Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 collapse section
གསོལ་འདེབས་སྐོར།
  
  
  
  
 expand section
 expand section
 expand section
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousགསོལ་འདེབས་སྐོར།next

གསོལ་འདེབས་སྐོར།

མགོན་བླ་པདྨ་འོད་ཟེར་གྱི་གསོལ་འདེབས།

༈ རྣམ་དག་ཁྲིམས་ལྡན་བྱང་ཆུབ་སེམས་ཀྱིས་ཕྱུག །ལྟ་སྒོམ་སྤྱོད་པའི་ཉམས་ལེན་རྨད་བྱུང་ཞིང༌། །བསྟན་འགྲོར་ཕན་པའི་མཛད་པར་དབང་འབྱོར་བའི། །དགེ་ལེགས་དཔལ་ལྡན་ཞབས་ལ་གསོལ་བ་འདེབས། །མགོན་བླ་པདྨ་འོད་ཟེར་གྱི་གསོལ་འདེབས་ལགས།

རྭ་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུའི་གསོལ་འདེབས།

༈ ན་མོ་གུ་རུ། གྲངས་མེད་རྒྱལ་བ་མ་ལུས་འདུས་པའི་དངོས། །རྨད་བྱུང་ལུང་རྟོགས་དམ་པའི་ཆོས་ཀྱི་མཛོད། །རིག་གྲོལ་གཉིས་ལྡན་ཚོགས་ཀྱི་ཁྱུ་མཆོག་ཆེ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །རྣམ་དག་འདུལ་ཁྲིམས་མཆོག་གི་རྩ་བ་བརྟན། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡལ་འདབ་བྲེས། །གསང་ཆེན་སྔགས་ཀྱི་མངོན་རྟོགས་འབྲས་བུས་སྤུད། །སྡོམ་བརྩོན་དབང་པོ་ཁྱོད་ལ་གསོལ་བ་འདེབས། །ལེགས་པར་བཤད་པས་བློ་ལྡན་དགའ་བ་བསྐྱེད། །ཉམས་ལེན་སྒྲུབ་པས་དོན་བརྒྱུད་རྒྱལ་ས་ཟིན། །རྣམ་དཀར་ཕྲིན་ལས་བསྟན་འགྲོའི་གསོས་སུ་སྨིན། །བསྟན་པའི་མངའ་བདག་ཁྱེད་ལ་གསོལ་བ་འདེབས། །ཡེ་ནས་མཉམ་ཉིད་ཆོས་སྐུའི་དགོངས་ཀློང་དུ། །སྐུ་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ། །རིགས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་ཡིས། །བདག་སོགས་རྗེས་བཟུང་རྡོ་རྗེའི་ཡེ་ཤེས་སྩོལ། །དེ་ལྟར་རྣམ་གསུམ་དད་པས་གསོལ་བཏབ་པས། །འགལ་རྐྱེན་ཉེས་པའི་མུན་པ་དྲུང་ཕྱུངས་ནས། །ཟག་མེད་ཡེ་ཤེས་སྣང་བ་ཀུན་ནས་རྒྱས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་ཐོབ་ཤོག །ཅེས་པ་འདི་ནི་སྡེ་སྣོད་འཛིན་པ་མཆོག་གི་བཀས་རྨོངས་བརྟུལ་གྱི་ན་བས་བྲིས་པ་དགེ་བར་གྱུར་ཅིག །༼རྭ་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུའི་གསོལ་འདེབས་ལགས།༽

གྲུབ་དབང་ཤེས་རབ་མེ་འབར་ལ་ཆེད་དུ་བསྔགས་པ།

༈ ཟག་མེད་ཡེ་ཤེས༵་མཆོག་གི་ཨཱ་དཱརྴར། །ལྐོག་གྱུར་ཤེས་བྱའི་སྣང་བརྙན་རབ༵་ཏུ་བཀྲ། །རྣམ་བཞིའི་ཕྲིན་ལས་མེ༵་དཔུང་འབར༵་བའི་གཟིས། །མི་བཟད་གདོན་ཚོགས་སྲེག་ཅེས་གྲགས་སྙན་ལྡིར། ༡ །བདེ་སྟོང་དབྱེར་མེད་ཐབས་དང་ཤེས༵་ར༵བ་ཉིད། །འགྲོ་ཁམས་སྣང་བའི་སྒྲོན་མེ༵་མཆོག་གི་དངོས། །དྲག་ཤུལ་ཏིང་འཛིན་གཟི་བརྗིད་ཆེར་འབ༵ར་བས། །མི་བསྲུན་སྨྱོ་བྱེད་སྡེ་ཚོགས་མིང་ཙམ་བྱས། ༢ །ཤེས༵་བྱའི་དེ་ཉིད་གསལ་བའི་རྟ་བདུན་དབང་། །རབ༵་འབྱམས་ཆོས་ཚུལ་མཁའ་ལ་དབང་བསྒྱུར་ནས། །རྒྱལ་བསྟན་ཨུ་དུམ་ཝཱ་རའི་མེ༵་ཏོག་ཚལ། །མཛད་ཕྲིན་འོད་སྣང་འབ༵ར་བས་སྐྱོངས་ཤིག་ཀྱེ། ༣ །ཞེས་པ་འདི་གྲུབ་དབང་ཤེས་རབ་མེ་འབར་ལ་ཆེད་དུ་བསྔགས་པ་ལགས།

