སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན་སྐབས་བཤམས་བཀོད། ལེགས་བཤད།
སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན་སྐབས་བཤམས་བཀོད། ༈ སྒྲུབ་གནས་གཙང་མ་བྱི་དོར་ལེགས་པར་བྱས་ལ། འཕྲུལ་སྟེགས་ལ་དཀྱིལ་ཐང་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི། ལྟེ་བ་ལྗང་སྐྱ་ལ་ཨུཏྤལ་ཏཱཾ་ཡིག་ལྗང་གུས་མཚན་པ། མུ་ཁྱུད་སེར་པོ་དེའི་ཕྱིར། པད་འདབ་བཅུ་པའི་ཁ་རིས་ལྗང་གུ་ནང་ཁོངས་ལི་ཁྲི། དེའི་ཕྱིར་པད་འདབ་བཅུ་པའི་ཁ་རིས། ལི་ཁྲི་ནང་ཁོངས་ལྗང་། ཀུན་ལ་ཏཱཾ་ཡིག་རེས་མཚན། དེའི་ཕྱིར་པ་ཏྲ་སེར་པོ་ཕྱི་མཐའ་རྣམས་ལྗོན་ཤིང་མེ་ཏོག་གིས་མཛེས་པར་བྱས་པ་བཤམས། རུ་ཤིང་བཞི་ལ་བརྟེན་ཏེ་བླ་བྲེ་དང་ཕུར་མ་འཕེན་དང་རྒྱལ་མཚན་སོགས་བརྒྱན། དབུས་སུ་མཉྫི་ལ་སྒྲོལ་མ་གཙོ་སྐུ་བྱིན་ལྡན་ན་བཟའ་བཅས། པད་འདབ་ནང་མ་བཅུའི་ཤར་ན་མྱུར་མ་དཔའ་མོ་སོགས་བཅུ་དང་། ཕྱི་མའི་ཤར་ནས་བཀྲ་ཤིས་དོན་བྱེད་མ་སོགས་བཅུ་སྟེ། ཉི་ཤུ་པོ་གཡས་བསྐོར་དུ་ནས་གཙོ་མོ་ལ་ཕྱོགས་པར་བཤམས། དེའང་ཙཀླའི་ཡིན་ན་འཛུགས་གདན་གྲངས་མཉམ། ལུགས་སྐུ་ཡིན་ན་ན་བཟའ་བཅས། གྲྭ་བཞིར་མཎྜལ་རེ། རུ་ཤིང་གི་ལྡིང་ཁྲི་ལ། གཡས་ཕྱོགས་བརྒྱད་སྟོང་ལྟ་བུའི་གླེགས་བམ། དབུས་སུ་སྟོན་པའི་སྐུ། གཡོན་ཕྱོགས་སུ་མཆོད་རྟེན་རྟེན་གསུམ་ན་བཟའ་བཅས། ཤར་དུ་ཁྲུས་བུམ་ཉེར་ལྔའི་བཅུད་ལྡན་མེ་ལོང་ཞུས་དར་བཅས་ཕྱོགས་བཞི་གར་རྣམ་ལྔ་ཚར་རེ། ཕྱི་མཐའི་མཆོད་སྟེགས་སྟེང་མ་ལ་ཞལ་ཟས་བར་མ་ལ་མར་མེ་ཐོག་མ་ལ་ཡོན་ཆབ་དེ་རྣམས་མང་ཉུང་འབྱོར་པ་དང་བསྟུན་ཏེ། བརྒྱ་རྩ་ལ་མཚམས་ན། ཚར་དང་པོར་ངོས་རེར་བདུན་རེ་ཙམ་བཤམས་ནས་གཞན་རྣམས་ལོགས་སུ་བཞག་སྟེ། ཚར་རེ་བཞིན་དུ་མཆོད་པ་ཁ་གསོས་སུ་རིམ་པར་བསྣན་ཏེ་གྲལ་དུ་བསྒྲིགས། སྤོས་དང་མེ་ཏོག་སྣ་ཚོགས་གང་བདེར་བཤམས། ལྕོགས་ན་ཚར་རེ་བཞིན་དུ་མཆོད་པ་ཚང་མ་བརྗེ། རྗེས་ཆོག་གི་གཏོར་མ་ནི་ཕྱོགས་རེར་བླ་གཏོར་པད་འདབ་བཞི་པ་རེ་སྟེ། ཤར་གཏོར་ལ་རིལ་བུ་ཉེར་གཅིག །ལྷོ་གཏོར་ལ་ཐེབ་ཀྱུ་དང་རིལ་བུ། ནུབ་གཏོར་ལ་ཐེབ་སྐྱུ་གཅིག །བྱང་གཏོར་མདུན་དུ་ལན་ཆགས་གཅིག །ཤར་གཏོར་མ་གཏོགས་གཞན་གསུམ་ཕྱིར་མཆོད། གཞན་ཡང་། མཆོད་རྫས་དང་། རྟེན་གསུམ་རྒྱ་ཆེར་བཤམས་པས་བག་དྲོ་བར་བྱའོ། །སྒྲུབ་པ་པོ་དགེ་འདུན་བཞི་སྡེ་ཡན་ཐམས་ཅད་ཤ་ཆང་སྤང་བའི་དཀར་སྤྱོད་ཁྲུས་དང་གཙང་སྦྲ་ལ་གནས་ཏེ། ཆོས་གོས་གྱོན་ནས་ལག་ཏུའང་མཆོད་པའི་མཎྜལ་རེ་བཅས་དབྱངས་རོལ་གྱིས་སྒྲིགས་སུ་འཇུག །ཚར་རེའི་མཐར་མཆོད་པ་བརྗེས་ལ་བྱིན་བརླབས་ནི། ༀ་ལྷ་རྫས་སོགས་ནས་ཨ་ཧཱུཾ། པོ་ཊ་ལ་ཡི༴ ཏཱཾ་ཡིག༴ ཏཱ་ཡིག་འོད་ཀྱི༴ སྒྲོལ་མ། ལྷ་དང་ལྷ་མིན༴ སོགས་སོ། །ཚར་རྗེས་མ་ལ་བསྟོད་པའི་མཐར་ལྷ་མོ་ལ་གུས༴ སོགས་ཕན་ཡོན་བརྗོད་ལ་ཕྱག་འཚལ། བསྙེན་པའི་སྐབས་སྨྲ་བཅད་གལ་ཆེ་བ་དང་། རྗེས་སུ་སྤྱོད་འཇུག་སྨོན་ལམ་ཡང་གདབ་པར་སུཀྟཱས་གསུངས་སོ། །