲེས་པར་འཛིན་པའི་རྟོག་པའི་འཛིན་སྟངས་ལ་སྔ་དྲོ་ཡོད་ན་ཕྱི་དྲོ་ཡོད་པས་ཁྱབ་པ་དང༌། ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་


JLD014_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང༌། ཤར་ན་ཡོད་ན་ནུབ་ན་ཡོད་པར་འཛིན་དགོས་ན་དེ་ལྟ་བུ་ཡོད་མེད་ཁ་ནང་དུ་ཕྱོགས་ལ་ལེགས་པར་སོམས་ཤིགདེས་ན་ཡུལ་དུས་རང་བཞིན་འདྲེས་པར་འཛིན་པའི་བློ་ལ་སྔ་དྲོའི་ཀ་བ་དེ་ཉིད་ཕྱི་དྲོ་ཡོད་པར་འཛིན་པ་དང༌། ཀ་བ་དེ་ཉིད་ཤར་ནུབ་ཀྱི་རྫས་གཞན་ལ་རེག་པའི་ཚེ། ཤར་ལ་རེག་པ་དེ་ཉིད་ཀྱིས་ནུབ་ལའང་རེག་པར་འཛིན་པ་དང༌། བ་ལང་རང་གི་གསལ་བ་ཀུན་ལ་རྗེས་སུ་འགྲོ་བའི་ཚེ། ཁྲ་བོ་ལ་རྗེས་སུ་འགྲོ་བ་དེ་ཉིད་སེར་སྐྱ་ལའང་རྗེས་སུ་འགྲོ་བར་ཞེན་པ་ཡོད་པས། མ་འདྲེས་པའི་དོན་སྔ་དྲོའི་ཀ་བ་ཕྱི་དྲོ་མེད་པ་དུས་མ་འདྲེས་པའི་དོན་ཡིན་གྱི། ཀ་བ་སྔ་དྲོ་ཡོད་ན་ཕྱི་དྲོ་ཡོད་པར་འགལ་བ་དེའི་དོན་མིན་ཞིང༌། རང་གི་ཤར་ལ་རེག་པ་དེས་ནུབ་ལ་མ་རེག་པ་ཡུལ་མ་འདྲེས་པའི་དོན་ཡིན་གྱི། ཤར་ལ་རེག་ན་ནུབ་ལ་རེག་པར་འགལ་བ་དེའི་དོན་མིན་ལ། ཁྲ་བོའི་ངོ་བོ་སེར་སྐྱ་ལ་མེད་པ་རང་བཞིན་མ་འདྲེས་པ་ཡིན་གྱི། ཁྲ་བོ་དང་རྫས་གཅིག་ན་སེར་སྐྱ་དང་རྫས་གཅིག་པར་འགལ་བ་དེའི་དོན་མིན་ནོ། །དེ་ལྟར་མིན་ན། ཁྲ་བོ་ཡི་ནི་ངོ་བོ་གང༌། །དེ་ནི་སེར་སྐྱ་ལ་ཡོད་མིན། །དེ་འབྲས་ཅན་མིན་ལས་ལོག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན། །ཞེས་པའི་གཞུང་སྔ་ཕྱི་ནང་འགལ་བར་འགྱུར་ཏེ། བ་ལང་དེ་གཉིས་དང་རྫས་གཅིག་ན་དེ་གཉིས་ཀྱང་རྫས་གཅིག་ཏུ་འགྱུར་བར་ཁས་བླངས་པའི་ཕྱིར་རོ། །གསུམ་པ་ལ། སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་པའི་ཡུལ་དང༌། བརྡ་སྦྱར་བའི་ཡུལ་གཏན་ལ་ཕབ་པའོ། །དང་པོ་ནི། བ་ལང་ངོ་སྙམ་པ་དང༌།


JLD014_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བ་ལང་དཀར་པོའོ་སྙམ་པའི་བློ་དང༌། དེ་ལྟར་བརྗོད་པའི་ཐ་སྙད་འཇུག་པའི་གཞི་ནི། རྟོག་པས་བཏགས་པ་ཙམ་ཁོ་ན་ཡིན་གྱི། རང་མཚན་མིན་ཏེ། སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར་རོ། །དེས་ན། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། ཞེས་སོགས་དང༌། དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། ཞེས་སོགས་ཀྱི་དོན་ཡང༌། སྤྱི་དང༌། གཞི་མཐུན་གྱི་ཐ་སྙད་འཇུག་པའི་གཞི་བློ་རྟོག་པའི་ཡུལ་དུ་གྱུར་པའི་སྒྲ་དོན་དུ་སྟོན་པ་ཡིན་གྱི། དེ་དག་ཡིན་ན་རང་མཚན་མིན་པས་ཁྱབ་པར་སྟོན་པ་མིན་ཏེ། གསལ་བ་རང་མཚན་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོར་གྱུར་པ་དང་དངོས་མེད་དུ་གྱུར་པ་གཉིས་གཉིས་ཡོད་པའི་ཕྱིར་ཏེ། བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་བུམ་མ་ཡིན་ལས་ལོག་པ། དོན་གྱི་གཞན་སེལ་དང༌། བློའི་སེལ་བ་རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་སྒྲ་དོན་གྱི་མཚན་གཞིར་གྱུར་པ་གཉིས་སོ། །རང་ཉིད་ཀྱིས་སྤྱི་དངོས་པོ་བ་ཁས་བླངས་ཀྱང་སྐྱོན་མེད་ལ། གྲངས་ཅན་སོགས་ལ་གནོད་པ་འཇུག་པའི་རྒྱུ་མཚན་ནི། གྲངས་ཅན་གྱིས་སྔོན་པོའི་རང་བཞིན་དུ་གྱུར་པའི་གཙོ་བོ་དེ་ཉིད། སེར་པོའི་ཡང་རང་བཞིན་དང༌། གནས་ལུགས་དང་དོན་དམ་པའི་བདེན་པ་དང༌། སྤྱིར་ཁས་བླངས་ཤིང་སེར་པོའི་རང་བཞིན་ཡང་སྔོན་པོའི་རང་བཞིན་དུ་ཁས་བླངས་པ་ཡིན་ཏེ། གནོད་པ་བརྗོད་པའི་ཚེའང༌། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། ཞེས་སོགས་ལ་སྔོ་སེར་བློ་མ་འཁྲུལ་བ་ལ་ཐ་དད་དུ་


JLD014_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མི་འཐད་པར་ཐལ། སྔོན་པོའི་རང་བཞིན་དང་སེར་པོའི་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་པ་དང༌། སྤྱི་དེ་ལྟར་ཁས་བླངས་ན་ཆ་མེད་དུ་འགྱུར་བས་སྐྱེ་འགག་ཅིག་ཅར་ཐལ་བ་འཕེན་པ་ཡིན་གྱི་སྤྱིར་སྤྱི་གསལ་རྫས་གཅིག་ཏུ་ཁས་བླངས་པ་ལ་གནོད་པ་དེ་དག་འཇུག་པ་མིན་ནོ། །རྗེས་འགྲོ་དེ་ལས་འབྲས་མི་འབྱུང་། ཞེས་སོགས་ཀྱིས་གསལ་བ་ལ་རྗེས་སུ་འགྲོ་བ་སྒྲོ་བཏགས་ཡིན་པས་དེ་ལས་འབྲས་བུ་མི་འབྱུང་བར་སྟོན་པ་ཡིན་གྱི་ཁྱབ་པ་འཛིན་པ་མིན་ནོ། །དེ་བཞིན་དུ་སྤྱི་གསལ་རྫས་གཞན་དུ་ཁས་ལེན་པའི་བྱེ་བྲག་པས་ཀྱང་ཁྲ་བོ་ལ་རྗེས་སུ་འགྲོ་བ་དེ་ཉིད་སེར་སྐྱ་ལ་རྗེས་སུ་འགྲོ་བར་ཁས་བླངས་པས་ཆ་སོ་སོར་དབྱེར་མེད་པར་འགྱུར་ཞིང་དེ་ལྟར་ཁས་ཀྱང་ལེན་ཏེ། སྤྱི་ཆ་མེད་དུ་མི་ལེན་ན། ཕྱིས་ཡོད་ཆ་དང་ལྡན་པའང་མིན། ཞེས་སོགས་ཀྱིས་གནོད་པ་བརྗོད་པ་མི་འཐད་པར་འགྱུར་རོ། །གཉིས་པ་ནི། གཞི་དཀར་ཟལ་ལྟ་བུ་བ་ལང་གི་བརྡ་སྦྱོར་བའི་གཞི་དང༌། གཅིག་གཞིར་བཟུང་ནས་བརྡ་སྦྱར་བས་ཀུན་ལ་གོ་བ་དང་བརྡ་སྦྱོར་བ་ཐ་སྙད་ཀྱི་ཆེད་དུ་བྱས་པར་ཕྱི་ནང་གཉིས་ཀ་མཐུན་ཡང་དེ་ལྟར་གོ་བའི་རྒྱུ་མཚན་ལ་མི་མཐུན་ཏེ། སངས་རྒྱས་པ་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་བ་ལ་བརྡ་སྦྱོར་བར་འདོད་ཅིང༌། དེ་ཉིད་བ་ལང་གི་གསལ་བ་ཀུན་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་གསལ་བ་རེ་རེ་ནས་བརྡ་སྦྱོར་མི་དགོས་པ་ཡིན་ལ། གཞན་སྡེ་ནི་བརྡ་སྦྱར་སའི་སྤྱི་ཆ་མེད་གཅིག་ཀུན་ལ་ཡོད་པས་གཅིག་


JLD014_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྡ་སྦྱར་བའི་རྗེས་སུ་གསལ་བ་གཞན་ལའང་སྤྱི་དེ་མཐོང་ནས་བ་ལང་དུ་གོ་བས་གསལ་བ་རེ་རེ་ནས་བརྡ་སྦྱོར་མི་དགོས་ཟེར་རོ། །དེ་ལ་སྤྱིར། སྒྲ་རྣམས་ཀྱིས་ནི་བརྡ་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་སོགས་ཀྱི་དོན་མ་ངེས་ན་དོགས་པ་འདི་ལྟར་སྐྱེ་ས་ཡོད་དེ། བརྡ་སྦྱར་བའི་བ་ལང་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བས་ཐ་སྙད་ཀྱི་དུས་ཀྱི་བ་ལང་ལ་བརྡ་མ་སྦྱར། དེ་མ་སྦྱར་ན་ཐ་སྙད་ཀྱི་དུས་ཀྱི་བ་ལང་བ་ལང་དུ་གོ་བར་མི་འགྱུར། དེ་མ་གོ་ན་སྔར་བརྡ་བྱས་པའང་དོན་མེད་དེ། དེ་ནི་ཐ་སྙད་ཀྱི་ཆེད་དུ་བྱས་པ་ཡིན་པའི་ཕྱིར་རོ། །གཞུང་དེའི་དོན་དུ་བྱས་ནས་བརྡ་དུས་ཀྱི་བ་ལང་རང་མཚན་པ་ལ་བརྡ་སྦྱོར་མི་རིགས་པར་ཐལ། དེ་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཞེས་སྦྱོར་བ་ནི་སྒྲ་དོན་དང་རང་མཚན་གང་བརྡའི་ཡུལ་དུ་ཁས་བླངས་ཀྱང་། སྐྱོན་དེ་མཚུངས་པས་མི་རིགས་ལ། དེས་ན་དཀར་ཟལ་ལ་བ་ལང་གི་བརྡ་དོན་དམ་པར་སྦྱོར་བ་མིན་ཏེ། བརྡ་དུས་ཀྱི་དཀར་ཟལ་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་དཀར་ཟལ་ལ་བ་ལང་ངོ་སྙམ་པའི་བློའི་ཡུལ་དོན་དམ་པར་གྲུབ་པར་འགྱུར་ལ། དེ་གྲུབ་ན་བརྡ་སྦྱོར་བའི་གཞི་དཀར་ཟལ་དང་བརྡ་སྦྱར་ས་བ་ལང་མ་ཡིན་པ་ལས་ལོག་པ་གཉིས་གཅིག་ཏུ་འགྱུར་བས་དེ་ལྟར་ན་བ་ལང་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པར་འགྱུར་རོ། །འོ་ན་ཐ་སྙད་དུས་ཀྱི་ནག་སྒུར་ལ་བ་ལང་གི་བརྡ་སྦྱར་རམ་མ་སྦྱར། ཕྱི་མ་ལྟར་ན་གོ་མི་ནུས་པར་འགྱུར་ལ།


JLD014_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ལྟར་ན་བརྡ་སྦྱོར་གྱི་རྟོག་པ་སྒྲུབ་འཇུག་ཏུ་འགྱུར་རོ། ཞེ་ན། སྐྱོན་མེད་དེ། ཐ་སྙད་ཀྱི་དུས་ཀྱི་ནག་སྒུར་ལ་རྗེས་སུ་འགྲོ་བའི་བ་ལང་ལ་བརྡ་སྦྱར་བས་ནག་སྒུར་མཐོང་བ་ན་དེ་བ་ལང་དུ་གོ་ནུས་ཏེ། དཀར་ཟལ་གཞིར་བཟུང་ནས་བརྡ་སྦྱོར་བའི་ཚེ་ནག་པོ་སོགས་དང་ལྡན་པ་རྒྱུ་མཚན་དུ་བྱས་ནས་བརྡ་སྦྱར་བའི་ཕྱིར། སྒྲ་དང་མི་རྟག་པའི་ཚོགས་དོན་ཚད་མའི་ཞེན་ཡུལ་ཡིན་པ་བཞིན་དུ་དཀར་ཟལ་དང་བ་ལང་མིན་པ་ལས་ལོག་པའི་ཚོགས་པ་ལ་བརྡ་སྦྱར་བ་མིན་ཏེ། ཐ་སྙད་ཀྱི་དུས་ཀྱི་ནག་སྒུར་བ་ལང་དུ་གོ་བའི་ཕྱིར་དུ་བརྡ་བྱས་ཀྱི་དེ་དཀར་ཟལ་བ་ལང་མིན་པ་ལས་ལོག་པའི་ཚོགས་པར་ཤེས་པའི་ཕྱིར་དུ་བརྡ་མ་བྱས་པའི་ཕྱིར་རོ། །འོ་ན་དཀར་ཟལ་ལ་བ་ལང་གི་བརྡ་སྦྱོར་མི་རིགས་པར་འགྱུར་ཏེ། དེ་ལ་བ་ལང་གི་བརྡ་སྦྱར་ས་མ་ཡིན་པའི་ཕྱིར། སྙམ་ན་མི་འཐད་དེ། དཀར་ཟལ་ལ་བ་ལང་གི་སྒྲས་བརྗོད་པ་མི་རིགས་པར་འགྱུར་ཏེ། དཀར་ཟལ་དང་བ་ལང་གི་ཚོགས་པ་བ་ལང་ཞེས་པའི་སྒྲའི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །བརྡའི་ཡུལ་གྱི་གཙོ་བོ་སྔར་བཤད་པ་ལྟར་ཡིན་ཡང་དཀར་ཟལ་བ་ལང་མིན་པ་ལས་ལོག་པར་སྣང་བའི་སྒྲ་དོན་ཡང་བརྡའི་ཡུལ་དུ་འགྱུར་བ་ཡིན་ནོ། །བཞི་པ་དེ་དག་ལ་བརྟེན་ནས་གཞན་སེལ་བའི་རྣམ་གཞག་རྟོགས་པར་བྱ་བ་ལ། སྒྲ་སེལ་བའི་ཡུལ་ཅན་དང་སྒྲུབ་པའི་ཡུལ་ཅན་དུ་སྨྲ་བ་རྣམས་ཀྱི་ལུགས་སོ་སོར་བརྗོད་པ་དང༌། སྒྲ་རྟོག་སེལ་བའི་ཡུལ་ཅན་དུ་བསྒྲུབ་པ་དང༌། གཞན་སེལ་བའི་དབྱེ་བ་དང་མཚན་ཉིད་