གླིང་དཀར་དཔའ་བོའི་བྲོ་གར་ཆེན་པོའི་དུས་སྟོན་གྱི་གཏམ་དགྲ་བླ་དགྱེས་པའི་ཚངས་དབྱངས།

༄༅། །གླིང་དཀར་དཔའ་བོའི་བྲོ་གར་ཆེན་པོའི་དུས་སྟོན་གྱི་གཏམ་དགྲ་བླ་དགྱེས་པའི་ཚངས་དབྱངས་ཞེས་བྱ་བ་བཞུགས་སོ། །ཨོཾ་དགེ་ལེགས་སུ་གྱུར་ཅིག ༡ །ལྷར་བཅས་འགྲོ་བའི་འདྲེན་པ་ཟས་གཙང་སྲས། །འགྲོ་ཁམས་རྨོངས་པ་སེལ་མཛད་ལུང་རྟོགས་ཆོས། །དེ་འཛིན་རིག་གྲོལ་གཉིས་ལྡན་འཕགས་པའི་ཚོགས། །རིན་ཆེན་གསུམ་གྱིས་དེང་འདིར་ཤིས་པ་སྩོལ། ༢ །མཁྱེན་པའི་འོད་སྣང་དཔག་མེད་འབུམ་དུ་བརྡལ། །བརྩེ་བའི་འདབ་སྟོང་དཀྱུས་རིང་ཀུན་ནས་རྒྱས། །ནུས་པས་གངས་ཅན་འགྲོ་ཁམས་དཀར་པོར་བསྒྱུར། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུས་ཀུན་སྐྱོངས། ༣ །རིགས་གསུམ་སེམས་དཔའི་རྣམ་རོལ་ལྷ་ཡི་སྲས། །མཚོ་སྐྱེས་བླ་མའི་ཕྲིན་ལས་ཕོ་ཉ་བ། །བདུད་རིགས་ཚར་གཅོད་འདོད་དགུའི་གཏེར་ཁ་འབྱེད། །འཛམ་གླིང་སེང་ཆེན་རྒྱལ་པོས་དགེ་ལེགས་སྩོལ། ༤ །རྒྱལ་ཀུན་ཕྲིན་ལས་ཡེ་ཤེས་ནོར་བུའི་ལྗོན། །འཕགས་བོད་སྐྱེ་བོའི་བསོད་ནམས་མགྲོན་དུ་ཁུག །བདེ་ལེགས་འདོད་པ་འཇོ་བའི་དགེ་ལེགས་རྒྱས། །གླིང་དཀར་གྲུབ་བརྙེས་དཔའ་བོས་དུས་ཀུན་སྐྱོངས། ༥ །ཤིན་ཏུ་ཁྲོས་པའི་རྔམ་བརྗིད་རྡོ་རྗེའི་ཆར། །མི་བཟད་དྲག་ཤུལ་འབར་བའི་སྟོབས་ཤུགས་ཀྱིས། །ནག་ཕྱོགས་ཧོར་བདུད་སྙིང་རྩ་འདར་བགྱིད་པའི། །དྲག་པོའི་སྟོབས་འབར་དཔའ་བརྗིད་གླིང་གི་སྡེ། ༦ །ཞི་བའི་ཕྲིན་ལས་ཕན་བདེའི་བདུད་རྩིས་ཁྱབ། །ཕུན་ཚོགས་དཔའ་བརྒྱའི་དཔག་བསམ་ལྗོན་བཟང་རྒྱས། །མཐའ་བཞི་དབང་དུ་བྱེད་པའི་ཕྲིན་ལས་འབར། །མི་བསྲུན་ཚར་གཅོད་དྲག་པོའི་སྟོབས་ཤུགས་རྔམས། ༧ །དགའ་བདེ་སྐྱིད་པས་ས་གསུམ་ཀུན་ཏུ་ཁྱབ། །ཉམས་དགའི་དུས་སྟོན་ཕུན་ཚོགས་དགེ་མཚན་དར། །གླིང་དཀར་ཕྲིན་ལས་སྲིད་གསུམ་མཛེས་པའི་དཔལ། །དཔའ་བོའི་བྲོ་གར་བརྗིད་པའི་ཉམས་རྩལ་འབར། །
༈ འོ་འདི་ན་བཞུགས་པ་ཐམས་ཅད་ཀྱི་ལྷ་སྙན་པདྨའི་འདབ་མ་རྒྱས་པར་ཀུན་ནས་གསན་འོས། ཞུ་མཆེད་བུང་བ་གཞོན་ནུའི་མགྲིན་གླུ། དེ་ཡང་ལྷ་མི་འགྲོ་བ་ཡོངས་ཀྱི་ཁྱུ་མཆོག ཟག་མེད་ཡོན་ཏན་རྒྱ་མཚོའི་ཕུང་པོ། ཐར་པ་དང་རྣམ་མཁྱེན་མཆོག་གི་དེད་དཔོན། བདེ་ལེགས་ཕན་བདེ་ཡོངས་ཀྱི་བྱེད་པོ། བསྐལ་བཟང་རྣམ་འདྲེན་སྟོང་གིས་རྫོགས་སྨིན་སྦྱངས་པ་མཐར་སོན་ནས། སྨོན་ལམ་དང་ཐབས་མཁས་ཀྱིས་ཡོངས་སུ་བཟུང་སྟེ། གཟུགས་སྐུ་བསོད་ནམས་བྱེ་བའི་འབྱུང་གནས་མཚན་དཔེ་ནོར་བུའི་རྒྱན་བཟང་འབུམ་གྱིས་འཁྱུད་བཞིན་བྱོན་པའི་ཞིང་ཁམས། ཁྱད་པར་དུ་བྱམས་པའི་རྩ་བ་བརླིང་བ། སྙིང་རྗེའི་སྡོང་པོ་རྒྱས་པ། སྨོན་ལམ་གྱི་ཡལ་འདབ་བྲེས་པ། ཡོན་ཏན་གྱི་མེ་ཏོག་བཀྲ་བ། ཕན་བདེའི་གྲིབ་མ་བསིལ་བ། རྨོངས་པའི་ཚ་གདུང་གཞིལ་བ། ཐར་པའི་འབྲས་བུ་སྨིན་པ། མོས་པའི་ཤིང་རྟ་འགེངས་པ། རྣམ་འདྲེན་སྟོང་ལས་ཀྱང༌། སྨོན་ལམ་གྱི་སྟོབས་ཤུགས། སྙིང་སྟོབས་ཀྱི་གོ་ཆ། བརྩེ་བའི་འཆང་ཞགས་སོགས་རྨད་དུ་བྱུང་བ། པདྨ་དཀར་པོ་ལྟར་སྲས་བཅས་རྒྱལ་བ་ཡོངས་ཀྱིས་གཅིག་ཏུ་བསྔགས་པ། བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པ་ཆེན་པོའི་གདུལ་ཞིང་གི་བྱེ་བྲག་མཚུངས་མེད་འདྲེན་པ་མཆོག་དེས་འཕགས་མཆོག་མིག་མི་འཛུམ་ལ་བཀས་གཏད་ཅིང༌། གང་དེས་ཡོངས་སུ་བཟུང་ཞིང་བྱིན་གྱིས་རླབས་པའི་ཞིང་མཆོག རབ་དཀར་ཟླ་ཞུན་འབུམ་གྱིས་ཉིང་ཁུས་ཕྱུག་པའི་ཀཻ་ལ་ཤ་ལྷ་རིགས་དགེ་བསྙེན་ཉེར་གཅིག་གི་བསྟི་གནས་བྱས་ཏེ། རྣམ་ཀུན་སྐྱོང་བའི་གནས་བཟང་བསིལ་ལྡན་གངས་ཅན་གྱི་ལྗོངས་ཞེས། ཇི་སྐད་དུ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་རྡོ་རྗེའི་གླུ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་རི། །དུས་དབྱར་གསུམ་སྔོན་མོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་དགེ་མཚན་ཡོད། །དུང་དཀར་པོ་གཡས་སུ་འཁྱིལ་བ་ལ། །དར་དམར་པོ་རཱ་གའི་ཅོད་པན་ཡོད། །དཔལ་བེའུས་རི་སྐོར་བརྒྱན་པ་ལ། །ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། །ཅེས་པ་ལ་སོགས་པས་བསྔགས་པའི་ཁྱད་པར་དུ་མས་འཕགས་པའི། མི་རྗེ་ལྷ་ཡིས་མཛད་པ། ཆོས་སྲིད་ཟུང་དུ་འཇུག་པ། དགེ་བཅུའི་ལེགས་ལམ་སྒྲུབ་པ་སོགས་ཡོན་ཏན་འབུམ་གྱིས་སྤྲས་པའི་ཡུལ་གྱི་བྱེ་བྲག སྒང་དྲུག་ས་ཡི་ཐིག་ལེའི་ནང་ཚན། ཟླ་ཀླུང་གསེར་ལྡན་དལ་འབབ་ཀྱི་གཡོན་ཕྱོགས། ལྷ་རིགས་ཌཱཀྐི་སྡེ་ལྔ་གནས་པའི་སྒོ་རྒྱལ་གསེར་རི་ལྷུན་པོའི་མདུན་ཞོལ། དེ་ཡང་འདི་ལྟར། གནམ་སྔོན་མོ་གཡུ་ཡི་གདུགས་ཕུབ་འདྲ། །ལས་ཉོན་མོངས་ཚ་གདུང་ཞི་བར་བྱེད། །རི་ཟུར་གསུམ་བྲ་གཞུང་གནམ་དུ་མཐོ། །དེ་མཁའ་འགྲོས་རྒྱལ་མཚན་བསྒྲེང་བ་འདྲ། །ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས། །དེ་འཁོར་ལོ་རྩིབས་བརྒྱད་བཀྲ་བ་འདྲ། །དཔལ་བཀྲ་ཤིས་རྟགས་བརྒྱད་ཀུན་ནས་ལྡན། །ཤར་གསེར་རིའི་རྩེ་ནས་ཉིན་བྱེད་བཀྲ། །མདུན་ཆུ་བོ་ཞོན་ནས་གྱེན་ལ་འགྲོ། །དེ་ཕུན་ཚོགས་ཡར་གྱི་ངོས་ལ་འགྲན། །ཞེས་པ་ལ་སོགས་པའི་ས་ཡི་དཔྱད་ལེགས་པ། གནམ་བཻཌཱུརྱའི་མེ་ལོང་ལ། དཔལ་གྱི་ཉི་མ་ཤར་བ། ས་གསེར་གྱི་གཞོང་པ་ལ། འདོད་དགུའི་དངོས་པོ་སྤུངས་པ། བར་མི་ཡི་སྡེ་ཚོགས་ལ། དགའ་བདེའི་སྣང་བ་རྒྱས་པའི་དུས་བཟང་ཕུན་སུམ་འཚོགས་པའི་སྐབས་འདིར། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་དགེ་འདུན་འདུས་པའི་སྡེ་དང༌། བཅུ་ཕྲག་རིག་པ་སྨྲ་བའི་མཁས་པ། རྣམ་དཔྱོད་བློ་གྲོས་གསལ་བའི་མཛངས་པ། ལུགས་གཉིས་སྲོལ་ཀ་མཁྱེན་པའི་དཔྱོད་ལྡན། བསོད་ནམས་ལོངས་སྤྱོད་རྒྱས་པའི་འབྱོར་ལྡན། གཤིས