JLD014_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དང་པོ་ནི། དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་སློབ་དཔོན་ཀ་མ་ལ་ཤཱིི་ལས་སྒྲ་རྣམས་ཀྱིས་དངོས་སུ་བསྒྲུབ་པ་དང་དགག་པ་སྒྲས་དངོས་པོའི་རང་བཞིན་དུ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ཡིན་ནོ་ཞེས་བྱ་བ་ནི་སྒྲའི་དོན་བསྒྲུབ་པར་སྨྲ་བ་རྣམས་ཀྱི་ལྟ་བའོ། །སེལ་བར་སྨྲ་བ་རྣམས་ནི་དམ་པའི་དོན་དུ་དངོས་པོའི་རང་གི་ངོ་བོ་ལ་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མིན་ཏེ། སྒྲའི་ཤེས་པ་ཐམས་ཅད་ཉིད་ནི་འཁྲུལ་བས་ཐ་དད་པའི་དོན་རྣམས་ལ་ཐ་མི་དད་པའི་རྣམ་པས་འཇུག་པ་ཡིན་ཏེ། གང་ལ་བརྒྱུད་པས་དངོས་པོ་དང་འབྲེལ་བ་དེ་ནི་འཁྲུལ་བ་ཉིད་ཡིན་ཡང་དོན་ལ་མི་སླུ་བ་ཉིད་ཡིན་པར་ལྟ་བ་ཡིན་ཏེ། དེ་ལ་སྒྲོ་བཏགས་པ་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེས་དོན་དང་ཐ་མི་དད་པའི་ངོ་བོ་དེ་ལས་གཞན་པ་ལས་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ལས་འོངས་པའི་ཕྱིར་དང༌། རང་ཉིད་ཀྱང་གཞན་ལས་ལོག་པར་སྣང་བའི་ཕྱིར་འཁྲུལ་བ་ཡིན་ཡང་གཞན་ལས་ལྡོག་པར་དོན་དང་ལྷན་ཅིག་པར་ངེས་པའི་ཕྱིར་དང༌། གཞན་སེལ་བའི་དངོས་པོ་རྟོགས་པ་འབྲས་བུ་ཡིན་པའི་ཕྱིར། གཞན་སེལ་བ་ཞེས་བརྗོད་དོ། །དེས་ན་སྒྲའི་དོན་ནི་སེལ་བ་ཡིན་པར་གྲུབ་བོ་ཞེས་གསུངས་པ་ལྟར། གཞན་སྡེ་རྣམས་ཀྱིས་བུམ་པའོ་སྙམ་པའི་བློ་ལ་དགག་བྱ་བཅད་ལྡོག་མི་སྣང་བར་བསྒྲུབ་པ་རང་དབང་བའི་ཚུལ་གྱིས་སྣང་བ་རྒྱུ་མཚན་དུ་བྱས་ནས་དེ་བཞིན་དུ་སྒྲ་རྟོག་ཐམས་ཅད་དངོས་པོའི་དབང་གིས་འཇུག་པ་ཡིན་པས་སྒྲུབ་པ་ཁོ་


JLD014_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལ་འཇུག་པ་ཡིན་གྱི་སེལ་བ་ལ་འཇུག་པ་མ་ཡིན་ནོ། ཞེས་སྨྲའོ། །སྒྲུབ་པའི་སྒྲ་རྟོག་སྒྲུབ་པའི་སྒོ་ནས་འཇུག་པ་ལ་དོགས་པ་ཤས་ཆེ་བས་སློབ་དཔོན་གྱིས་དེ་འགོག་པའི་རིགས་པ་རྒྱས་པར་གསུངས་ལ། དགག་པའི་སྒྲ་རྟོག་ལ་དོགས་པ་ཤས་ཆུང་བས། དངོས་མེད་ངོ་བོར་མེད་པའི་ཕྱིར། །ངོ་བོ་བརྗོད་བྱ་བཅད་བྱ་ཉིད། །མ་ཡིན་ཞེས་པ་ཙམ་ལས་མ་གསུངས་སོ། །བུམ་མེད་དེ་ལ་ངོ་བོ་ཅུང་ཟད་ཀྱང་མེད་པའི་ཕྱིར་དེ་བརྗོད་པའི་སྒྲས་ངོ་བོ་སྒྲུབ་པའི་སྒོ་ནས་ཡུལ་དུ་བྱས་སམ་དགག་བྱ་བཅད་པའི་སྒོ་ནས་ཡུལ་དུ་བྱས་སྙམ་དུ་དཔྱད་པར་བྱ་བ་མ་ཡིན་ཞེས་འཆད་པ་ནི། གཞུང་འདིའི་དོན་དུ་ཡེ་ནས་མི་རུང་བས་འདི་ལྟར་སྦྱར་ཏེ། གཞན་སྡེ་ལ་བུམ་མེད་བརྗོད་པའི་སྒྲ་དེས་བུམ་མེད་སྒྲུབ་པའི་སྒོ་ནས་ཡུལ་དུ་བྱས་སམ་དགག་བྱ་བཅད་པའི་སྒོ་ནས་ཡུལ་དུ་བྱས་སྙམ་དུ་དཔྱད་ནས་སྒྲུབ་པའི་སྒོ་ནས་འཇུག་ཅེས་དམ་འཆའ་བ་མི་རིགས་ཏེ། སྒྲས་བརྗོད་ཙམ་ཉིད་ན་དགག་བྱ་བུམ་པའི་ངོ་བོ་བཅད་པའི་གཞན་སེལ་ཉིད་དངོས་སུ་བརྗོད་པར་མཐོང་བའི་ཕྱིར་རོ་ཞེས་པའི་དོན་ནོ། །དེས་ན་བུམ་འཛིན་རྟོག་པ་སོགས་རིགས་མི་མཐུན་ལས་ལོག་པའི་དོན་གྱི་གཞན་སེལ་གྱི་སྟོབས་ལས་འོངས་པའི་ཕྱིར་དང༌། རང་དུས་ནའང་རིགས་མི་མཐུན་ལས་ལོག་པར་སྣང་ལ་ཕྱིས་ཀྱང་རིགས་མཐུན་རིགས་མི་མཐུན་ཀུན་ལས་ལོག་པའི་གཞན་སེལ་ཐོབ་པའི་མཐར་ཐུག་པ་ཅན་ཡིན་པའི་ཕྱིར་སེལ་བའི་


JLD014_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་ཡིན་ནོ་ཞེས་སེལ་བ་སྨྲ་བ་རྣམས་འདོད་པ་ཡིན་ནོ། །གཉིས་པ་ལ་སེལ་བའི་གཞི་འདིང་བ་དང༌། སེལ་བར་སྒྲུབ་པ་དངོས་སོ། །དང་པོ་ནི། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཞེས་སོགས་ཏེ་བྱས་མི་རྟག་རང་བཞིན་འབྲེལ་བར་གོང་དུ་བསྒྲུབ་ཟིན་ཀྱང་འདིར་ཡང་བཀོད་པ་ནི་སེལ་བའི་གཞི་འདིང་བའི་ཕྱིར་དུ་དོགས་པའི་གནས་ལ་བཀོད་པ་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་འགྱུར་ཏེ། བྱས་མི་རྟག་ངོ་བོ་དབྱེར་མེད་པའི་ཕྱིར། ཞེས་པ་ལ་ཁྱབ་པ་མ་གྲུབ་པའི་ལན་གྱི་སྒོ་ནས་རྒྱས་པར་སྟོན་པ་ཡིན་ནོ། །དངོས་པོ་ཀུན་ངོ་བོ་ཉིད་ཀྱིས་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པ་ཡིན་པས་རིགས་མཐུན་རིགས་མི་མཐུན་ཀུན་ལས་ལོག་པར་གནས་པ་ཡིན་ལ་དེས་ན་གཞི་སྒྲ་ལྟ་བུ་ལ་རིགས་མཐུན་ལས་ལོག་པ་དང༌། རིགས་མི་མཐུན་ལས་ལོག་པའི་ལྡོག་པ་དུ་མར་དབྱེར་རུང་ལ། ལྡོག་པ་དེ་དག་གི་སྒོ་ནས་སྒྲ་མི་རྟག་པ་ལྟ་བུའི་རང་གི་མཚན་ཉིད་དཔྱིས་ཕྱིན་པ་ཁོ་ནར་རྟོགས་ཤིང་ལྡོག་ཆོས་ཐ་དད་པ་དེ་དག་ཀྱང་དངོས་མིང་སོ་སོས་རྟོག་པ་སོ་སོའི་ཡུལ་དུ་གོ་དགོས་པས་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པར་ཐལ་བའི་སྐྱོན་མེད་དོ་ཞེས་པའོ། །བྱས་མི་རྟག་གི་ཐ་དད་ལྟ་བུ་ནི་རྟོག་པས་བཏགས་པ་ཙམ་གྱི་ཐ་སྙད་ཡིན་ཏེ། སྤྱིར་ཚད་མས་གྲུབ། དངོས་པོ་རང་གི་ངོ་བོའི་སྒོ་ནས་ཐ་དད་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་རྫས་ཐ་དད་དུ་འགྱུར་བས་བྱས་པ་


JLD014_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་ཐལ་ལོ། །རྟོག་པས་བཏགས་ཙམ་ཡིན་པས་ཐ་དད་མཚན་ཉིད་པ་མ་ཡིན་ནོ་ཞེས་སྨྲ་བ་ནི་ལྟག་ཆོད་ཡིན་ཏེ། བྱས་མི་རྟག་ཐ་དད་མཚན་ཉིད་པ་ཡིན་པ་འགོག་པའི་རྟགས་སུ་གང་བཀོད་ཐམས་ཅད་སྐྱོན་ཅན་དུ་འགྱུར་ཏེ། དེའི་རྟགས་ཆོས་ལ་འབྲེལ་བ་མེད་པར་ཁས་ལེན་དགོས་པའི་ཕྱིར་ཏེ། ཐ་དད་མཚན་ཉིད་པ་མེད་པར་མཚུངས་པར་ཁས་ལེན་དགོས་པའི་ཕྱིར་རོ། །དེས་ན་རྟོག་བཏགས་ཡིན་ཡང་ཐ་དད་འཇོག་ནུས་ཏེ། ཐ་དད་ཀྱི་དོན་ནི་སོ་སོ་བ་ཡིན་ལ་བྱས་མི་རྟག་ངེས་པའི་བློས་དེ་གཉིས་སོ་སོར་གོ་ཞིང་དེའི་འཛིན་སྟངས་ལ་གནོད་པ་མེད་པའི་ཕྱིར་རོ། །གཞན་དག་དུ་བའི་དུས་ན་མེ་འགགས་མེའི་དུས་ན་དུ་བ་མ་སྐྱེས་པས་རྒྱུ་འབྲས་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་ནོ་ཞེས་སྨྲ་བ་ནི། བཞི་བརྒྱ་པ་ལས། ཇི་ལྟར་རྒྱུན་ལ་ལྟ་ཉེས་ན། རྟག་པ་ཡོད་ཅེས་བྱ་བར་འགྱུར། །ཞེས་བཤད་པ་ལྟར་ཚོགས་རྒྱུན་འཇོག་མ་ཤེས་པའི་ལོག་རྟོག་འབའ་ཞིག་ཡིན་ཏེ། དེ་ལྟར་ན་རང་གི་མཚན་ཉིད་ཀྱིས་སྐྱེ་བར་མི་སྲིད་པར་ཐལ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་མི་སྲིད་པའི་ཕྱིར། གཞན་སྐྱེ་མེད་པ་མ་གྲུབ་ན་རྒྱུ་འབྲས་རྫས་གཞན་མི་སྲིད་པ་འགལ་ལོ། །གཞན་ཡང་རིགས་པ་དེ་ཙམ་གྱིས་རྒྱུ་འབྲས་རྫས་གཞན་འགོག་ནུས་ན། སྔོན་པོའི་ཤར་རྡུལ་དང་ནུབ་རྡུལ་ཡང་རྫས་གཞན་མ་ཡིན་པར་འགྱུར་ཏེ། ཤར་རྡུལ་གྱི་གོ་ས་ན་ནུབ་རྡུལ་མེད་ནུབ་རྡུལ་གྱི་གོ་ས་ན་ཤར་རྡུལ་མེད་པའི་


JLD014_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། གོ་ས་སོ་སོ་ན་འདྲེས་ནས་མེད་ཀྱང་ཚོགས་པ་གཅིག་གི་སྟེང་ན་རྫས་ཐ་དད་དུ་ཡོད་དོ་སྙམ་ན། མེ་དུ་གཉིས་ཀྱང་དུས་འདྲེས་ནས་མེད་ཀྱང་རྒྱུན་གཅིག་གི་སྟེང་ན་རྫས་ཐ་དད་དུ་ཡོད་པས་བསྐལ་པའི་བར་དུ་བསྒྲེ་བར་ནུས་སོ། །དེས་ན་མེ་དུ་གཉིས་སོ་སོའི་དུས་ན་རྒྱུ་འབྲས་སུ་མེད་ཀྱང་གཉིས་ཀ་ཆ་ཤས་སུ་ལྡན་པའི་རྒྱུན་གཅིག་གི་སྟེང་ན་རྒྱུ་འབྲས་སུ་གནས་ཤིང་རྒྱུ་འབྲས་ངེས་བྱེད་ཀྱི་མངོན་སུམ་གྱིས་ཀྱང་རྒྱུན་གྱི་སྟེང་ནས་ངེས་དགོས་པའི་ཕྱིར་ཏེ། འདི་ལྟར་དང་པོར་མེ་དུ་གཉིས་ཀ་དམིགས་རུང་མ་དམིགས་དེའི་རྗེས་སུ་མེ་དམིགས། དེ་ནས་དུ་བ་དམིགས། དེའི་རྗེས་སུ་མེ་མ་དམིགས། དེའི་རྗེས་སུ་དུ་བ་མ་དམིགས་པ་ལས་འགྲུབ་པའི་ཕྱིར། རྒྱུན་ལྡན་དུ་ངེས་ཏེ། དུ་བ་དམིགས་པའི་ཚེ་མེའི་རྒྱུན་མ་དམིགས་ན། དེའི་རྗེས་སུ་མེ་མ་དམིགས་ཞེས་བརྗོད་པ་མི་འཐད་ཅིང༌། མེ་དམིགས་རུང་མ་དམིགས་པའི་ཚེ་དུ་བའི་རྒྱུན་མི་གནས་ན་མེ་མ་དམིགས་པའི་རྗེས་སུ་དུ་བ་མ་དམིགས་ཞེས་བརྗོད་པ་མི་འཐད་པར་འགྱུར་རོ། །རྒྱུན་ལ་བལྟོས་ནས་རྒྱུ་འབྲས་སུ་མི་འགྲུབ་ན་དབང་པོའི་མངོན་སུམ་ཚད་མས་རྒྱུ་འབྲས་སུ་མི་འགྲུབ་པ་འགྱུར་ཏེ། དེས་སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་མེད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པ་མྱོང་བས་གྲུབ་པའི་ཕྱིར་རོ། །མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་དགོངས་པ་ལེགས་པར་འཆད་མི་ནུས་པ་ཁ་ཅིག་དོན་སྨྲ་གཉིས་ཀྱི་ལུགས་ལ་ཚོགས་རྒྱུན་ཡིན་ན་ཀུན་རྫོབ་ཙམ་དུ་གྲུབ་པར་འདོད་ཀྱི། བདེན་པར་གྲུབ་པར་མི་འདོད་དོ་ཞེས་


JLD014_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ནི། སྲིད་ཞི་མཉམ་ཉིད་ཀྱི་འགྲེལ་པར་དོན་སྨྲ་གཉིས་ཀྱི་ལུགས་བཀོད་པའི་དོན་དམ་དང་ཀུན་རྫོབ་ཀྱི་ས་ཚིགས་མ་ཕྱེད་པས་ནོངས་པ་ཡིན་ཏེ། དེ་ལྟ་ན་དོན་སྨྲ་བས་དབུ་མ་པ་ལ་རྩོད་པའི་ཚེའང་སྦྱིན་པ་བཏང་ཚུལ་ཁྲིམས་བསྲུངས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱིན་པའི་རྒྱུ་འབྲས་མི་འཐད་པར་ཐལ། དེ་དག་བདེན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་པའི་རྩོད་པ་དོན་སྨྲ་བ་རང་ཉིད་ཀྱིས་རྩ་བའི་གྲུབ་མཐའ་ལ་རང་ཉིད་ཀྱིས་དངོས་སུ་སུན་འབྱིན་བརྗོད་པར་འགྱུར་ཏེ། ཁྱེད་ལྟར་ན་དོན་སྨྲ་གཉིས་ཀྱི་རྩ་བའི་གྲུབ་མཐའ་ལ་རྒྱུ་འབྲས་དེ་དག་བདེན་པར་མ་གྲུབ་པར་འདོད་པའི་ཕྱིར། དབུ་མ་པས་ཐལ་འགྱུར་དེ་ཟློག་ནས་འཕངས་ན་དོན་སྨྲ་བས་འཁོར་གསུམ་ག་དངོས་སུ་ཁས་བླངས་དགོས་པར་འགྱུར་རོ། །འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་ཀྱང་རེ་ཞིག་བཞག་གོ །ད་ནི་དཀྱུས་ཀྱི་དོན་བཤད་པར་བྱ་སྟེ་སྒྲ་མི་རྟག་པར་རང་ལུགས་ལ་བསྒྲུབ་མ་ནུས་ནས་སྒྲ་མི་རྟག་པར་སྒྲུབ་པ་ནི་སེལ་ངོར་ཡིན་ནོ། །ཞེས་སྨྲ་བ་ནི་འགལ་བའི་རྣམ་གཞག་ལ་བློ་ཁ་མ་ཕྱོགས་པ་ཡིན་ཏེ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་སྲིད་དམ་མི་སྲིད། མི་སྲིད་ན་རང་གི་འདོད་པ་བསྒྲུབས་པས་དེའི་ཟློག་ཕྱོགས་དངོས་སུ་མི་ཁེགས་པ་དང༌། གཞན་འདོད་བཀག་པས་དེའི་ཟློག་ཕྱོགས་དངོས་སུ་བསྒྲུབ་མི་ནུས་པར་འགྱུར་ཏེ། ཕུང་གསུམ་ཁེགས་པའི་འགལ་བ་མི་སྲིད་པའི་ཕྱིར། དེ་ལྟ་ན་དགག་སྒྲུབ་


JLD014_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐ་སྙད་ཐམས་ཅད་མི་འཐད་པར་འགྱུར་རོ། །དང་པོ་ལྟར་ན་ཡ་གྱལ་གང་རུང་གཅིག་དམ་བཅས་པས་ཆོག་མོད། སེལ་ངོར་ཡིན་ཞེས་སྨྲ་ག་ལ་དགོས་སྦྱར་བ་ལ་དགོས་པ་ཅི་ཡོད། རྟགས་སུ་བཀོད་པའི་བྱས་པ་སྒྲ་ཡིན་མིན་གང་རུང་ཞིག་ཏུ་འདུས་ཀྱང་རྟགས་སུ་འགོད་པའི་ཚེ་སྒྲར་གྱུར་པའི་བྱས་པའམ་སྒྲ་མ་ཡིན་དུ་གྱུར་པའི་བྱས་པ་ཡིན་པའི་ཕྱིར་ཞེས་འགོད་མི་དགོས་པ་བཞིན་ནོ། །འདི་ཐམས་ཅད་རྟོག་པ་འཁྲུལ་བའི་རྣམ་གཞག་ཙམ་ཡིན་པས་ངེད་སྒྲ་རྟག་མི་རྟག་གང་ཡང་ཁས་མི་ལེན་ནོ་ཞེས་ཟེར་ན། སྒྲ་རྟག་མི་རྟག་གཉིས་ཀ་ཁས་ལེན་པ་ཇི་ལྟར་འགོགདངོས་འགལ་ལ་དེ་ཕུང་གསུམ་མི་སྲིད་པས་སྒྲ་མི་རྟག་པར་བསྒྲུབ་པ་ཉིད་རྟག་པ་བཀག་པ་ཡིན་པས་གཉིས་ཀ་ཁས་ལེན་པར་མི་རིགས་སོ་ཞེ་ན། འོ་ན་ཁྱེད་ལའང་ཕན་ཚུན་སྤངས་པའི་དངོས་འགལ་ལ་ཕུང་གསུམ་མི་སྲིད་པས་སྒྲ་ལ་རྟག་པ་བཀག་པ་ཉིད་སྒྲ་མི་རྟག་པར་བསྒྲུབ་པ་ཡིན་པས་གཉིས་ཀ་ཁས་མི་ལེན་པའང་མི་འཐད་དོ། །གཞན་ཡང་སྒྲ་ཡོད་མེད་དྲིས་པའི་ཚེ་ཚད་མའི་ངོར་ཡོད་དོ་ཞེས་སྦྱར་བ་མ་གཏོགས་སྤྱིར་ཡོད་དོ་ཞེས་དམ་འཆའ་མི་ནུས་པར་འགྱུར་བས། དང་པོ་ཉིད་ནས་ངེད་ཅིའང་ཁས་མི་ལེན་ནོ་ཞེས་སྨྲ་ན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གཉིས་པ་ནི། དོན་གྱི་རང་གི་ངོ་བོ་གཅིག་ཅེས་པའི་མཚམས་སྦྱར་དུ་སྒྲ་རྟོག་སྒྲུབ་པ་ཁོ་ན་ལ་མི་འཇུག་པར་སེལ་བ་ལ་འཇུག་པའི་རྒྱུ་མཚན་དུ་ཚད་མ་གཞན་འཇུག་པའི་ཕྱིར་ཏེ། ཞེས་བཀོད་པའི་རྟགས་ལ་བཟློག་ནས་གནོད་པ་


JLD014_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཚད་མ་བསྟན་པ་ནི། སྒྲ་འཛིན་མངོན་སུམ་གྱིས་དྲངས་པའི་སྒྲ་ངེས་པའི་ངེས་ཤེས་དེས་སྒྲ་དེ་སྒྲ་མ་ཡིན་པ་ལས་ལོག་པར་མ་གོ་ན་སྒྲ་མ་ཡིན་དུ་འཛིན་པའི་སྒྲོ་འདོགས་མི་གཅོད་པར་འགྱུར་ལ། སྒྲ་མ་ཡིན་ལས་ལོག་པར་གོ་ན་སྒྲ་རྟག་པ་ལས་ལོག་པར་ངེས་སམ་མི་ངེས། མི་ངེས་ན་སེལ་བའི་ཡུལ་ཅན་དུ་གྲུབ་ལ། ངེས་ན་ཆོས་གཅིག་བསྒྲུབས་པས་ཀུན་བསྒྲུབ་པ་དང༌། གཅིག་བཀག་ན་ཀུན་བཀག་པར་འགྱུར་བས་སྒྲ་ལ་བལྟོས་པའི་ཀུན་མཁྱེན་དུ་འགྱུར་ཏེ། སྒྲའི་སྟེང་ན་ཤེས་བྱ་ལ་སྲིད་ཚད་ཀྱི་གྲངས་དང་མཉམ་པའི་བཟློག་པ་ཡོད་ལ་དེ་དག་དུས་གཅིག་ཏུ་ངེས་ཏེ་གཅིག་པོ་དེས་མྱོང་སྟོབས་ཀྱིས་རྟོགས་པའི་ཕྱིར། གཞུང་དེས་ནི་སྒྲ་རྟོག་སྒྲུབ་པ་ཁོ་ན་ལ་འཇུག་ན་ཆོས་ཅན་འཇལ་བའི་ཚད་མ་མ་གཏོགས་ཚད་མ་ཕྱི་མ་གཞན་འཇུག་པ་དོན་མེད་དུ་བསྟན་ནས། རྗེས་སུ་དཔག་པ་ལས་ཀྱང་དངོས། ཞེས་པས། ཕྱོགས་ཆོས་འཇལ་བའི་རྗེས་དཔག་འཇུག་ན་རྗེས་དཔག་ཕྱི་མ་དོན་མེད་དུ་ཐལ་བ་བསྟན་ཞིང༌། སེལ་བ་སྨྲ་བ་ལ་ཉེས་པ་མེད་དེ། ངེས་པ་རེ་རེས་སྒྲོ་འདོགས་རེ་རེའི་ཞེན་ཡུལ་བཅད་པ་ངེས་པའི་སྒོ་ནས་སྒྲོ་འདོགས་རེ་རེ་ཁོ་ན་གཅོད་ཀྱི་ཀུན་མི་གཅོད་པའི་ཕྱིར་དང༌། མངོན་སུམ་ལ་ནི་མི་མཚུངས་ཏེ་མངོན་སུམ་ལ་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་སྣང་བ་བྱིན་པ་ཡིན་པས་རང་གི་གཟུང་བྱ་རང་མཚན་དང་གྲུབ་བདེ་རྫས་གཅིག་པའི་དངོས་པོ་ཀུན་མཐོང་བ་མི་འགལ་ལ། རྟོག་པའི་ངེས་ཡུལ་སྒྲོ་


JLD014_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཡིན་པས་སེལ་བས་འཇུག་དགོས་ཀྱིས་བསྒྲུབ་པས་འཇུག་མི་ནུས་ཏེ། དངོས་པོའི་ངོ་བོ་ཉིད་ཀྱིས་སྣང་བ་བྱིན་པ་མ་ཡིན་པའི་ཕྱིར་དང༌། དེ་རང་མཚན་ཡིན་ན་གཅིག་ངེས་ན་ཀུན་ངེས་པར་འགྱུར་རོ། །གསུམ་པ་ནི། གལ་ཏེ་ལྡོག་པ་སྤངས་པ་ཡི། །དངོས་པོའི་རྗེས་འགྲོ་གཞན་མེད་ན། ཞེས་སོགས་ཀྱིས་གཞན་སེལ་ལས་མ་གཏོགས་པའི་སྤྱི་མེད་ན་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་པ་མི་འཐད་པར་ཐལ། ས་བོན་གྱི་རང་བཞིན་དུ་གྱུར་པའི་སྤྱི་གཙོ་བོ་སོགས་ལ་མེད་ཅིང༌། དེ་རྣམས་ལ་ཡོད་པའི་རང་བཞིན་ས་བོན་ལ་མེད་པའི་ཕྱིར། དེས་ན་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་པ་ལ་དེ་རྣམས་རང་བཞིན་གཅིག་ཡིན་དགོས་སོ་ཞེས་པའི་གྲངས་ཅན་གྱི་རྩོད་པ་བཀོད་ནས། དེ་འགོག་པའི་རིགས་པ་རྒྱས་པར་གསུངས་པ་ལ་གྲངས་ཅན་གྱིས་གཞན་སེལ་ལ་མཚུངས་པར་རྩོད་པ་མི་མཚུངས་པའི་ལན། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། ཞེས་སོགས་ཀྱི་འགྲེལ་བཤད་སློབ་དཔོན་ཤཱཀྱ་བློས་གཞན་སེལ་གསུམ་བཤད་དོ། །དེའང་ལས་བྱ་བྱེད་གསུམ་ལ་སྦྱར་ནས་འདི་ལ་བསལ་བར་བྱ་བའི་གཞི་རྫ་བུམ་བུམ་པ་མ་ཡིན་པ་ལས་ལོག་པའི་དོན་གྱི་གཞན་སེལ་དང༌། འདི་བསལ་བའི་རང་བཞིན་བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་གི་གཞན་སེལ་དང༌། འདིས་སེལ་བར་བྱེད་པ་རྟོག་པ་ལ་བུམ་མ་ཡིན་པ་ལས་ལོག་པར་སྣང་བའོ། །དེ་དང་རྗེས་སུ་མཐུན་པར་ཚད་མའི་དེ་ཁོ་ན་ཉིད་བསྡུས་པར། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་ཏེ། །


JLD014_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

བློ་དང་དོན་གྱི་དབྱེ་བས་སོ། ཞེས་པའི་འགྲེལ་པར་སློབ་དཔོན་ཀ་མ་ལ་ཤཱི་ལས། མ་ཡིན་པ་དང་མེད་པའོ། ཞེས་བྱ་བ་ནི། མ་ཡིན་པར་དགག་པ་ཡིན་པའི་མཚན་ཉིད་དང་མེད་པར་དགག་པའི་མཚན་ཉིད་ཀྱང་ཞེས་བྱ་བའི་དོན་ནོ། །བློའི་བདག་ཉིད་དང་དོན་གྱི་བདག་ཉིད་ཀྱི་དབྱེ་བས་ཞེས་བྱ་བ་ནི་བློའི་བདག་ཉིད་དང་དོན་གྱི་བདག་ཉིད་ཀྱི་དབྱེ་བ་ལས་ཞེས་བྱ་བའི་དོན་ནོ། །དེ་ལ་བློའི་བདག་ཉིད་ནི་བློ་སོ་སོར་སྣང་བ་ལ་རྗེས་སུ་འཇུག་པའི་ངོ་བོ་གཅིག་པར་ཞེན་པའོ། །དོན་གྱི་བདག་ཉིད་ནི་དོན་གྱི་རང་བཞིན་ཏེ་རིགས་མི་འདྲ་བ་ལས་ལོག་པའི་དོན་གྱི་མཚན་ཉིད་ཅེས་བྱ་བའི་དོན་ནོ། །དེ་དག་གི་དབྱེ་བས་ཏེ་རྣམ་པར་དབྱེ་བས་ཏེ་ཞེས་བྱ་བར་བསྡུ་བའོ། །ཞེས་པ་དང༌། སེལ་བ་རྣམ་པ་གསུམ་བསྟན་པ་དེ་ཉིད་སྒྲའི་དོན་རྣལ་མ་ཡིན་པར་སྦྱར་བའི་ཕྱིར་ཞེས་པ་དང༌། དེ་ལྟར་རེ་ཞིག་གཟུགས་བརྙན་གྱི་མཚན་ཉིད་ཀྱི་སེལ་བ་ནི་དངོས་སུ་སྒྲའི་བསྐྱེད་པ་ཡིན་པའི་ཕྱིར། གཙོ་བོའི་སྒྲའི་དོན་ཡིན་ནོ། །ཞེས་བསྟན་ནས་ལྷག་མ་ཕལ་བའི་སེལ་བའང་སྒྲའི་དོན་ཉིད་དུ་བརྗོད་པ་ལ་འགལ་བ་མེད་པ་ཉིད་བསྟན་པའི་ཕྱིར། དངོས་ཀྱི་ཞེས་སོགས་གསུངས་པ་དང་དོན་མཚུངས་པ་ཡིན་ཏེ། དེ་ལ་རྫ་བུམ་ལ་བུམ་པ་ཞེས་བརྗོད་པའི་ཚེ་རྫ་བུམ་གྱི་སྟེང་གི་མེད་དགག་གི་གཞན་སེལ་སྒྲ་དེའི་ཤུགས་བསྟན་དང༌། བློའི་སེལ་བ་དངོས་ཀྱི་བརྗོད་བྱ་དང༌། དོན་གྱི་གཞན་སེལ་སྤྱིར་སྒྲའི་བསྟན་བྱ་ཡིན་ཡང་སྒྲ་དོན་དུ་འགྱུར་བ་མ་ཡིན་ཏེ། བརྗོད་བྱའི་གཞི་ལྡོག་ཙམ་དུ་ཟད་པའི་ཕྱིར་རོ། །


JLD014_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་སྒྲས་དངོས་སུ་བརྗོད་ནུས་ན་སྒྲའི་དངོས་ཀྱི་བརྗོད་བྱར་འགྱུར་རོ་ཞེ་ན་འཐད་པ་མ་ཡིན་ཏེ། རང་མཚན་རྟོག་པའི་སྣང་ཡུལ་དུ་ཐལ། རྟོག་པ་ལ་སྣང་བའི་ཕྱིར་ཏེ། རྟོག་པ་ལ་དེའི་རྣམ་པ་ཤར་བའི་ཕྱིར་རོ། །མ་གྲུབ་ན་དངོས་རྟོགས་མི་རུང་བར་འགྱུར་བ་དང༌། ཟླ་གཉིས་དབང་ཤེས་ཀྱི་སྣང་ཡུལ་དུ་འགྱུར་ཏེ། དབང་ཤེས་ལ་སྣང་བའི་ཕྱིར་རོ། །སེལ་བ་དང་དགག་པ་དོན་གཅིག་པས། དེ་ལ་དབྱེ་ན་མ་ཡིན་དགག་གི་གཞན་སེལ་དང༌། མེད་དགག་གི་གཞན་སེལ་ལོ། །དང་པོ་ལ་དོན་ཆོས་དང་བློ་ཆོས་གཉིས་ལས། དང་པོ་ནི་བུམ་པ་མ་ཡིན་པ་ལས་ལོག་པ་དང༌། སྒྲ་མི་རྟག་པ་མ་ཡིན་པ་ལས་ལོག་པ་ལ་སོགས་པ་སྟེ། སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། ཞེས་བཤད་པ་ལྟར་རོ། །དེའི་དོན་ནི་མེ་ཡོད་དང་སྒྲ་མི་རྟག་པ་མ་ཡིན་དགག་ཏུ་སྟོན་པ་མ་ཡིན་ཏེ། དེ་ནི་རྟགས་གཉིས་ལ་བརྟེན་པའི་དངོས་ཀྱི་གཞལ་བྱ་ཡིན་ལ། དེ་མ་ཡིན་ལས་ལོག་པ་གཉིས་ནི་ཚད་མ་དེའི་ཤུགས་ཀྱི་རྟོགས་བྱ་འབྲས་རང་གི་རྟགས་གཉིས་ཀྱིས་མ་ཡིན་དགག་སྒྲུབ་པར་བྱེད་ཅེས་བཤད་པ་དེ་ཡིན་ནོ། །འོ་ན་དངོས་ཀྱི་བསྒྲུབ་བྱའི་སྒོ་ནས་མི་སྟོན་པར་ཤུགས་ཀྱི་བསྒྲུབ་བྱའི་སྒོ་ནས་སྟོན་པ་ཅི་ཡིན་སྙམ་ན། རྟགས་ཡང་དག་ཐམས་ཅད་དགག་པ་བསྒྲུབ་པས་ཁྱབ་ལ། རྒྱུ་ཁྱབ་བྱེད་མ་དམིགས་པས་མེད་དགག་སྒྲུབ་པས་དེ་ལས་ཁྱད་པར་དུ་བྱས་པའི་ཕྱིར། མ་ཡིན་དགག་བསྒྲུབ་ཅེས་བཤད་པ་ཡིན་ནོ། །དེ་ལྟ་ནའང་དགག་རྟགས་སུ་ཐལ་བར་མི་འགྱུར་