་རྒྱུད་འཇམ་ལ་དེས་པའི་ཡ་རབས་སོགས་འདུས་པ་རྒྱ་མཚོ་རྣམས་ལ། ཡ་མཚན་དགེ་བའི་ལྟད་མོ། ངོ་མཚར་མཛེས་པའི་རྩེ་བྲོ། སྙན་བརྗིད་རོལ་མོའི་གླུ་དབྱངས་སུ། དཔའ་བོའི་རྔམས་པའི་སྟངས་སྟབས། དཔའ་མོའི་མཛེས་པའི་གར་ཐབས། མདའ་མདུང་མཚོན་གྱི་སྒྱུ་རྩལ། སྡེ་བཞི་དར་བའི་དུས་སྟོན་རྨད་དུ་བྱུང་བ་འདིས། མཐུ་དཔལ་ནུས་པའི་སྟོབས་ཤུགས་ཀྱིས་དྲངས་ཏེ། དགེ་མཚན་སྙན་གྲགས་ཀྱི་འབྲུག་སྒྲ་བཞད་ཅིང་། རྨད་བྱུང་ཕན་བདེའི་སྤྲིན་ཆེན་འཁྲིགས་ཏེ། འདོད་ དགུའི་ཕྱྭ་གཡང་ཆར་དུ་འབེབས་པས། སྣོད་དང་བཅུད་ཀྱི་རྒུད་པ་བསལ་ནས། དགའ་བདེ་དཔལ་འབྱོར་གྱི་དངོས་པོ་དབྱར་གྱི་མཚོ་ཆེན་ལ་འགྲན་པར་འགྱུར། དེ་ཡང་དཔལ་ལྡན་རྡོ་རྗེ་འཆང་དང༌། རྟ་མཆོག་ཧེ་རུ་ཀའི་རྣམ་འཕྲུལ། སྣང་སྲིད་ཀྱི་དྲེགས་པ་ལས་ལ་བཀོལ་ཞིང༌། བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ། འབྱུང་པོ་འདར་ཞིང་ལྷ་འདྲེས་འདུད་པ། ལས་བཞིའི་ཕྲིན་ལས་ལ་རང་དབང་འབྱོར་བ། སྐལ་ལྡན་གྱི་འགྲོ་ལ་བྱིན་རླབས་ཀྱི་གྲུ་ཆར་འབེབས་ཤིང༌། བདེ་ཆེན་ཡེ་ཤེས་ཀྱི་རྟོགས་པ་སྤོར་བ། བསྟན་དང་འགྲོ་བའི་དཔལ་མགོན་དམ་པ། གླིང་དཀར་ལྷ་ཡི་བླ་མ་ཆེན་པོ་རྣམས་དང༌། གཞན་ཡང་ཨ་ཁུ་སྒོམ་ཆེན། ཡང་མེས་སྟོན་པ། འཚོ་བྱེད་ལྷ་རྗེ། རྣོ་མཐོང་མོ་མ་སོགས་དང༌། རྩ་གསུམ་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་ཀྱི་རྩལ་ཤུགས་འཆང་བ། རྣམ་རོལ་རྫུ་འཕྲུལ་གྱི་བཀོད་པ་ཅིར་ཡང་སྟོན་ཅིང་། གདུལ་དཀའ་འདུལ་བའི་དྲག་རྩལ་གྱི་སྟོབས་ཤུགས་གནམ་ལྕགས་ཐོག་ལ་འཁུ་བ། ནག་ཕྱོགས་ཧོར་བདུད་ཀྱི་སྡེ་ཚོགས་རྨང་མེད་དུ་འཇིག་ཅིང༌། དཀར་པོ་ལྷ་ཡི་དབུ་འཕང་གི་དར་ཆེན་སྲིད་རྩེར་བཏེགས་ནས། མི་ཟད་འདོད་དགུའི་གཏེར་གྱི་རྫོང་ཆེན་ཕབ་པས། མགོ་ནག་མི་ཡི་དབུལ་བ་སེལ་བ། འཛམ་གླིང་སེང་ཆེན་རྒྱལ་པོ་དགྱེས་ཡུམ་བཙུན་མོ་དང་བཅས་པ། སྟོབས་དཔལ་དང་རྩལ་ཤུགས། གཟི་བརྗིད་དང་ནུས་མཐུ། སྙན་གྲགས་དང་དཔའ་རྔམས་བསྐྱེད་པའི་སྡེ་བཞི་དར་ལ་བབས་པའི་རླུང་རྟའི་རྫུ་འཕྲུལ་ཀུན་ནས་ངོམ་པ། ཕྱོགས་བཞི་མཚམས་བརྒྱད་ནས། ལེགས་པ་བརྒྱ་དང་སྤྲོད། ཉེས་པའི་དམུ་གབ་བསལ་ཞིང༌། མི་ཤེས་པ་ལ་ལུང་དུ་སྟོན་པ། མ་མཐོང་བ་ལ་དམིགས་བུ་བྱེད་པ། འགལ་རྐྱེན་གྱི་གཡང་ལས་བསྲུང་ཞིང༌། མཐུན་རྐྱེན་གྱི་ལེགས་ཚོགས་སྤེལ་བ། དགྲ་འདུལ་ལྷ་ཡི་དཔུང་སྡེ། རྣམ་དཀར་རྒྱལ་བསྟན་གྱི་སྲུང་མ། དཔའ་བོ་གླིང་སྡེའི་དགྲ་ལྷ། ལྷ་ཀླུ་གཉན་གསུམ་གྱི་སྡེ་དཔུང་བྱེ་བར་དབང་མཛད་པའི། ལྷ་ཆེན་ཚངས་པ་དཀར་པོ། གཉན་ཆེན་ཨ་བོ་གེར་མཛོ། ཀླུ་རྒྱལ་གཙུག་ན་རིན་ཆེན། ཕུ་བོ་དུང་ཁྱུང་དཀར་པོ། ནུ་བོ་ཀླུ་ཕྲུག་འོད་ལྡན། སྲིང་ལྕམ་ཐ་ལེ་འོད་འཕྲོ། ཨ་ནེ་གནམ་སྨན་དཀར་མོ། དགྲ་བླའི་མེ་སྟག་དམར་པོ།