JLD014_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ནི་དངོས་ཀྱི་བསྒྲུབ་བྱ་ལ་བལྟོས་ནས་བཞག་པ་ཡིན་ལ། དེ་ལྟ་མ་ཡིན་ན་རྗེས་དཔག་ཚད་མ་མཐའ་དག་དགག་རྟོག་ཏུ་འགྱུར་རོ། །བློའི་གཞན་སེལ་ནི་བུམ་འཛིན་རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་ཉིད་ཡིན་གྱི། སྒྲ་དོན་མཐའ་དག་དེར་མི་རུང་སྟེ་བསལ་བྱ་དངོས་སུ་བསལ་བའི་སྒོ་ནས་རྟོགས་དགོས་པའི་ངེས་པ་མེད་པའི་ཕྱིར་རོ། །འོ་ན་བུམ་འཛིན་རྟོག་པ་དགག་རྟོག་ཏུ་འགྱུར་ཏེ། བུམ་མ་ཡིན་ལས་ལོག་པར་སྣང་བའི་ཕྱིར་དང༌། དེ་ཉིད་དགག་པ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་དབང་པོའི་མངོན་སུམ་གྱིས་མེད་དགག་གཟུང་ཡུལ་དུ་བྱེད་པར་འགྱུར་ཏེ། རང་མཚན་རྣམས་འདྲེ་བ་མེད་པར་སྣང་བའི་ཕྱིར་དང༌། རང་མཚན་འདྲེ་བ་མེད་པ་མེད་དགག་ཡིན་པའི་ཕྱིར་རོ། །དེས་ན་བློའི་སྣང་ཚུལ་དང༌། དོན་གྱི་གནས་ཚོད་དང༌། རང་ལྡོག་དང་གཞི་ལྡོག་སོགས་ཀྱི་རྣམ་དབྱེ་ལ་མཁས་པར་བྱའོ། །བཞི་པ་ནི། གཞན་སེལ་ཙམ་གྱི་མཚན་ཉིད་དགག་བྱ་དངོས་སུ་བསལ་བའི་སྒོ་ནས་རྟོགས་པར་བྱ་བའོ། །མ་ཡིན་དགག་གི་གཞན་སེལ་དང་མེད་དགག་གི་གཞན་སེལ་གྱི་མཚན་ཉིད། སྔ་མ་དེ་གང་ཞིག་སྒྲུབ་ཆོས་འཕེན་པ་དང་མི་འཕེན་པའོ། །བློ་དང་དོན་གྱི་གཞན་སེལ་གྱི་མཚན་ཉིད། རིམ་པ་བཞིན་དུ་མ་ཡིན་དགག་གི་སེལ་བ་གང་ཞིག་བློས་བཏགས་པ་ཙམ་དུ་གནས་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པར་གནས་པའོ། །བུམ་པ་རང་མཚན་ཡང་གཞན་སེལ་དུ་འདོད་དགོས་ཏེ། བསལ་


JLD014_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རིགས་མི་མཐུན་སེལ་བའི་ཕྱིར་རོ་སྙམ་ན། དགག་པར་ཡང་འགྱུར་ཏེ་དགག་བྱ་རིགས་མི་མཐུན་འགོག་པའི་ཕྱིར་རོ། །ཀུན་ནས་མཚུངས་སོ། །གསུམ་པ་བདེན་གཉིས་ཀྱི་རྣམ་གཞག་དངོས་ལ། བདེན་པ་གཉིས་ཀྱི་མཚན་ཉིད་དང༌། ཕྱི་རོལ་དོན་གྱི་རྣམ་གཞག་མཛད་པའི་དགོས་པ་དང༌། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པའི་སྒོ་ནས་གསུང་རབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་དང༌། ཚད་འབྲས་ཀྱི་རྣམ་གཞག་གོ །དང་པོ་ནི། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། ཅེས་སོགས་ཏེ། སྐབས་འདིར་དོན་སེམས་གཉིས་བདེན་གཉིས་ཀྱི་མཚན་གཞི་ལ་མི་མཐུན་པ་ཡོད་ཀྱང་མཚན་ཉིད་ལ་མི་མཐུན་པ་བཞག་དཀའ་བས་ཐུན་མོང་བའི་དབང་དུ་བྱས་ནས། གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེ་དག་ཐ་དད་ཀྱང༌། ཞེས་པའི་འགྱུར་རྙིང་ལ། ཀུན་རྫོབ་དེ་དག་ཐ་དད་ཀྱང༌། ཞེས་འབྱུང་བ་ལྟར། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་ཀུན་རྫོབ་ཀྱི་སྒྲ་བཤད་པའི་དོན་དུ་གྲུབ་མཐའ་སྨྲ་བ་ཕལ་ཆེར་མཐུན་ལ། རང་མཚན་དངོས་སུ་གཟུང་ཡུལ་དུ་བྱེད་པ་ལ་སྒྲིབ་པའི་བློ་ཀུན་རྫོབ་པས་བཞག་པའི་དོན་དེ་ཉིད་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། དེའི་ངོར་བདེན་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་བདེན་པའི་མཚན་ཉིད་ནི་བློ་ཀུན་རྫོབ་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་སོ། །དོན་དམ་བདེན་པའི་མཚན་ཉིད་རྟོག་པས་བཏགས་པ་ཙམ་མ་


JLD014_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པ། མཛོད་ནས་བཤད་པའི་བདེན་གཉིས་དང་འཇོག་ཚུལ་མི་གཅིག་སྟེ། དེ་ནས་བུམ་པ་ལ་སོགས་པ་བཅོམ་པས་དེའི་བློ་འདོར་དུ་རུང་བ་ལ་ཀུན་རྫོབ་ཏུ་བཞག་ལ། འདིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་དོན་དམ་པར་གྲུབ་པར་བཞག་པས་དེར་ཀུན་རྫོབ་ཀྱི་མཚན་གཞིར་བཤད་ཀྱང༌། འདིར་དོན་དམ་པའི་མཚན་གཞིར་བཞག་པ་ཡིན་ནོ། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་སོགས་ཀྱིས་རྗེས་དཔག་ཚད་མའི་གཞལ་བྱ་ཡིན་ན། སྤྱི་མཚན་དང༌། དོན་བྱེད་མི་ནུས་པ་སོགས་ཀྱིས་ཁྱབ་པ་དང༌། མངོན་སུམ་ཚད་མའི་གཞལ་བྱ་ལ་དེ་ལས་ལྡོག་པས་ཁྱབ་པར་བཤད་ཅིང༌། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། ཞེས་པའི་སྐབས་སུའང་ལྐོག་གྱུར་ཡིན་ན་རང་མཚན་མ་ཡིན་པས་ཁྱབ་པ་ལྟ་བུར་བཤད་པ་དང༌། ཡང༌རང་གི་མཚན་ཉིད་གཅིག་གཞལ་བྱ། ཞེས་རང་མཚན་ཁོ་ན་གཞལ་བྱར་བཤད་པར་དང༌། ཡང་གཞལ་བྱ་གཅིག་ཉིད་ཚད་མ་གཉིས་ཀས་རྟོགས་ཚུལ་ཐ་དད་པའི་སྒོ་ནས་འཇལ་བར་བཤད་པ་སོགས་ཇི་ལྟར་ཡིན་ཞེ་ན། གཞལ་བྱ་རང་མཚན་གཅིག་པུར་བཤད་པ་ཚད་མའི་དངོས་ཀྱི་གཞལ་བྱ་ལ་བསམས་པ་མ་ཡིན་ཏེ། རྟོགས་ལྡན་ཚད་མའི་སྒོ་ནས་དཔྱད་པ་བྱེད་པ་ཐམས་ཅད་རང་མཚན་ཁ་ཅིག་སྔར་མ་བཀག་པ་གསར་དུ་དགག་པ་མ་བྱས་ན་གནོད་པ་བསྐྱེད་པ་དང༌།


JLD014_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མ་རྟོགས་པ་གསར་དུ་རྟོགས་པར་བྱས་པ་ལས་གནས་སྐབས་དང་མཐར་ཐུག་གི་ཕན་པ་བསྐྱེད་པར་མཐོང་ནས་དགག་སྒྲུབ་བྱེད་པ་ཡིན་ལ། ཕན་གནོད་དེའང་རང་མཚན་ཁོ་ནས་བྱེད་པས། རང་གི་མཚན་ཉིད་གཅིག་གཞལ་བྱ། ཞེས་སྨོས་ཏེ་དེ་ཕན་ཆད་དུ་འབྲས་བུ་མེད་ན་བདག་མེད་ངེས་པ་ལའང་དགོས་པ་མེད་པའི་ཕྱིར་རོ། །གཞལ་བྱ་གཉིས་ཕྱིར། ཞེས་སོགས་ཀྱིས་མངོན་རྗེས་གཉིས་ཀྱི་ཚད་མར་སོང་ས་རང་མཚན་དང་སྤྱི་མཚན་གཉིས་སོ་སོ་ཁོ་ནར་ངེས་པར་སྟོན་པ་མ་ཡིན་ཏེ། སྒྲོ་འདོགས་གསར་དུ་གཅོད་པ་ལ་རང་མཚན་གཟུང་ཡུལ་དུ་བྱས་ནས་གཅོད་པ་དང་སྤྱི་མཚན་གཟུང་ཡུལ་དུ་བྱས་ནས་གཅོད་པ་གཉིས་མཐོང་གི་གཞན་མ་མཐོང་བས་འཇལ་ཚུལ་གཉིས་ཁོ་ནར་ངེས་པའི་དོན་ནོ། །དེ་བཞིན་དུ་དོན་བྱེད་ནུས་མི་ནུས་གཟུང་ཡུལ་དུ་བྱེད་པ་སོགས་ལའང་སྦྱར་གྱི་ཚད་མར་སོང་ས་སོ་སོར་ངེས་པར་སྟོན་པ་མ་ཡིན་ནོ། །ཚད་མར་སོང་ས་སོ་སོར་ངེས་པ་ལ་བཤད་པར་གཟུང་དུ་དོགས་ནས། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་བཀོད་པ་ཡིན་ཏེ། ཡུལ་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་གཟུང་ཡུལ་དུ་བྱས་ནས་འཇལ་བ་དང༌། དེ་ལས་གཞན་པའི་ངོ་བོ་གཟུང་ཡུལ་དུ་བྱས་ནས་འཇལ་བ་གཉིས་ཡོད་པས། གཞལ་བྱ་གཉིས་ཕྱིར་ཞེས་སྨོས་ཀྱི་ཚད་མར་སོང་ས་སོ་སོར་ངེས་པའི་དབང་གིས་མ་ཡིན་ཏེ། མངོན་སུམ་ཚད་མས་ཀྱང་སྤྱི་མཚན་དང་རྗེས་དཔག་ཚད་མས་ཀྱང་རང་མཚན་འཇལ་བའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་


JLD014_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་དང་པོར་ཕྱི་རོལ་དོན་གྱི་རྣམ་གཞག་མཛད་པ་ནི་གཟུང་འཛིན་རྫས་ཐ་དད་བཀག་པའི་ཆོས་ཀྱི་བདག་མེད་རེ་ཞིག་བསྟན་པའི་སྣོད་དུ་མི་རུང་བའི་ཉན་ཐོས་ཀྱི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་གསུངས་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་རང་ཉིད་ཐེག་པ་ཆེན་པོར་བགྲོད་པའི་ལམ་གྱི་དམིགས་པ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་དང༌། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་ཕྱི་དོན་འཇོག་པའི་རྣམ་གཞག་གཉིས་བྱས་པ་ཡིན་གྱི། རྣམ་རིག་པ་རང་ཉིད་ཐ་སྙད་དུ་ཁས་ལེན་པའི་ཕྱིར་བྱས་པ་ནི་མ་ཡིན་ཏེ། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ་དོན་དམ་འཇལ་བའི་ཚད་མས་གནོད་པ་མཁས་པའི་དབང་པོ་སུའང་མི་བཞེད་པའི་ཕྱིར་རོ། །འོ་ན་ཉན་ཐོས་ཀྱི་ལམ་བགྲོད་པ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཕྱི་རོལ་མ་གྲུབ་བཞིན་དུ་ཕྱི་རོལ་མི་རྟག་པར་གཏན་ལ་ཕབ་ནས་སྒོམ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་ཕྱི་རོལ་དོན་གྱིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་མི་རྟག་སོགས་སུ་གཏན་ལ་ཕབ་ནས་གོམས་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། ལེའུ་གཉིས་པར་ལམ་ཐུན་མོང་བའི་དབང་དུ་བྱས་ནས་གང་ཟག་གི་བདག་མེད་ཙམ་ཞིག་བསྟན་ནས་ལེའུ་གསུམ་པར་ཆོས་ཀྱི་བདག་མེད་གཏན་ལ་ཕབ་སྟེ། དེའང་ཤེར་ཕྱིན་གྱི་མདོ་སོགས་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་


JLD014_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་བཤད་པའི་དགོངས་པ་གང་ཡིན་ཞེ་ན། དངོས་རྣམས་ཐ་དད་གནས་པ་འདི། །དེ་ཐ་དད་ལ་བརྟེན་པ་ཡིན། །དེ་ནི་བསླད་པ་ཉིད་ཡིན་ན། །དེ་དག་ཐ་དད་ཀྱང་བསླད་འགྱུར། །གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། །ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡིན། ཁྱད་པར་ཅན་དེའང་དེ་ཉིད་ཡིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། ཞེས་སོགས་ཀྱིས་འགྲེལ་ཏེ། ཚིགས་བཅད་དང་པོ་གཉིས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་དང་མཚན་ཉིད་མེད་པ་སོགས་སུ་གསུངས་པའི་དགོངས་པ། རྣམ་རིག་པའི་ལུགས་ལའང་མི་འགལ་བའི་འགྲེལ་ཚུལ་གྱི་གཙོ་བོ་དང་ཚིགས་བཅད་གསུམ་པས་རང་བཞིན་མེད་པའི་དགོངས་པ་འདི་བཞིན་དུའང་བཤད་དུ་རུང་ངོ་ཞེས་པའི་འགྲེལ་ཚུལ་གཞན་འཆད་པ་ཡིན་གྱི། དེ་ཉིད་མདོ་སྡེ་པ་ལ་སྦྱོར་བ་མི་འཐད་དེ། ཉན་ཐོས་སྡེ་པ་ཕལ་ཆེར་ཐེག་པ་ཆེན་པོའི་མདོ་སྡེ་བཀར་མི་འདོད་པས་དེའི་དགོངས་པ་མི་འཆད་ཁ་མེད་མིན་པའི་ཕྱིར་དང༌། དེས་ཀྱང་དེ་དག་མཚན་ཉིད་བྲལ། ཞེས་པའི་ཀྱང་གི་སྒྲས་སྔ་མ་སྡུད་པའི་ཕྱིར་རྣམ་རིག་པ་རང་གི་ལུགས་ཡིན་ནོ། །དེས་ན་ཚིགས་བཅད་དང་པོའི་དོན་ནི་དངོས་རྣམས་ཐ་དད་བྱས་པ་སྟེ་འདི་ནི་རྒྱུའོ་འདི་ནི་འབྲས་བུའོ་ཞེས་སོགས་གཉིས་ཆོས་ཐ་དད་འབྱེད་པ་ཐམས་ཅད་ཁ་ཕྱིར་ལྟའི་ཤེས་པས་འབྱེད་པ་ཡིན་གྱི་རང་རིག་མངོན་སུམ་གྱིས་མ་ཡིན་ཏེ། དེའི་ངོ་བོར་


JLD014_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་ནུབ་པའི་ཕྱིར་རོ། །ཕྱིར་ལྟའི་ཤེས་པའི་ནང་ནས་ཀྱང་རྟོགས་པས་འབྱེད་པ་ཡིན་ཏེ། དེ་ལ་ཡུལ་དུ་སྣང་བ་རྒྱངས་ཆད་པའི་ཚུལ་གྱིས་ལོགས་སུ་འཆད་བར་སྣང་ལ། ཡུལ་ཅན་ཡང་དེ་ལས་ཐ་དད་དུ་གནས་པའི་གཟུང་འཛིན་རྫས་ཐ་དད་ལྟ་བུར་སྣང་བས་ཁྱབ་པས། གཉིས་ཆོས་ཐམས་ཅད་གཟུང་འཛིན་རྫས་ཐ་དད་དུ་སྣང་བ་ལ་བརྟེན་ནས་གནས་པ་ཡིན་ལ། ཇི་ལྟ་ཇི་ལྟར་རྣམས་བསམས་པ། ཞེས་སོགས་ཀྱིས་རིགས་དང་གཟུང་འཛིན་རྫས་ཐ་དད་དུ་སྣང་བ་ལྟར་མ་གྲུབ་པར་གྲུབ་པས་གཟུང་འཛིན་རྫས་ཐ་དད་དུ་སྣང་བས་འཁྲུལ་བའི་ཕྱིར་གཉིས་ཆོས་ཐམས་ཅད་སོ་སོར་སྣང་བའང་འཁྲུལ་བ་ཡིན་ནོ། །དེས་ན་མཚན་མཚོན་དུ་བཞག་པའི་མཚོན་བྱའང་ཡུལ་རྒྱངས་ཆད་དུ་སྣང་བ་ལས་མཚོན་དགོས་ལ། མཚོན་བྱེད་ཀྱང་ཡུལ་ཅན་དུ་སྣང་བའི་གཟུང་འཛིན་རྫས་ཐ་དད་ཀྱི་རྣམ་པས་ཏེ་སྣང་བ་ལས་གཞན་པའི་མཚན་མཚོན་སོ་སོར་འབྱེད་མི་ནུས་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་ཕྱིར་མཚན་ཉིད་ཀྱང་བདེན་པས་སྟོང་པ་ཞེས་བྱ་ལ། དེ་ལ་དགོངས་ནས་རང་བཞིན་མེད་པ་དང་མཚན་ཉིད་མེད་པར་མདོ་ལས་གསུངས་སོ། །ཚིགས་བཅད་གསུམ་པའི་དོན་ནི། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་མཚོན་བྱ་བྱེ་བྲག་སོ་སོ་ཐ་དད་པ་རྣམས་མཚོན་པའི་ཚེ། འདིས་མཚོན་པར་བྱེད་པས་ན་ཞེས་མཚོན་བྱེད་ཐམས་ཅད་བྱེད་པས་ཁྱད་


JLD014_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་བྱས་ལ། འདི་མཚོན་པར་བྱ་བས་ན་ཞེས་མཚོན་བྱ་ཐམས་ཅད་བྱ་བས་ཁྱད་པར་དུ་བྱས་ལ་བྱ་བྱེད་དེའང་མཚན་ཉིད་བདེན་པས་སྟོང་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མཚན་ཉིད་བྱེད་པ་ལས་རྫས་ཐ་དད་དང་མཚོན་བྱ་བྱ་བ་ལས་རྫས་ཐ་དད་དུ་འགྱུར་བས་སོ། །བྱ་བྱེད་བདེན་པས་སྟོང་པ་ལ་དགོངས་ནས་ཀྱང་ཤེར་ཕྱིན་ལ་སོགས་པའི་མདོ་ལས་ཆོས་ཐམས་ཅད་མཚད་ཉིད་མེད་པ་དང་རང་བཞིན་མེད་པར་གསུངས་སོ། །བཞི་པ་ཚད་འབྲས་ཀྱི་རྣམ་གཞག་ལ་སྤྱིའི་རྣམ་གཞག་དང་། སོ་སོའི་རྣམ་གཞག་གོ །དང་པོ་ནི། ཡོངས་སུ་བཅད་བྱ་ཐམས་ཅད་ཡུལ་ཡུལ་ཅན་གཉིས་སུ་འདུ་ལ། གཅོད་བྱེད་ཐམས་ཅད་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་འདུ་ཞིང༌། བཅད་པའི་འབྲས་བུ་ལ་རང་རིག་དང་གཞན་རིག་གཉིས་སུ་འདུས་པ་ལ། གཞན་སྡེ་རྣམས་དང་རང་སྡེ་བྱེ་བྲག་ཏུ་སྨྲ་བ་སོགས་ཚད་འབྲས་རྫས་ཐ་དད་དུ་འདོད་པ་ནི་མི་རིགས་ཏེ། འཇོག་བྱེད་གཞན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །འདི་ལྟར་ཡུལ་གྱི་རྣམ་པ་ཤར་བ་མེད་ན་ཡུལ་རྟོགས་པ་ཉིད་མི་འགྲུབ་ལ་རྣམ་པ་ཤར་བ་ཡོད་ན་དེ་ཉིད་ཀྱིས་ཡུལ་རྟོགས་པར་འཇོག་ནུས་པས་འཇོག་བྱེད་གཞན་བརྒྱུད་པ་དོན་མེད་དོ། །སྐབས་འདིར་ཚད་མ་ཞེས་པའི་ཐ་སྙད། ཚད་མའི་མཚན་ཉིད་ཡིན་པས་བྱས་པ་མ་ཡིན་ཏེ། མི་སླུ་བ་དང་མ་ཤེས་དོན་གསལ་དོན་གཅིག་ན། ལོག་ཤེས་ཀྱི་གཟུང་རྣམ་མཐའ་དག་ཀྱང་ཚད་མར་ཐལ་བ་དང༌། ཡང་ན་མི་སླུ་བ་ཚད་མའི་མཚན་ཉིད་དུ་དོན་མེད་


JLD014_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །མཚོན་བྱ་ཚད་མའི་ཐ་སྙད་ཡིན་པས། ཚད་མར་བཞག་པའང་མ་ཡིན་ཏེ། གཟུང་རྣམ་དང་འཛིན་རྣམ་གཉིས་ཀྱིས་མཚོན་བྱ་འཇོག་མི་ནུས་པར་འགྱུར་བ་དང༌། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཀྱང་མི་སླུ་བར་འགྱུར་ཏེ་གཟུང་རྣམ་ཡིན་པའི་ཕྱིར་རོ། །དེས་ན་ཚད་མའི་མཚན་གཞི་ཡིན་པས་ཚད་མའི་ཐ་སྙད་བྱས་པ་ཡིན་ཏེ། ཚད་མས་བསྡུས་པའི་གཟུང་རྣམ་དང་འཛིན་རྣམ་གྱི་ཁྱད་པར་འགའ་ཞིག་འདིར་རང་རིག་དང་གཞན་རིག་གཉིས་ཀྱི་འཇོག་བྱེད་དུ་སྨོས་པ་ཡིན་ནོ། །དེ་ལ་སྤྱིར་ཚད་མའི་འབྲས་བུ་ལ་ཆོད་པའི་འབྲས་བུ་དང་མ་ཆོད་པའི་འབྲས་བུ་གཉིས་ཡོད་ལ། དང་པོ་ནི། བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང༌། ཞེས་བཤད་པ་ལྟར་ཚད་མས་དོན་རྟོགས་པ་ལ་བརྟེན་ནས་རྟོགས་ལྡན་སྐྱེས་བུས་ཕན་པའི་དོན་ཐོབ་པ་དང༌། མི་ཕན་པའི་དོན་སྤངས་པ་གཉིས་ཡིན་ལ། དེའང་ཡང་དག་ཤེས་པ་ལ་བརྟེན་ནས་དུག་དང་ཚེར་མ་སོགས་སྤོང་ནུས་པ་ནི་ཕལ་པ་ཙམ་ཡིན་གྱི། གཙོ་བོ་ནི་སྡུག་བསྔལ་མཐའ་དག་སྤངས་པ་དང༌། ཐར་པའི་བདེ་བ་ཐོབ་པ་གཉིས་ཡིན་ཏེ། རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་ཙམ་མོ། །ཞེས་གསུངས་པའི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མ་ཆོད་པའི་འབྲས་བུ་


JLD014_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡུལ་རྟོགས་པ་ཉིད་ཡིན་ཏེ། ཚད་མ་རྒྱུད་ལ་སྐྱེས་པའི་དངོས་ཀྱི་དགོས་པ་དེ་ཡིན་པའི་ཕྱིར་རོ། །སྤྱིར་ཚད་མ་ཙམ་གྱི་མཚན་ཉིད་དང་ཚད་མའི་འབྲས་བུ་དོན་རྟོགས་ཀྱི་མཚན་ཉིད་གཉིས་སྔོན་དུ་གང་ངེས་པ་འགྲོ་དགོས་སྙམ་ན། ཕྱི་མ་སྔོན་དུ་འགྲོ་དགོས་ཏེ། སྔོར་སྣང་དབང་པོའི་མངོན་སུམ་ཚད་མ་དེ་ལ་སྔོན་པོ་རྟོགས་པར་འཇོག་ནུས་ཀྱི་སྔོན་པོའི་རྣམ་པ་ཤར་བ་དང་པོར་ངེས་ནས། དེའི་རྗེས་སུ་ཚད་མར་འཇོག་པའི་འཇོག་བྱེད་མི་སླུ་བ་དེ་ཉིད་རང་སྟོབས་སམ་གཞན་སྟོབས་ཀྱིས་ངེས་པར་བྱེད་དགོས་པའི་ཕྱིར་རོ། །རང་ངེས་གཞན་ངེས་ལའང༌། སྔོན་འཛིན་མངོན་སུམ་ལ་དཔེར་བརྗོད་ན་ཡུལ་སྔོན་པོ་ལ་བལྟོས་ཏེ་རང་སྟོབས་ཀྱིས་ངེས་ན་རང་ངེས་དང༌། གཞན་སྟོབས་ཀྱིས་ངེས་ན་གཞན་ངེས་ཚད་མར་འཇོག་པ་ཡིན་ནམ། ཡུལ་ཅན་ལ་བལྟོས་ཏེ་མཚན་མཚོན་གཞི་གསུམ་ཡོད་པའི་མཚན་གཞི་སྔོན་འཛིན་མངོན་སུམ་ལ་རང་སྟོབས་ཀྱིས་ངེས་མ་ངེས་དང༌། མཚོན་བྱ་ཚད་མ་རང་སྟོབས་ཀྱིས་ངེས་མ་ངེས་དང༌། མཚན་ཉིད་མི་སླུ་བ་རང་སྟོབས་ཀྱིས་ངེས་མ་ངེས་གང་གི་སྒོ་ནས་རང་ངེས་གཞན་ངེས་འབྱེད་པ་གང་ཡིན་ཞེ་ན། མཚོན་བྱ་ཚད་མའི་ཐ་སྙད་རང་སྟོབས་ཀྱིས་ངེས་པ་རང་ངེས་དང་གཞན་སྟོབས་ཀྱིས་ངེས་པ་གཞན་ངེས་སུ་འབྱེད་པ་མ་ཡིན་ཏེ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ལ་རང་ངེས་ཀྱི་ཚད་མ་མི་སྲིད་པར་འགྱུར་བ་དང༌། རྒྱང་ཕན་གྱི་རྒྱུད་ཀྱི་རྗེས་དཔག་རང་ངེས་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཡུལ་སྔོན་པོ་དང་ཡུལ་ཅན་སྔོན་འཛིན་མངོན་སུམ་གཉིས་ལ་


JLD014_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

བལྟོས་ཏེ། འབྱེད་པའང་མ་ཡིན་ཏེ། དེ་གཉིས་རང་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །དེས་ན། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་ནི་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་སྟོན་པའི་གཞུང་ཡིན་པས་མཚན་གཞི་སྔོན་འཛིན་མངོན་སུམ་ལྟ་བུ་ནམ་ངེས་པ་ན་མི་སླུ་བར་རང་སྟོབས་ཀྱིས་ངེས་ན་རང་ངེས་དང༌། གཞན་སྟོབས་ཀྱིས་ངེས་དགོས་ན་གཞན་ངེས་སོ། །གཉིས་པ་ལ་ཚད་འབྲས་དང་པོའི་རྣམ་གཞག །གཉིས་པ་དང༌། གསུམ་པའི་རྣམ་གཞག་དང༌། རྣམ་གཞག་དེ་ཉིད་ངེས་པར་སྒྲུབ་པའོ། །དང་པོ་ནི། སྔོན་པོ་གཞལ་བྱ་རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ་ཞེས་རྣམ་པར་བཞག་གི །སྔོན་པོ་ཕྱི་རོལ་གྱི་དོན་ཡིན་པ་གཞལ་བྱར་བཞག་ཏུ་མི་རུང་སྟེ། རྣམ་རིག་པས་སྔོན་པོ་ཕྱི་རོལ་གྱི་དོན་དུ་མི་རུང་ངོ་ཞེས་བརྩད་པའི་ཚེ། འབྲས་བུ་རྣམས་ལྡོག་པའི་གཏན་ཚིགས་ཀྱི་སྒོ་ནས་གནོད་པ་བསྟན་གྱི། མདོ་སྡེ་པས་མངོན་སུམ་དང་འགལ་བའི་གནོད་པ་མ་བསྟན་པའི་ཕྱིར་རོ། །མདོ་སྡེ་པ་རང་ཉིད་འདོད་པའི་རང་རིག་གི་ཚད་འབྲས་ནི་སྐབས་འདིར་དོན་གྱིས་འཕངས་ཏེ། བྱ་བྱེད་ཆོས་གསུམ་ཚང་བར་སྟོན་པའི་ཚེ། དེ་ཡི་བདག་ཉིད་འཛིན་དེ་ནི། ཞེས་པས་བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་བསྟན་ཏེ། གཟུང་རྣམ་དུ་གྱུར་པའི་དབང་པོའི་མངོན་སུམ་དེ་བྱེད་པ་པོ་འཛིན་རྣམ་གྱི་གཟུང་བའི་སྒོ་ནས་ཡུལ་ལ་འཇུག་དགོས་ཀྱི། དེས་མ་བཟུང་བར་འཇུག་པའི་


JLD014_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་མེད་པའི་ཕྱིར། དེས་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་འཕངས་པ་ཡིན་ནོ། །འཛིན་རྣམ་བྱེད་པ་པོར་འཇོག་པའི་རྒྱུ་མཚན་སློབ་དཔོན་ཆོས་མཆོག་གིས་བཤད་པ་ལྟར་ངས་གཟུགས་མཐོང་ངོ་སྙམ་དུ་གཟུགས་མཐོང་བ་པོར་ཞེན་པའི་གཞི་མྱོང་ཙམ་གྱི་ཆར་གྱུར་པའི་འཛིན་རྣམ་ཉིད་ཡིན་ནོ། །གཉིས་པ་ནི། གཟུང་རྣམ་ཙམ་གཞལ་བྱར་བཞག་པའི་རང་རིག་གི་ཚད་འབྲས་ནི་མདོ་སྡེ་པས་ཀྱང་ཁས་ལེན་པས་རྣམ་རིག་པའི་ཐུན་མོང་མ་ཡིན་པར་མི་རུང་བས་ཕྱི་རོལ་ན་སྔོན་པོར་མེད་བཞིན་དུ་དེར་སྣང་བའི་སྔོན་པོའི་རྣམ་པ་ལྟ་བུ་གཞལ་བྱར་བྱས་ནས་འཛིན་རྣམ་ཚད་མ་དང་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ནི་ཐུན་མོང་མ་ཡིན་པའི་རྣམ་གཞག་གོ །ཤེས་པ་མཐའ་དག་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཚད་མར་འདོད་པ་ནི་འཐད་པར་མི་སེམས་ཏེ། དེ་ལྟ་ན་རྟོག་པས་ཀྱང་རང་གི་ངོ་བོ་འཛིན་རྣམ་ལྟ་བུར་ཡོངས་སུ་གཅོད་དགོས་པས། རྟོག་པའི་འཛིན་རྣམ་གཞལ་བྱར་བྱས་པ་ལ་རྟོག་པའམ་རྟོག་པའི་གཟུང་རྣམ་ཚད་མ་དང༌། དེའི་རང་རིག་འབྲས་བུར་བཞག་པའི་ཚད་འབྲས་ཁས་ལེན་དགོས་པར་འགྱུར་ན། དེ་ནི་མི་རིགས་ཏེ། གཟུང་རྣམ་མཐའ་དག་ཁ་ཕྱི་ཁོ་ནར་ཕྱོགས་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་འབྲས་རྟོགས་གསུམ་པའི་རྣམ་གཞག་བྱེད་པའི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱར་བྱས་ནས། དེ་ཉིད་རྣམ་རིག་པའི་ལུགས་དང་སྦྱོར་བ་ནི་རྣམ་པ་ཐམས་ཅད་དུ་མི་རུང་སྟེ་ཕྱི་རོལ་གྱི་དོན་རང་ལུགས་ལ་ཁས་ལེན་ན་གཟུང་འཛིན་རྫས་ཐ་