༈ ཟག་མེད་མེ་ལོང་ཡེ་ཤེས་ཀྱི་རང་རྩལ། བདེ་གཤེགས་བུདྡྷ་རིགས་ཀྱི་རྣམ་འཕྲུལ། རབ་དཀར་ཟླ་ཞུན་གསར་བའི་མདངས་འཛིན། ཉེས་ཚོགས་མུན་པ་སེལ་བའི་སྣང་བྱེད། ཞི་བའི་ཕྲིན་ལས་རྒྱ་མཚོའི་མངའ་བདག་ཆེན་པོ། སྤྱི་དཔོན་ཨ་མྱེ། ཡབ་ཆེན་སེང་བློན་རྒྱལ་པོ། རྒྱ་ཚ་ཞལ་དཀར། རོང་ཚ། ཨ་མྱེ་སྣང་ངུ་གཡུ་སྟགགསེར་བུའི་ཉི་འབུམ་ལྷ་དར། ཀ་རུ་ཉི་མ་རྒྱལ་མཚན། འབྲུ་རྗེ་ཐར་བ་རྒྱལ་མཚན། ནག་རུ་ཐར་བ་རྒྱལ་མཚན། གོ་འཇོ་བླ་མ་རྒྱལ་མཚན་ཏེ། མཆོག་ཏུ་ཞི་བའི་ལས་མཛད་ཀྱི་དཔའ་ཐུལ་བཅུ་ཕྲག་གཅིག་གིས་ཤར་ཕྱོགས་དབང་པོའི་སྐྱོང་བའི་ཡུལ་ཁམས་ལ་མངའ་དབང་བསྒྱུར་ནས་མི་མཐུན་ཉེས་ཚོགས་སེལ་བའི་བདུད་རྩི། ཟག་མེད་དགའ་བདེའི་འོད་སྣང་དཀར་པོའི་ས་གསུམ་ཡོངས་སུ་ཁྱབ་པར་མཛད་དོ། །

༈ ཆོས་ཀུན་མཉམ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རང་རྩལ། བདེ་གཤེགས་རིན་ཆེན་རིགས་ཀྱི་རོལ་གར། བཙོ་མ་གསེར་ཞུན་འབར་བའི་མདངས་འཛིན། ཕོངས་རྒུད་དབུལ་བ་སེལ་བའི་ནོར་བུ། ཆོས་ནོར་ཡོན་ཏན་རྒྱ་མཚོའི་གཏེར་ཆེན། རྒྱས་པའི་ཕྲིན་ལས་རྒྱ་མཚོར་མངའ་དབང་བསྒྱུར་བའི་དཔའ་ཐུལ་ཆེན་པོ། ཚ་ཞིང་འདན་མ། སེང་སྟག་ཨ་དོམ། སྣང་ལུ་ཨ་དཔལ། རྒྱ་དཔོན་ཁྲོ་ཚ། སྟོང་དཔོན་ཡ་མི་སོ་ཁྲ། འབུམ་དཔོན་ཐོག་རྒོད་འབར་བ། དམུ་བའི་དར་འཇམ་ངོ་ལུག སྟག་རོང་སྲིན་ཚ་ངོ་ལུག འོ་བའི་ཚངས་པ་ངོ་ལུག འབྲུ་དགའ་བདེའི་མི་ཆེན་སེར་པོ་སྟེ། མཆོག་ཏུ་རྒྱས་པའི་ལས་མཛད་ཀྱི་དཔའ་ཐུལ་ཆེན་པོ་བཅུ་ཕྲག་གཅིག་གིས། ལྷོ་ཕྱོགས་མ་ཧེའི་རྒྱལ་མཚན་ཅན་གྱིས་སྐྱོང་བའི་ཡུལ་ཕྱོགས་ལ་མངའ་དབང་བསྒྱུར་ནས་ཕྱྭ་གཡང་སྡུད་ཅིང༌ཚེ་བསོད་སྤེལ་ནས་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛད་དོ། །