JLD014_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

དད་ཀྱིས་སྟོང་པར་འདོད་དུ་མི་རུང་བས་རྣམ་རིག་པའི་ལུགས་ཡིན་པ་ཉམས་སོ། །འོན་ཏེ་རྣམ་རིག་པས་ཕྱི་དོན་ཁས་ལེན་པ་ནི་ཐ་སྙད་ཙམ་དུ་ཡིན་ལ་དེ་འགོག་པ་ནི་དོན་དམ་དུ་ཡིན་པས་སྐྱོན་མེད་དོ་སྙམ་ན་ཐ་སྙད་དུ་གྲུབ་པའི་དོན་ཐ་སྙད་པའི་ཚད་མས་གྲུབ་པ་ལ་བྱེད་ན། ཐ་སྙད་པའི་ཚད་མའི་གཞལ་བྱ་ལ་དོན་དམ་དཔྱོད་པའི་ཚད་མས་གནོད་པར་འདོད་ཅིང་ཐ་སྙད་པའི་ཚད་མ་ལ་སྐུར་པ་འདེབས་པའི་ལོག་རྟོག་འབའ་ཞིག་ཡིན་ཏེ། ཐ་སྙད་པའི་ཚད་མས་ཕྱི་དོན་ཡོད་པར་གྲུབ་བཞིན་དུ། དོན་དམ་འཇལ་བའི་ཚད་མས་ཕྱི་དོན་ལ་གནོད་པ་མཐོང་ཞིང་དེ་མེད་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་འཇལ་བའི་ཚད་མའང་མི་སྲིད་པར་འགྱུར་ཏེ། ཚད་མའི་མཚན་ཉིད་ཞུགས་པའི་བྱེ་བྲག་ཅིག་ཚད་མ་ཡིན་པ་ལ་གནོད་པ་མཐོང་བའི་ཕྱིར་ཏེ། མཚན་ཉིད་དང་ལྡན་པ་གཅིག་ལ་གནོད་པ་མཐོང་ན་དེའི་རིགས་ཅན་ཐམས་ཅད་སུན་ཕྱུང་བས་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ་ཞེས་བཤད་པ་ལྟར་རོ། །འོན་ཏེ་ཐ་སྙད་དུ་ཡོད་པའི་དོན། བློ་འཁྲུལ་བའི་ངོར་ཡོད་པ་ཙམ་ལ་བྱེད་ཀྱི་རང་ལུགས་ལ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ་ཞེ་ན། འོ་ན་ཚད་འབྲས་དེ་ཉིད་སྐྱོན་མེད་དུ་མི་འགྱུར་ཏེ། གཞལ་བྱ་དེ་ལ་ཚད་མའི་གནོད་པ་འབབ་པའི་ཕྱིར་རོ། །འོན་ཏེ་མདོ་སྡེ་པ་རིམ་གྱིས་དྲང་བའི་ཕྱིར་དུ་གཞན་ངོར་བྱས་པའི་རྣམ་གཞག་ཙམ་ཡིན་ནོ་སྙམ་ན། འོ་ན་རྣམ་རིག་པ་རང་ལུགས་ལ་འབྲས་རྟོགས་གསུམ་པའི་རྣམ་གཞག་གཞན་ཞིག་བཙལ་དགོས་ན། དེའང་མི་རྙེད་དོ། །འབྲས་རྟོགས་གསུམ་པ་མི་


JLD014_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའང་མིན་ཏེ། སྔོ་སྣང་དབང་ཤེས་ལས་རྫས་ཐ་དད་པའི་སྔོན་པོ་གཞལ་བྱར་བྱས་པའི་འབྲས་རྟོགས་ཁས་མི་ལེན་ཀྱང༌། སྔོན་པོ་ཙམ་གཞལ་བྱར་བྱས་པའི་འབྲས་རྟོགས་དང་པོའི་རྣམ་གཞག་ཅིག་རང་ལུགས་ལ་ཁས་ལེན་ཞིང༌། དེ་ལ་བལྟོས་པའི་གསུམ་པ་ཁས་མི་ལེན་ན། སྐབས་འདི་དང་འབྲས་རྟོགས་དང་པོ་གཉིས་གཞལ་བྱ་དང་ཚད་མ་མཚུངས་བཞིན་དུ་འབྲས་བུ་མི་མཚུངས་པར་འཇོག་པ་འགལ་ལོ་སྙམ་པའི་རྩོད་པ་སྤོང་བར་མི་རིགས་སོ། །ཡང་ཁ་ཅིག་རྣམ་གཞག་འདི་མདོ་སྡེ་པ་ཁོ་ན་ལ་སྦྱོར་བ་ནི། གཞུང་གི་དོན་ཡེ་ནས་མ་རྟོགས་པའི་རྣམ་འགྱུར་དུ་གསལ་ཏེ། སྔོན་པོ་ལྟ་བུ་གཞལ་བྱར་བྱས་པའི་ཚེ། འཛིན་རྣམ་ཚད་མར་ཐལ་བ་དང༌། ཚད་འབྲས་ཡུལ་རྫས་ཐ་དད་དུ་ཐལ་བ་དང༌། འབྲས་བུ་འབྲས་རྟོགས་དང་པོ་ལྟར་ཁས་མི་ལེན་པ་འགལ་བར་ཐལ་བའི་རྩོད་པ་ཁོང་ན་གནས་པ་གསུམ་གྱི་དོགས་པ་སྐྱེ་བའི་རྒྱུ་མེད་པར་འགྱུར་ཏེ། རང་རིག་འབྲས་བུ་ཞེས་པའམ། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུ་ཞེས་པའི་ཁྱད་པར་སྦྱོར་བ་མི་འཐད་དགོས་པའི་ཕྱིར་ཏེ། མདོ་སྡེ་པས་སྔོན་པོ་གཞལ་བྱར་བྱས་པའི་ཚེ། རང་རིག་འབྲས་བུའམ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་མི་འདོད་པའི་ཕྱིར་རོ། །མ་དཔྱད་པའི་ཚེ་མི་འདོད་ཀྱང༌། དཔྱད་ན་དེ་ལྟར་འདོད་དོ་སྙམ་ན་མ་དཔྱད་པའི་ཚེ་སྔོར་སྣང་དབང་ཤེས་ཀྱིས་སྔོན་པོ་འཇལ་ཞིང༌། དཔྱད་པའི་ཚེ་ཤེས་པ་རང་གི་བདག་ཉིད་འཇལ་བར་འདོད་པ་ནི། ཐ་སྙད་པའི་ཚད་མ་ལ་དོན་དམ་པའི་ཚད་མས་གནོད་པར་འདོད་


JLD014_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲུབ་མཐའ་དེ་ཉིད་སླར་ཡང་འོངས་པ་ཡིན་ནོ། །གཞན་ཡང་མདོ་སྡེ་པས། དཔྱད་པའི་ཚེ་ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་པར་འགྱུར་ཏེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་བྱས་པ་འདི། དེ་དཔྱད་པའི་རྣམ་གཞག་ཡིན་པའི་ཕྱིར་དང༌། རྣམ་ངེས་སུ་སྐབས་འདིར་ཕྱི་རོལ་དོན་གྱིས་ཤེས་པ་ལ་རྣམ་པ་གཏོད་པ་བཀག་པའང་མི་འཐད་པར་འགྱུར་རོ། །ཁ་ཅིག་རྣམ་གཞག་འདི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གིའང་ལུགས་མ་ཡིན་པར་འདོད་པ་ནི་དབུ་བའི་རྡོག་པོ་ལ་རྐང་པའི་སྟེགས་འཆའ་བ་དང་ཆོས་མཚུངས་སོ། །དེ་ན་འདི་ལྟར་བསམ་པར་བྱ་སྟེ། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་འབྲས་བུའོ། །ཕྱི་རོལ་དོན་ནི་ཡོད་ན་ཡང༌། ཞེས་ཕྱི་དོན་རང་ལྡོག་ནས་གཞལ་བྱར་བྱེད་པ་ལྟར་བཤད་པའི་དོན་ནི། གཟུང་རྣམ་གཞལ་བྱར་བྱས་པའི་ཚེ། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུ་ཡིན་པར་མདོ་སྡེ་པ་ལའང་གྲུབ་ཟིན་ལ། དཔེ་དེ་བཞིན་དུ་མདོ་སྡེ་པ་ཁྱོད་རང་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་གཞལ་བྱར་བྱས་པའི་ཚེ་ནའང་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུར་འདོད་དགོས། ཞེས་སྟོན་པ་ཡིན་གྱི། གཞན་དུ་ན། རྣམ་གཞག་གསུམ་པ་ནི་མདོ་སེམས་གང་ལ་སྦྱར་ཡང་རིགས་པས་གནོད་པ་འབབ་པར་འགྱུར་བའི་ཕྱིར་རོ། །ཚད་འབྲས་


JLD014_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་གཞག་འདི་ལྟར་བྱས་པ་ལ། རང་རིག་རང་ལྡོག་ནས་འབྲས་བུར་བཞག་འདུག་སྙམ་དུ་བསམས་ནས། དོགས་པ་གསུམ་སྐྱེ་བར་འགྱུར་ཏེ་འདི་ལྟར། སྔོར་སྣང་དབང་ཤེས་རང་ཉིད་རིག་པ་འབྲས་བུ་ཡིན་ན། དེ་ཡོངས་སུ་གཅོད་བྱེད་འཛིན་རྣམ་ཡིན་པས། འཛིན་རྣམ་ཚད་མར་བཞག་དགོས་སྙམ་པ་དང༌། གཟུང་རྣམ་ཚད་མ་ཡིན་ན། སྟ་རེའི་བྱེད་པ་སེང་ལྡེང་ལ་ཞུགས་ནས་འབྲས་བུ་ལ་ཤུག་པ་དུམ་བུར་སོང་བ་ལྟར་ཚད་མས་སྔོན་པོ་ཡོངས་སུ་དཔྱད་ནས་དེའི་འབྲས་བུ་ལ་སྔོར་སྣང་ཤེས་པ་རིག་པ་བྱུང་བས་ཚད་འབྲས་གཉིས་ཡུལ་སོ་སོ་ལ་འཇུག་པར་འགྱུར་རོ་སྙམ་པ་དང༌། སྔོན་པོ་གཞལ་བྱར་བྱས་པའི་ཚེ། སྐབས་འདིར་སྔོར་སྣང་དབང་ཤེས་རིག་པ་འབྲས་བུར་བཞག་པ་དང༌། འབྲས་རྟོགས་དང་པོར་སྔོན་པོ་རིག་པ་འབྲས་བུར་བཞག་པ་འགལ་ལོ་སྙམ་པ་གསུམ་མོ། །རང་རིག་གི་ལྡོག་པ་སྐབས་འདིར་འབྲས་བུར་བཞག་པ་ཡིན་ན། འཛིན་རྣམ་ཚད་མར་འདོད་དགོས་པ་བདེན་ཏེ། རང་རིག་ནི་འཛིན་རྣམ་ཉིད་ཀྱིས་བཞག་དགོས་ཀྱི། གཟུང་རྣམ་གྱིས་བཞག་མི་ནུས་པའི་ཕྱིར་ཏེ། དོན་སེམས་གང་གི་ལུགས་ལའང་ཁ་ཕྱི་ལྟའི་ཤེས་པ་ཡིན་ན། རང་རིག་ཏུ་འགལ་བའི་ཕྱིར་རོ། །དེ་ལྟ་ནའང་འདིར་ནི་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུ་ཡིན་ལ། དེ་ནི་སྔོན་པོའི་རྣམ་པ་ཤར་བས་བསྒྲུབ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་ཚད་འབྲས་ཡུལ་རྫས་ཐ་དད་པའི་སྐྱོན་ཡང་མེད་དེ། ཚད་མས་ཀྱང་ཡུལ་སྔོན་པོ་ཡོངས་སུ་གཅོད་ལ། དེའང་རང་གི་བདག་ཉིད་དུ་གྱུར་


JLD014_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔོན་པོ་རིག་པ་ཡིན་པས། ཡུལ་སྔོན་པོ་རིག་པ་ཉིད་ཚད་མའི་འབྲས་བུར་གནས་ཀྱི། སྔོར་སྣང་ཤེས་པ་རིག་པ་ཚད་མ་དེའི་འབྲས་བུ་མིན་ནོ། །སྔར་སྔོན་པོ་རིག་པ་འབྲས་བུར་བཞག་པ་དང་ཡང་འགལ་བ་མེད་དེ། སྔོ་འཛིན་མངོན་སུམ་རང་ཉིད་ཀྱི་ལག་རྗེས་ལ། སྔོན་པོ་རིག་གོ་སྙམ་པའི་ངེས་ཤེས་འདྲེན་པས་དེའི་དབང་དུ་བྱས་ནས་སྔར་སྔོན་པོ་རིག་པའི་ཚད་མ་འབྲས་བུར་བཞག་ལ། རིག་བྱ་དེའང་རང་གི་བདག་ཉིད་ཡིན་གྱི་དོན་གཞན་དུ་མེད་དོ་སྙམ་དུ་རང་བཞིན་སེམས་པར་བྱེད་པའི་ཆོས་ཀྱི་བདག་མེད་རྟོགས་པའི་བློ་སྔོན་དུ་སོང་བ་ལ་བལྟོས་ནས་སྐབས་འདིར་འབྲས་བུར་བཤད་ཟིན་པ་ལྟར་བཞག་གོ །ཡང་ཕྱི་རོལ་དོན་ནི་ཡོད་ན་ཡང༌། ཞེས་པས་ཕྱི་རོལ་དོན་གྱི་རང་ལྡོག་བསྟན་པར་ངེས་པར་བྱ་དགོས་ཟེར་ནའང་འདི་ལྟར་སྦྱར་ཏེ། རྣམ་རིག་པས་མདོ་སྡེ་པ་ལ། ཁྱོད་སྔོ་འཛིན་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་གྱིས་བསྡུས་པའི་སྔོན་པོ་འཇལ་བར་འདོད་པའི་ཚེ་ན། དེའི་རྒྱུ་མཚན་གང་ཡིན་དྲིས་པས་དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར་རོ། །ཞེས་ཟེར་བ་ལ། རྣམ་རིག་པས་སྔོ་འཛིན་གྱི་དོན་གཞན་ནི་སྔོན་པོ་རིག་པའི་རྒྱུ་མཚན་དེས་དེ་ལ་གནོད་པར་འགྱུར་གྱི། སྒྲུབ་བྱེད་དུ་མི་འགྱུར་ཏེ། སྔོན་པོའི་རྣམ་པ་ཤར་བ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པའི་རྒྱུ་མཚན་དུ་འགྱུར་གྱི། དོན་གཞན་ནི་སྔོན་པོ་རིག་པའི་རྒྱུ་མཚན་དུ་མི་འགྱུར་བའི་ཕྱིར། སྒྲུབ་བྱེད་དུ་བཀོད་པའི་དོན་དང་འདྲ་བ་ཞེས་སམ། རྣམ་པ་ཞེས་སྨོས་པ་དེ་ཤེས་པ་རང་གི་བདག་ཉིད་ཡིན་


JLD014_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེས་ན་ཁྱེད་ཀྱི་དོན་ལས་སྐྱེས་པ་ཁོ་ན་རྒྱུ་མཚན་དུ་འདོད་དགོས་ཏེ། སྔོན་པོ་དང་འདྲ་བའམ། དེ་ལས་གཞན་པའི་དོན་དང་འདྲ་ཡང་རུང༌། འདྲ་བ་རྒྱུ་མཚན་གྱི་ཟུར་དུ་བཀོད་ན། རིག་བྱ་རྫས་གཞན་རིག་པ་ལ་གནོད་བྱེད་དུ་འགྱུར་བའི་ཕྱིར་རོ། །སྐྱེས་པ་རྐྱང་པ་སྒྲུབ་བྱེད་དུ་འདོད་ན་ནི། མིག་གི་དབང་པོའང་སྔོ་འཛིན་གྱིས་བཟུང་བར་ཐལ་ལོ། །དེས་ན་མདོ་སྡེ་པས། ཕྱི་རོལ་དོན་གྱིས་བསྡུས་པའི་སྔོན་པོ་སྔོ་འཛིན་གྱིས་གཞལ་བྱར་བྱེད་ན་ནི། དེའི་རྒྱུ་མཚན་དྲིས་ཏེ། མདོ་སྡེ་པ་ལ་ཁས་བླངས་ནང་འགལ་བསྟན་ནས་འགོག་པ་ཡིན་གྱི། སྐབས་འདིར་ཕྱི་རོལ་གྱི་དོན་གཞལ་བྱ་རང་རྒྱུད་པར་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །འཆད་ཚུལ་དེ་ལྟར་བྱས་ན་སྔར་དོན་རིག་འབྲས་བུར་བཞག་པ་ནི། རྗེས་ཀྱི་རྟོག་པས་དོན་མེད་པ་ལ་དོན་དུ་ཞེན་པའི་བློ་ལ་བལྟོས་ནས། དོན་རིག་འབྲས་བུར་ཞེས་བཞག་དགོས་ཀྱི། དཔྱད་ན་དེ་འཇིག་སྟེ། དོན་རིག་རྒྱུ་མཚན་དྲིས་ནས་བཀོད་པ་དེ་ཉིད་དོན་རིག་འགོག་པའི་རྒྱུ་མཚན་དུ་སོང་བས། དཔྱད་ན་རང་གི་བདག་ཉིད་རིག་པ་འབྲས་བུར་སོང་ཞེས་པའོ། །བཞི་པ་རྣམ་གཞག་དེ་ཉིད་ངེས་པར་སྒྲུབ་པ་ནི། སྤྱི་དང་གཞི་མཐུན་དང་བསྒྲུབ་བྱ་སྒྲུབ་བྱེད་དང་ཆོས་དང་ཆོས་ཅན་དང་གཅིག་དང་ཐ་དད་དང་བྱ་བྱེད་ལ་སོགས་པ་རང་ལུགས་ཀྱི་ཀུན་རྫོབ་བདེན་པ་ཡིན་ཡང༌། དེ་དག་རྫས་སུ་མ་གྲུབ་པར་རྟོགས་ཀྱང་དེ་ཙམ་གྱིས་ཆོས་ཀྱི་བདག་མེད་རྟོགས་པར་མི་འགྱུར་ཏེ། དེ་ནི་དོན་སེམས་གཉིས་ཀའི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་དབང་ཤེས་