༈ སོར་རྟོགས་ཡེ་ཤེས་ཆེན་པོའི་རང་རྩལ། བདེ་གཤེགས་པདྨ་རིགས་ཀྱི་རྣམ་རོལ། རབ་དམར་པད་རག་ཞུན་མའི་མདངས་འཛིན། ཁེངས་དྲེགས་སྙེམས་པ་འདུལ་བའི་ཐབས་ལྡན། བརྟན་གཡོའི་དྭངས་བཅུད་འགུགས་པའི་ཕོ་ཉ། རབ་འབྱམས་དབང་གི་ཕྲིན་ལས་རྒྱ་མཚོར་མངའ་དབང་བསྒྱུར་བའི་དཔའ་ཐུལ་ཆེན་པོ། གདོང་རྒྱལ་སྟག་རོང་གཟིག་འཕེན། མ་བཞིའི་དཔོན་པོ་ཁྲོ་རྒྱལ། སྟག་རོང་ཨ་ནུ་ཁྲི་ཤོག སྟག་རོང་ཁྲོ་ཚ་འཁྱིལ་ཆེན། སྟག་རོང་གཟི་བ་རིན་ཆེན། དམུ་བའི་དར་འཕན་ནག་པོ། བཅོ་ལྔའི་དཔའ་གསར་ཟླ་བ། བཙན་རྒོད་ཕུར་བ་བེར་སྐྱེས། བདེ་བ་སྒྲོ་རྒོད་མདའ་བཙན། ཤོང་ཚང་ཨ་ནུ་ཁྲ་རྒོད་དེ། མཆོག་ཏུ་དབང་གི་ལས་མཛད་ཀྱི་དཔའ་ཐུལ་ཆེན་པོ་བཅུ་ཕྲག་གཅིག་གིས་ནུབ་ཕྱོགས་ཆུ་ལྷས་སྐྱོང་བའི་ཡུལ་ཕྱོགས་ལ་མངའ་དབང་མཛད་ནས་འགྲོ་ཁམས་མོས་པ་རྣམ་བཞིའི་དབང་དུ་བྱེད་པའི་ཕྲིན་ལས་རྒྱ་མཚོའི་རོལ་གར་ལ་རྩེན་པར་མཛད་དོ། །

༈ བྱ་གྲུབ་ཡེ་ཤེས་ཆེན་པོའི་རང་རྩལ། བདེ་གཤེགས་ཀརྨ་རིགས་ཀྱི་སྒྱུ་འཕྲུལ། མཐིང་སྔོན་ཨིནྡྲ་ནི་ལའི་མདངས་འཛིན། མི་བསྲུན་སྲོག་རྩ་གཅོད་པའི་རལ་གྲི། ཕྱོགས་བཞིའི་དགྲ་བཞི་འདུལ་བའི་དཔའ་བོ། ཧོར་བདུད་ཆམ་ལ་འབེབས་པའི་དམག་དཔོན། མཐར་བྱེད་གནམ་ལྕགས་འབར་བའི་སྟོབས་ལྡན། འཇིགས་རུང་གཤིན་རྗེ་ཁྲོས་པའི་ཤུགས་འཆང༌། དྲག་པོའི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་མཛད་པའི་དཔའ་ཐུལ་གྱི་སྡེ་ཚན། དར་འཕེན་དུག་གི་སྡོང་པོ། འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག ཁྲོ་ཐུང་ཉ་ཚ་ཨ་བརྟན། མི་ཆེན་རྒྱལ་བའི་ལྷུན་གྲུབ། བར་གླིང་ཨ་ནུ་སེང་སྟག དམུ་སྤྱང་རིན་ཆེན་དར་ལུ། སྐྱ་ལོའི་བུ་ཡག་འབྲུག་རྒྱལ། གོ་ཆོད་དཔལ་རྒྱལ་སྟག་ཡུ། བོད་ཕྲུག་མི་ཆུང་ཁ་བདེ། གཟུ་ཆེན་ཝེར་མ་ལྷ་དར་ཏེ། གཏུམ་རྔམས་དྲག་པོའི་ཕྲིན་ལས་ལ་མངའ་དབང་མཛད་པའི་དཔའ་ཐུལ་ཆེན་པོ་བཅུ་ཕྲག་གཅིག་གིས་བྱང་ཕྱོགས་རྨུགས་འཛིན་དབང་པོས་སྐྱོང་བའི་ཡུལ་ཕྱོགས་ལ་མངའ་དབང་བསྒྱུར་ཏེ། ནག་ཕྱོགས་ཧོར་བདུད་ཀྱི་དགྲ་སྡེ་ཆམ་ལ་ཕབ་ནས། གསོད་གཅོད་མཚོན་ཆའི་སྒྱུ་རྩལ་གྱིས་མི་བསྲུན་གདུག་པའི་སྐྱེ་རྒྱུད་བཅད་ནས། དཀར་ཕྱོགས་རྣམ་པར་རྒྱལ་བའི་རུ་མཚོན་སྲིད་པའི་རྩེ་ལ་བསྒྲེང་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛད་དོ། །

༈ འོ་དེ་ལྟར་དཔའ་བོ་གླིང་གི་བྲོ་གར་ཆེན་པོ། གར་གྱི་ཉམས་དགུའི་མཛེས་པ། ལུས་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་འབུམ་དང་ལྡན་པའི་ཡ་མཚན་རྨད་དུ་བྱུང་བའི་ལྟད་མོ། དགའ་བདེ་སྐྱིད་པའི་དུས་སྟོན་དར་ལ་བབས་པས། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་དུས་སྟོན། འཇིག་རྟེན་མཐའ་དག་རྨད་བྱུང་བདེ་དགུའི་སྣང་བ་ལ་རོལ་ཞིང༌། ལེགས་བྱས་དཔག་བསམ་གྱི་ལྗོན་པ་བཟང་པོ། དགེ་མཚན་འབུམ་གྱི་མེ་ཏོག་བཞད་ཅིང༌། ཕུན་ཚོགས་སྡེ་བཞིའི་འབྲས་བུ་འདོད་པ་འཇོ་བས་ཀུན་ནས་བརྒྱན་ཞིང༌། གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་བཞིན་ཕན་བདེའི་གྲུ་ཆར་ལེགས་པར་ཕབ་པས་སྣོད་དང་བཅུད་ཀྱི་རྒུད་པ་སེལ་ནས། དཀར་ཕྱོགས་ཀྱི་མངའ་ཐང་དང་ཆབ་སྲིད་རྒྱས། ལེགས་དགུའི་དངོས་པོ་འདུ། ཆོས་སྲིད་ཀྱི་ལྷུན་པོ་བརྟན། ཕྱྭ་ གཡང་དང་ལོངས་སྤྱོད་འཕེལ་ནས། འདིར་འདུས་ཐམས་ཅད་ལས་ཤུགས་བསོད་ནམས་ཀྱི་ཤིང་རྟས་དྲངས་ཏེ། རྣམ་དཀར་གྱི་ལས་ལ་བརྩོན་ཞིང༌། དཔལ་དང་དབང་ཐང་ལྷ་ལ་འགྲན་པ་དང༌། ཁྱད་པར་དུ་དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་ལུང་རྟོགས་གཉིས། བཤད་དང་སྒྲུབ་པས་རྒྱ་མཚོའི་གོས་ཅན་གྱི་མཐའ་ལ་ཁྱབ་པ་དང༌། དགོས་སུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབུས་ནས་ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་འཕགས་པ་གསང་ཆེན་སྔ་འགྱུར་གྱི་བསྟན་པའི་སྣང་བས་ས་གསུམ་ཡོངས་སུ་འགེངས་ཤིང༌། རི་དབང་ལྷུན་པོ་ཇི་བཞིན་འཕོ་མེད་བརྟན་པའི་དགེ་མཚན་ལ་གནས་པར་གྱུར་ཅིག །

སྨྲས་པ། ༡ མཐོན་མཐིང་ནོར་བུའི་མདངས་འཛིན་ཀུན་གསལ་ངོས། །རྨད་བྱུང་དགེ་མཚན་གསེར་གྱི་ཉིན་བྱེད་ཤར། །ཕུན་ཚོགས་སྣང་བས་ས་གསུམ་ཁྱབ་བཞིན་དུ། །གླིང་བྲོའི་དགའ་སྟོན་དུས་ཀྱི་སྟོན་ཆེན་དར། ༢ །སྙིགས་མའི་མགོན་གཅིག་རིགས་གསུམ་སེམས་དཔའ་ཡི། །སྤྲུལ་པའི་ཟློས་གར་ཕྲིན་ལས་མེ་འོད་གཟིས། །བདུད་རིགས་བུད་ཤིང་འཇོམས་པའི་དཔའ་བོ་ཆེ། །གླིང་རྗེ་སེང་ཆེན་རྒྱལ་པོས་དུས་ཀུན་སྐྱོངས། ༣ །ཕུལ་བྱུང་མཁྱེན་ནུས་བརྩེ་བའི་སྟོབས་འཆང་ཞིང༌། །འདོད་དགུའི་གཏེར་གྱི་རྫོང་ཆེན་ཀུན་ནས་ཕབ། །ཕན་དང་བདེ་བས་ས་ཆེན་འདི་འགེངས་པའི། །གླིང་དཀར་ལྷ་ཡིས་བཀྲ་ཤིས་ཆར་ཆེན་ཕོབ། ༤ ། ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་ཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང༌། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་རབ་རྒྱལ་ལྕགས་སྤྲེལ་ལོར་རྒྱལ་བསྟན་ཡང་དར་གྱི་སྐལ་བཟང་ཤར་ནས་སྔ་འགྱུར་རྒྱལ་བ་ཕུག་ཁང་དགོན་གྱི་གླིང་དཀར་དཔའ་བོའི་ལྷ་འཆམས་གསར་དུ་དབུ་བརྙེས་པའི་ཚེ་ཀུན་གཟིགས་མཁན་ཆེན་བླ་མས་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་གསུངས་པ་ལགས།


previousགསོལ་འདེབས་སྐོར།next