JLD014_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུལ་སྣང་བའི་ཚེ། ལས་དང་བྱ་བ་དང་བྱེད་པ་གསུམ་རྫས་ཐ་དད་པ་ལྟ་བུར་སྣང་ལ། སྣང་བ་ལྟར་གྱི་གཟུང་འཛིན་རིག་གསུམ་ཐ་དད་པ་ཆོས་ཀྱི་བདག་ཡིན་ལ། དེ་མེད་པར་རྟོགས་པ་ནི་ཆོས་ཀྱི་བདག་མེད་རྟོགས་པའོ། །གཟུང་འཛིན་རིག་གསུམ་ཐ་དད་པ་ཙམ་རང་ལུགས་ལ་ཚད་མས་གྲུབ་པས། དེ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པའི་རྟགས་དང༌། སྔོན་པོ་ཆོས་ཅན། སྔོར་སྣང་ཤེས་པ་ལས་རྫས་གཞན་དུ་མེད་དེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་སོགས་ཀྱིས་རྟགས་ལ་བརྟེན་ནས་བསྒྲུབ་པའོ། །གདུལ་བྱ་གཞན་རྗེས་སུ་འཛིན་པར་བྱེད་པ་གཞན་དོན་གྱི་སྐབས་ལས། དཀའ་བའི་གནས་ཁ་ཅིག་ལ་དོགས་པ་དཔྱད་པ་ནི་ཡིད་ཆེས་དང༌། གྲགས་པའི་རྣམ་གཞག་གོ །དང་པོ་ལ། ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པའི་ཚུལ་དང༌། དཔྱོད་པའི་གཞི་དང༌། གསལ་བ་ངོས་བཟུང་བ་དང༌། གནོད་གེགས་ཇི་ལྟར་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་འཇུག་ལྡོག་བྱས་པས་ཕན་ཡོན་དང་ཉེས་དམིགས་ཆེན་པོ་བཤད་པའང་ཐོས་ལ་དེ་ལ། འཇུག་ལྡོག་མ་བྱས་ན་དོན་ཆེན་པོ་ལས་ཉམས་པ་སྲིད་སྙམ་ཞིང་ཐབས་གང་ལ་བརྟེན་ནས་འཇུག་ལྡོག་བྱ་སྙམ་དུ་སེམས་པར་བྱེད་དོ། །དེ་ལྟར་བསམས་པ་ན་དངོས་སྟོབས་ཀྱི་གཞལ་བྱ་སྟོན་པའི་ལུང་རྣམས་ལུང་གནོད་བྱེད་དུ་མ་ངེས་


JLD014_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོང་ནས་བསྟན་བྱ་ཚད་མས་གྲུབ་ཅིང་ལུང་དེའང་བསྟན་བྱ་ལ་མི་སླུ་བར་བསྒྲུབ་པ་ཡོད་ལ་ཤིན་ཏུ་ལྐོག་གྱུར་ལ་དེ་ལྟར་བཞག་པ་མེད་པར་མཐོང་ཞིང་འོན་ཀྱང་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རྣམས་རང་གི་བསྟན་བྱ་མ་ངེས་པའི་སྔོན་ནས། སྔ་ཕྱི་འགལ་བ་དང་དངོས་ཤུགས་འགལ་བ་མེད་པར་ངེས་པ་ཡོད་པར་མཐོང་ནས་རྟོག་པ་དང་ལྡན་པ་དག་ནི་ལུང་དཔྱད་པ་གསུམ་གྱིས་དག་མ་དག་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་འཇུག་ལྡོག་བྱེད་དོ། །གཉིས་པ་ནི། འབྲེལ་བ་དང་ནི་རྗེས་མཐུན་ཐབས། ཞེས་སོགས་བཤད་པ་ལྟར། ཁྱད་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་ལུང་ངོ༌། །གསུམ་པ་ལ། དངོས་དང༌། དངོས་སྟོབས་ཀྱིས་བསལ་བ་དང་མི་མཚུངས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྦྱིན་པ་ལ་སོགས་པའི་ཆོས་ནི་བདེ་བ་སྟེར་བྱེད་མིན་ནོ་ཞེས་བྱ་བ་བསལ་བའི་དཔེར་བརྗོད་དང་ཚད་མ་དེ་གཞལ་བྱ་འཇལ་བྱེད་དུ་མེད་དོ། །ཞེས་པ་ནི་ཕྱོགས་མཚོན་གྱི་དཔེར་བརྗོད་དོ། །སློབ་དཔོན་ཆོས་མཆོག་ན་རེ། ཆོས་ཞེས་དངོས་སུ་ཁས་བླངས་པའི་ཤུགས་ལ་བདེ་བ་སྟེར་བའི་ནུས་པ་ཁས་བླངས་པས་སེལ་བྱེད་སྔར་ཁས་བླངས་ནས་དེའི་རྗེས་སུ་བདེ་བ་སྟེར་བྱེད་མ་ཡིན་ནོ་ཞེས་བསལ་བྱ་ཁས་བླངས་ཞེས་ཟེར་རོ། །གཉིས་པ་ནི། ཚད་མ་གཞན་གྱི་བསལ་བའི་དཔེ་ལ་བསལ་བྱ་སེལ་བྱེད་གཉིས་ཀ་ཁས་བླངས་པ་མི་དགོས་ལ་འདིར་དགོས་པའི་དོན་ཅི་ཞིག་ཡིན་ཅེ་ན་གཞན་གྱི་ཁས་བླངས་ཀྱིས་བསལ་བ་མ་ཡིན་པས་སྒྲ་མཉན་བྱ་


JLD014_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མངོན་སུམ་བསལ་བར་འགྱུར་བ་ལ་སྔར་སྒྲ་མཉན་བྱར་ཁས་བླངས་མི་དགོས་ཤིང་འདིར་ནི་ཁས་བླངས་ཀྱིས་བསལ་བ་ཡིན་པས་གནོད་བྱའི་སྔར་གནོད་བྱེད་ངེས་པར་ཁས་བླངས་པ་དགོས་པས་སོ། །དེས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། དེ་ཉིད་ཀྱི་ཕྱིར་ཁས་བླངས་པ་དང་ཞེས་བཤད་དོ། །དམ་བཅའི་ཟུར་དུ་གྱུར་པའི་སྦྱིན་སོགས་ཆོས་ཡིན་པ་ནི་སེལ་བྱེད་དུ་གྱུར་པ་ཡིད་ཆེས་རྗེས་དཔག་གིས་གྲུབ་པའི་དོན་ཡིན་གྱི་ཤེས་འདོད་ཆོས་ཅན་དུ་བསམ་པར་མི་བྱ་སྟེ། དེ་ལྟ་བུ་གཞིར་བཟུང་ནས་བདེ་བ་བསྐྱེད་པར་བསྒྲུབ་པའི་རྟགས་མི་སྲིད་པའི་ཕྱིར་རོ། །འོ་ན་སྦྱིན་སོགས་ནི་བདེ་བ་སྟེར་བྱེད་མ་ཡིན་ནོ་ཞེས་པ་ཡིད་ཆེས་བསལ་བའི་དཔེར་སྨོས་པས་ཆོག་མོད་ཆོས་ཞེས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན་སྒྲ་མི་རྟག་པར་བསྒྲུབ་པ་ལྟར་སྦྱིན་པ་རྩོད་གཞིར་ངག་ཏུ་སྨོས་ནས་བདེ་བ་བསྐྱེད་པར་བསྒྲུབ་པའི་ཡིད་ཆེས་ཀྱི་རྟགས་མི་སྲིད་པའི་ཕྱིར་དང་དམ་བཅའ་ལྟར་སྣང་དེ་ལ་ཁས་བླངས་སྔ་ཕྱི་དངོས་འགལ་དམ་བཅས་པ་མེད་པའི་ཕྱིར་རོ། །སྦྱིན་སོགས་ཆོས་ཡིན་པ་རྩོད་གཞིར་འཛིན་ན་སྒྲུབ་བྱེད་དུ་གང་བཀོད་ཀྱང་ཕྱོགས་ཚིག་སྒྲུབ་བྱེད་དུ་ཁས་ལེན་དགོས་པ་ལས་མ་འདས་སོ། །བཞི་པ་ལ་གནོད་གེགས་ཐུན་མོང་བའི་ལུགས་དང༌། སོ་སོའི་ལུགས་སོ། །དང་པོ་ནི། ཇི་ལྟར་བདག་ནི་ཚད་མིན་དང༌། །ཚིག་ནི་འཇུག་པར་མི་འགྱུར་ལ། ཞེས་སོགས་བཤད་པ་ལྟར་སྒྲ་མི་རྟག་ཅེས་པ་ལྟ་བུའི་ཚིག་བདེན་ཞེན་གྱིས་སྨྲས་པའི་


JLD014_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཚིག་འདིའི་དོན་ཁོ་བོས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྨྲས་པ་ཡིན་ནོ་སྙམ་དུ་སྨྲས་ཙམ་ནས་ཚད་མར་ཁས་ལེན་པ་བཞིན་དུ། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་འཇུག་ལྡོག་བྱེད་པའི་ཐབས་སུ་བསྟན་བཅོས་ཁས་ལེན་པ་རྣམས་ཀྱིས་ཀྱང་དེ་ཚད་མར་ཁས་ལེན་པ་ཡིན་ལ་ཚད་མར་ཁས་ལེན་པའི་རྒྱུ་མཚན་ཡང་སྒྲུབ་བྱེད་ཡང་དག་ཅིག་ལ་བལྟོས་དགོས་པར་གཉིས་ཀ་མཐུན་ནོ། །འོ་ན་འདིར་རང་ཚིག་ཚད་མར་ཁས་ལེན་པ་རྒོལ་བ་ཡང་དག་ལ་སྦྱར་དགོས་པས་དེས་སྒྲ་མི་རྟག་ཅེས་པའི་ཚིག་ཚད་མར་ཁས་བླངས་ན་ཚད་མ་ཡིན་དགོས་ལ། དེ་ལྟ་ན་ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་པར་བཤད་པ་དང་ཇི་ལྟར་མི་འགལ་སྙམ་ན། སྐྱོན་མེད་དེ་འདིར་ཚད་མར་བཤད་པ་ནི། རང་གི་བསྟན་བྱ་ལ་མི་སླུ་བའི་དོན་ཡིན་གྱི་སྒྲུབ་བྱེད་དུ་བཤད་པ་མ་ཡིན་ལ། མི་སླུ་བའི་དོན་ཡང་འབྲེལ་བ་ཡིན་ཞིང༌། དེ་ནི་ཕྱོགས་ཚིག་ལའང་ཡོད་དེ། རྒོལ་བ་ཡང་དག་གིས་སྨྲས་པའི་ཕྱོགས་ཚིག་རྗེས་དཔག་ཚད་མ་ལས་སྐྱེ་ལ་དེ་རང་གི་གཞལ་བྱར་གྱུར་པའི་ཕྱོགས་ཚིག་གི་བསྟན་བྱ་དེ་ལ་འབྲེལ་བའི་ཕྱིར་རོ། །ཕྱོགས་ཚིག་རང་གི་བསྟན་བྱའི་སྒྲུབ་བྱེད་དུ་མི་རུང་སྟེ། གཏན་ཚིགས་ལྟ་བུར་དངོས་སུ་བསྒྲུབ་ཀྱང་མི་ནུས་ལ། དངོས་ཀྱིས་སྒྲུབ་བྱེད་སྟོན་པའི་ནུས་པའང་མེད་པའི་ཕྱིར་རོ། །གཉིས་པ་ལ་ལུང་གནོད་བྱེད་དུ་འདོད་པའི་ལུགས་དང༌། གེགས་བྱེད་དུ་འདོད་པའི་ལུགས་སོ། །དང་པོ་ལ་གང་ལ་གནོད་སྒྲུབ་ཏུ་འགྱུར་བ་དང་གནོད་བྱེད་ཡིན་པའི་རྒྱུ་མཚན་དང༌།


JLD014_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཚད་མ་མ་ཡིན་ན་གེགས་བྱེད་དུའང་མི་རིགས་པར་བསྟན་པའོ། །དང་པོ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པ་ལྟ་བུའི་ལུང་རང་གི་བརྗོད་བྱའི་སྒྲུབ་བྱེད་དང་ཟློག་ཕྱོགས་ལ་གནོད་བྱེད་དུ་འདོད་པ་ཡིན་གྱི། ལུང་དེ་ཉིད་ཁྱད་གཞིར་བཟུང་ནས་རང་གི་བསྟན་བྱ་ལ་མི་སླུ་བ་དང་ཚོགས་པ་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་ཙམ་སྒྲུབ་བྱེད་དང༌། ཟློག་ཕྱོགས་ལ་གནོད་བྱེད་དུ་འདོད་པ་ལྟ་བུ་ནི་མིན་ནོ། །གཉིས་པ་ནི། གཞལ་བྱའི་གནས་གཉིས་ལ་དཔྱད་པ་རྫོགས་ནས་གནས་གསུམ་པར་དཔྱོད་པ་འཕོས་པ་ན། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་དང་སྡུག་བསྔལ་སྟེར་བ་ལ་འཇུག་ལྡོག་ངེས་པར་བྱ་དགོས་ལ། དེ་ལ་འཇུག་ལྡོག་བྱ་བའི་གཞི་ངེས་པ་སྔོན་དུ་འགྲོ་དགོས་ལ། དེ་ངེས་པའི་ཐབས་ཀྱང་ལུང་ཚད་མ་མིན་པ་གཞན་མེད་པས་འཇུག་ལྡོག་བྱ་བའི་གཞི་ཚད་མས་མ་ངེས་ན། དེའི་སྟེང་དུ་ཁྱད་པར་གྱི་ཆོས་ལ་དཔྱོད་པ་མི་རུང་ལ། འཇུག་གཞི་སྦྱིན་སོགས་ཆོས་ཡིན་པ་ལྟ་བུ་ངེས་ན། དེ་སྒྲུབ་བྱེད་ཀྱི་ཚད་མ་ལུང་ལ་བརྟེན་པ་མ་གཏོགས་གཞན་མེད་པས་ལུང་རང་གི་བརྗོད་བྱའི་སྒྲུབ་བྱེད་དང་ཟློག་ཕྱོགས་ལ་གནོད་བྱེད་དུ་གྲུབ་བོ། །གསུམ་པ་ནི། ལུང་གནོད་བྱེད་མ་ཡིན་ན་གཞི་སྦྱིན་སོགས་ཆོས་ཡིན་པ་ཚད་མས་མི་འགྲུབ་ལ། དེ་ལྟར་ཕན་ཚུན་གེགས་བྱེད་ཀྱང་མི་རིགས་ཏེ་གེགས་བྱ་བའི་གཞི་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །གཉིས་པ་ལ། ལུང་ཚད་མར་འགྱུར་ཚུལ་བརྟགས་ནས་དགག་པ་དང༌།


JLD014_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་གེགས་བྱེད་དུ་འགྱུར་བའི་དོན་དང༌། རང་ལུགས་ཀྱི་ལུང་གནོད་སྒྲུབ་ཏུ་འཇུག་པའི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་དེ་ངོ་བོ་ཉིད་ཀྱིས་རང་གི་བརྗོད་བྱ་བསྒྲུབ་པའི་ཚད་མ་ནི་མིན་པས། སྒྲུབ་བྱེད་ཚད་མར་འགྱུར་བའི་ཚུལ་གང་ཡིན་དྲིས་པས་ཚད་མར་ཁས་བླངས་པ་ཙམ་གྱིས་ཡིན་ནོ་ཞེ་ན། དེ་ལྟ་ན་རང་ཚིག་དང་འགལ་བ་དང༌། ཁས་བླངས་དང་འགལ་བ་གཉིས་གནོད་བྱེད་ཡིན་མིན་མཚུངས་པར་འགྱུར་ཏེ། གནོད་བྱེད་དུ་འདོད་པའི་སྦྱིན་སོགས་ཆོས་ཡིན་པའང་ཁས་བླངས་ཙམ་གྱིས་བཞག་པའི་ཕྱིར་རོ། །གཞི་གང་གི་སྟེང་དུ་དངོས་ཤུགས་ཀྱི་དམ་བཅའ་འགལ་བ་ནི་རང་ཚིག་འགལ་བ་ཡིན་ལ། གཞི་ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ་སྔ་ཕྱི་འགལ་བ་ནི་བསྟན་བཅོས་དང་འགལ་བ་ཡིན་ནོ། །གཉིས་པ་ནི། སྦྱིན་པའི་སྟེང་དུ་བདེ་བ་འབྱིན་པ་དང་མི་འབྱིན་པར་དམ་བཅས་པ་གཉིས་ཕན་ཚུན་གེགས་བྱེད་དང་སྟོབས་མཚུངས་པར་སྟོན་པ་མ་ཡིན་ཏེ། སྟོབས་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ། །ཡ་གྱལ་གང་ཡང་ཚད་མས་མ་གྲུབ་བཞིན་དུ་དམ་འཆའ་བའི་གང་ཟག་གི་བློ་ལ་བལྟོས་ནས་སྟོབས་མཚུངས་སུ་བཞག་པའང་མ་ཡིན་ཏེ། དོན་གྱི་སྟེང་ནས་ཀྱང་སྟོབས་མཚུངས་པར་ངེས་པར་ཁས་བླང་དགོས་པའི་ཕྱིར་རོ། །དེས་ན་སྔར་གྱི་ལུང་དེ་རང་གི་བརྗོད་བྱའི་སྒྲུབ་བྱེད་དུ་དམ་འཆའ་ན་དཀར་ཆོས་ལས་བདེ་བ་མི་སྟེར་བར་སྟོན་པའི་ལུང་ཡང་རང་གི་བརྗོད་བྱའི་སྒྲུབ་བྱེད་ཡིན་པར་མགོ་ལེགས་པར་མཚུངས་པས་ལུང་གཉིས་པོ་ཕན་ཚུན་


JLD014_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་མཚུངས་དང་གེགས་བྱེད་དུ་སྟོན་པ་མ་ཡིན་གྱི་ལུང་གཉིས་པོ་དེ་རང་གི་བརྗོད་བྱའི་སྒྲུབ་བྱེད་ཡིན་པར་དམ་འཆའ་བའི་དམ་བཅའ་གཉིས་སྟོབས་མཚུངས་སུ་སྟོན་པ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་ཅེས་པའི་ཚིག་དང་སྒྲ་རྟག་ཅེས་པའི་ཚིག་གཉིས་དང་དེའི་བརྗོད་བྱ་གཉིས་ཀྱང་སྟོབས་མི་མཚུངས་མོད་ཀྱི་ཚིག་སྔ་མ་རང་གི་བརྗོད་བྱའི་སྒྲུབ་བྱེད་དུ་ཁས་ལེན་ན་ཕྱི་མའང་རང་གི་བརྗོད་བྱའི་སྒྲུབ་བྱེད་དུ་ཁས་ལེན་དགོས་པར་རིགས་པ་མཚུངས་སོ། །ཕན་ཚུན་གེགས་བྱེད་དུའང་འགྱུར་ཏེ། ཚིག་ཕྱི་མ་རང་གི་བརྗོད་བྱའི་སྒྲུབ་བྱེད་ཡིན་པ་མ་བཀག་པར་སྔ་མ་མི་འགྲུབ་ཅིང༌། དེ་མ་གྲུབ་ན་དམ་བཅའ་བའི་དོན་ངེས་པ་ལའང་གེགས་བྱེད་པའི་ཕྱིར་རོ། །གསུམ་པ་ལ། གནོད་བྱེད་ཀྱི་ལུང་ངོས་བཟུང་བ་དང༌། དངོས་སྟོབས་དང་ཡིད་ཆེས་དང་གྲགས་པའི་གཏན་ཚིགས་གསུམ་གང་གི་སྒོ་ནས་དབྱེ་བའོ། །དང་པོ་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པ་ལྟ་བུའི་ལུང་དེ་རང་གི་བསྟན་བྱ་ལ་མི་སླུ་བའི་སྒྲུབ་བྱེད་དང་ཟློག་ཕྱོགས་ལ་གནོད་བྱེད་དུ་འགྱུར་བ་ཡིན་ཏེ། བསྒྲུབ་བྱ་དེ་བསྒྲུབ་པ་ལ་ཚུལ་གསུམ་ལེགས་པར་ཚང་བས་སོ། །ཡིད་ཆེས་ཀྱི་གཏན་ཚིགས་ཡང་དག་མི་སྲིད་པར་འདོད་པ་དག་གིས་ལུང་རང་གི་བརྗོད་བྱའི་སྒྲུབ་བྱེད་མིན་པར་མཐོང་བས་འཁྲུལ་གཞི་བྱས་ནས་ལུང་ཡིན་ན་གནོད་སྒྲུབ་ཏུ་མི་འཇུག་པས་ཁྱབ་པར་འཛིན་པ་ནི་མི་རིགས་ཏེ། བྱས་པ་ཡིན་ན་སྒྲ་རྟག་པ་ཡིན་པ་ལ་གནོད་བྱེད་དུ་


JLD014_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས་མ་ཁྱབ་ཀྱང་བྱས་པ་དེ་ལ་གནོད་བྱེད་དུ་འཇུག་པ་མི་འགལ་བ་བཞིན་ནོ། །དེ་ལྟ་བུའི་ཡིད་ཆེས་ཀྱི་རྟགས་ནི་རང་དོན་གྱི་དབང་དུ་བྱས་པ་ཡིན་གྱི་གདུལ་བྱ་གཞན་རྗེས་སུ་འཛིན་པའི་དབང་དུ་བྱས་ན། དེ་ལ་ཁས་བླངས་འབྲས་རྟགས་ཏེ། ཞེས་བཤད་པ་ལྟར་ལུང་དང་རང་ཚིག་རང་གི་བརྗོད་བྱའི་དོན་མེད་ན་མི་འབྱུང་བའི་འབྲས་བུར་གདུལ་བྱའི་བློ་ངོ་ལ་བལྟོས་ནས་ཁས་བླངས་པའི་གཏན་ཚིགས་ཡིན་གྱི། རང་ལུགས་ལ་འབྲས་རྟགས་སུ་ཁས་བླངས་པར་འོས་པ་མིན་ཏེ། དེ་ལྟ་ན་བསྒྲུབ་བྱའི་ཆོས་མེད་དགག་ཏུ་འགྱུར་བའི་འབྲས་རྟགས་ཀྱང་ཁས་བླང་དགོས་པར་འགྱུར་བས་སོ། །གསུང་རབ་ཀྱི་དོན་ལ་དཔྱད་པ་ཤས་ཆེར་མ་རྫོགས་པའི་གང་ཟག་གི་དབང་དུ་བྱས་ནས་རྒོལ་བ་རྟོགས་ལྡན་གྱིས་ཀྱང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ན་རང་རང་གི་བརྗོད་བྱའི་སྒྲུབ་བྱེད་ཡིན་པས་ཁྱབ་པ་རེ་ཞིག་གཞན་ངོར་ཁས་ལེན་པ་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ཡིན་པ་ལ། ལུང་གནོད་བྱེད་པའི་ཕྱོགས་དག་གིས་རྣམ་པ་ཀུན་ཏུ་རང་ལུགས་ལ་ཁས་ལེན་པ་སློབ་དཔོན་གྱི་དགོངས་པར་བསམས་སོ། །དེས་ན་རང་ཁས་ལེན་པའི་ལུང་དཔྱད་པ་གསུམ་གྱིས་དག་པར་ཚད་མའི་སྟོབས་ཀྱིས་ངེས་མི་ནུས་པའི་སྔར་ནི་རང་ཡིད་ཆེས་པའི་སྐྱེས་བུ་དེའི་གསུང་ཡིན་པས་སྙམ་པ་ལ་བརྟེན་ནས་འཇུག་པ་མ་གཏོགས་ཐབས་གཞན་མེད་ཅིང་འཆད་པ་པོས་ཀྱང་དེའི་སྔ་རོལ་ཏུ་ཤིན་ཏུ་ལྐོག་གྱུར་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་པའི་ཐབས་མེད་པའི་ཕྱིར་རོ། །དེ་ལ་ཁས་བླངས་འབྲས་རྟགས་ཏེ། ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལས་མ་གཏོགས་པའི་ཡིད་ཆེས་ཀྱི་གཏན་


JLD014_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སྐབས་གང་དུའང་མ་གསུངས་སོ་ཞེ་ན། དེ་ནི་མི་རིགས་ཏེ། འབྲེལ་བ་དང་ནི་རྗེས་མཐུན་ཐབས། ཞེས་སོགས་ཀྱི་གཞུང་གིས་ཁས་བླང་བར་བྱ་བའི་ལུང་ངོས་བཟུང་བ་དང༌། དེ་རང་གི་བསྟན་བྱ་ལ་མི་སླུ་བར་དཔོག་པའི་ཚུལ་རྒྱས་པར་གསུངས་པ་རྣམས་ཀྱི་དོན་ཤེས་པར་བྱ་དགོས་སོ། །དེར་ནི་བཅོམ་ལྡན་འདས་ཀྱི་གསུང་བདེན་བཞིའི་གནས་ལུགས་ལ་མི་སླུ་བ་དཔེར་བྱས་ནས་ཤིན་ཏུ་ལྐོག་གྱུར་གྱི་དོན་ལའང་མི་སླུ་བར་དཔོག་པའི་གཏན་ཚིགས་ཡང་དག་གསལ་པོར་གསུངས་ཤིང༌། དེ་ནི་ཡིད་ཆེས་པའི་གཏན་ཚིགས་ལས་མ་འདས་སོ། །གཉིས་པ་ནི། གཏན་ཚིགས་གསུམ་པོ་བསྒྲུབ་བྱའི་ངོས་ནས་དབྱེ་བ་ཡིན་གྱི་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མའི་སྒོ་ནས་ནི་མ་ཡིན་ཏེ། ཀུན་ཀྱང་མཐར་དངོས་སྟོབས་ཀྱི་ཚད་མས་ངེས་པ་ལ་ཐུག་དགོས་པའི་ཕྱིར་རོ། །དེས་ན་ཤིན་ཏུ་ལྐོག་གྱུར་གྱི་དོན་བསྒྲུབ་པའི་གཏན་ཚིགས་ལ་ཡིད་ཆེས་པ་དང༌། བརྡའ་དང་འདོད་པ་ཙམ་གྱིས་བཞག་པའི་དོན་བསྒྲུབ་པའི་གཏན་ཚིགས་ལ་གྲགས་པ་དང༌། དངོས་སྟོབས་ཀྱིས་ཞུགས་པའི་དོན་བསྒྲུབ་པའི་གཏན་ཚིགས་ལ་དངོས་སྟོབས་ཀྱི་གཏན་ཚིགས་ཞེས་བྱའོ། །དཔྱད་པ་གསུམ་གྱིས་དག་པའི་ལུང་ངེས་པར་བྱེད་པ་ནི་ཤིན་ཏུ་ལྐོག་གྱུར་གྱི་སྐབས་སུ་སྔ་ཕྱི་དང་དངོས་ཤུགས་འགལ་བ་མེད་པར་དངོས་སྟོབས་ཀྱི་ཚད་མས་ངེས་ནུས་ཀྱང༌། ཡ་གྱལ་ཤིན་ཏུ་ལྐོག་གྱུར་གྱི་དོན་དངོས་སྟོབས་ཀྱིས་ངེས་མི་ནུས་སོ། །གཉིས་པ་གྲགས་པའི་གཏན་ཚིགས་ཀྱི་རྣམ་གཞག་ནི། དེ་ལ་སྤྱིར་རྟོག་པས་བཏགས་པ་ལ་ཚད་མས་གྲུབ་མ་གྲུབ་གཉིས་ལས།


JLD014_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་འདོད་པ་ཙམ་གྱི་རྗེས་སུ་བྱེད་མི་ནུས་པ་ནི་དངོས་པོའི་སྟོབས་ལ་གནས་པ་སྟེ་བྱས་མི་རྟག་གི་ཐ་དད་ལྟ་བུའོ། །འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ནི་གྲགས་པས་གྲུབ་པའི་དོན་ཏེ། དེ་ལ་རྟགས་འགོད་པ་དང༌། ཚུལ་སྒྲུབ་པའོ། །དང་པོ་ནི། རྟོག་པའི་ཡུལ་ན་ཡོད་ན་ཟླ་བའི་སྒྲ་བརྗོད་དུ་རུང་སྟེ། དཔེར་ན་ག་བུར་བཞིན་རི་བོང་ཅན་ཡང་རྟོག་པའི་ཡུལ་ན་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་ཕྱོགས་ཆོས་ནི། རང་རིག་མངོན་སུམ་གྱིས་ཤུགས་ལ་གྲུབ་སྟེ་རི་བོང་ཅན་ལ་རྟོག་པ་དངོས་སུ་མྱོང་བ་ནི་རི་བོང་ཅན་རྟོག་པའི་ཡུལ་ན་ཡོད་པ་ཤུགས་ལ་གྲུབ་པའི་ཕྱིར་རོ། །ཁྱབ་པ་སྒྲུབ་པ་ནི། གང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་དེ་ནི་དོན་ཐམས་ཅད་ལ་འཇུག་ཏུ་རུང་བས་ཁྱབ་སྟེ། དཔེར་ན་རྣམ་རྟོག་རང་དགའ་བ་བཞིན། ཟླ་བ་ཞེས་པའི་སྒྲའང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་ནོ། །ཞེས་བྱ་བ་སྟེ། དེའི་ཕྱོགས་ཁྱབ་ནི་རང་རིག་མངོན་སུམ་གྱིས་ཤུགས་ལ་གྲུབ་བོ། །སེལ་བྱེད་ཀྱི་དབྱེ་བ་འཆད་པའི་སྐབས་སུ་ཡིད་ཆེས་དང༌། གྲགས་པའི་རྗེས་དཔག་རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཡང༌། རྗེས་དཔག་ཙམ་ལས་ཐ་དད་དུ་བྱས་པ་ནི། ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་ཡིན་ཏེ། རྗེས་དཔག་གི་གཞལ་བྱ་གཞིར་བྱས་ལ། ལུང་ལ་ངེས་པར་བལྟོས་པ་ཡིད་ཆེས་རྗེས་དཔག་གི་ཡུལ་གྱི་ཁྱད་པར་དང༌། འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་གྲགས་པའི་རྗེས་དཔག་གི་ཡུལ་གྱི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་དུ། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། ཞེས་གསུངས་སོ། །འདི་དག་ལ་བརྗོད་པར་བྱ་བ་མང་དུ་ཡོད་ནའང༌།


JLD014_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་ལས་མ་སྤྲོས་སོ། །སྔར་བཤད་པའི་རིགས་པའི་སྒོ་ཕྱོགས་ཙམ་བསྟན་པ་འདི་ནི་རྣམ་དཔྱོད་ཀྱི་བློའི་མཐུ་ཆུང་བ་གང་དག་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པའི་གནས་རྣམས་ལ་རིགས་པས་རྣམ་པར་འབྱེད་པའི་ཚུལ་ལ་རྨོངས་ཤིང༌། ལུང་ཙམ་སྐྱབས་སུ་གྱུར་ནས་སློབ་དཔོན་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲི་མ་མེད་པའི་རིགས་པའི་ཚུལ་ལུགས་ཆེས་ཆེར་ཉམས་པར་བྱེད་པ་རྣམས་ཀྱི་ངན་རྟོག་བསལ་བར་བྱ་བའི་ཕྱིར་དུ་བདག་གི་བླ་མ་མིའི་སེང་གེ་ཤེས་བྱའི་གནས་ལུགས་མཐའ་དག་དྲི་མ་མེད་པའི་རིགས་པའི་སྒོ་ནས་གཟིགས་པའི་སྤྱན་དང་ལྡན་ཞིང་། ཁྱད་པར་དུའང་ཕྱི་དང་ནང་གི་རྟེན་འབྲེལ་གྱི་ཆོས་རྣམས་སྣང་དུས་ཉིད་ནས་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟ་བུར་ཐུགས་སུ་ཆུད་པའི་སྐྱེས་བུ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་གསུང་གི་ཆ་རགས་པ་བློ་ལ་ངེས་པ་རྣམས་རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བྲིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒལཾ། །


previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ། no next