Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཉ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
དང་པོ། དལ་འབྱོར་རྙེད་དཀའ་བའི་ལེའུ།
   
   
   
   
   
   


 
previousདང་པོ། དལ་འབྱོར་རྙེད་དཀའ་བའི་ལེའུ།next

དང་པོ། དལ་འབྱོར་རྙེད་དཀའ་བའི་ལེའུ།

༄༅། །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞུགས་སོ། །སྟོད་ཆ།

༄༅༅། །རྒྱ་གར་སྐད་དུ། མཧཱ་སནྡྷི་ཙིནྟཱ་བི་སྲནྟ་བྲ྇ཏྟི་མཧཱ་ར་ཐ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་རྒྱ་མཚོའི་སྤྲིན་ལས་ཞི་བདེའི་ཆར་གྱི་ཚོགས་མངའ་བ། །རང་བཞིན་ཡོན་ཏན་བརྒྱ་ཕྲག་གིས་མཛེས་སྐུ་གསུམ་མཛད་པའི་རྣམ་འགྲོས་ཅན། །མཁྱེན་བརྩེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཚངས་པའི་རྔ་ཆེན་གསལ་བར་སྒྲོག །འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་དང་ཆོས་དང་དགེ་འདུན་སྤྱི་བོས་མཆོད། །(༢)ཨོ་རྒྱན་མཚོ་གླིང་པདྨའི་སྡོང་པོ་ལ། །རྒྱལ་བའི་རྣམ་འཕྲུལ་རང་བཞིན་ལྷུན་གྱིས་གྲུབ། །མཚན་རྫོགས་དཔེ་བྱད་ཡོན་ཏན་ཚོགས་འབར་བའི། །པདྨ་འབྱུང་གནས་བདག་བློའི་པད་མཚོ་སྐྱོངས། །གདོད་ནས་འོད་གསལ་དྲི་མ་མེད་གང་སྲིད་དང་མྱ་ངན་འདས་འཕྲོ་ཞིང་། །སྐྱེ་མེད་རང་བཞིན་གཉིས་སུ་མེད་གང་གཉུག་མའི་ངོ་བོར་རྫོགས་སངས་རྒྱས། །ཡོད་མེད་རྟག་ཆད་འགྲོ་འོང་མེད་གང་སྣ་ཚོགས་སྤྲོས་པའི་ཡུལ་མིན་ཞིང་། །བཟང་ངན་བླང་དོར་དམིགས་སུ་མེད་གང་སེམས་ཉིད་འདུས་མ་བྱས་ལ་འདུད། །དུས་གསུམ་རྒྱལ་བས་ཞི་བ་མཆོག་བརྙེས་ཐར་པའི་གྲོང་མཆོག་ཉམས་དགའ་བར། །མ་ལུས་འགྲོ་ཀུན་ཡོངས་སུ་དྲང་ཕྱིར་མདོ་རྒྱུད་སྙིང་པོའི་དོན་བསྡུས་ཏེ། །ཉིན་མཚན་མི་ངལ་བརྩོན་པས་ལྷུར་ལེན་གཅིག་ཏུ་ཞི་ལ་སེམས་གཞོལ་བ། །སྲིད་ལས་རྣམ་གྲོལ་ཟབ་མོའི་ལམ་གྱུར་ཤིང་རྟ་ཆེན་པོ་གསལ་བར་བྱ། །

ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་འདི་ཉིད་འཆད་པར་བྱེད་པ་ལ། ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཚུལ་བརྗོད། གཞུང་གི་དོན་དངོས་རྒྱ་ཆེར་བཤད། མཐར་ཕྱིན་པ་མཇུག་གི་དོན་བསྟན་པ་དང་གསུམ་ལས། དང་པོ་ཕྱག་གི་དོན་དང་། བརྩམ་པར་དམ་བཅའ་བ་གཉིས་ཀྱི། དང་པོ་ནི། འདི་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་། དེའི་བསྟན་པ་གསུང་རབ་དམ་པའི་ཆོས་ཀྱང་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་དྲིན་གྱིས་གནས་ལ། རང་ཉིད་ཀྱིས་རྙེད་པར་དཀའ་(༣)བའི་དལ་འབྱོར་དམ་པ་ཐོབ་པའི་དུས་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་རང་དང་གཞན་གྱི་སྐྱེ་བོ་རྣམས་ཡོངས་སུ་བསྒྲལ་བའི་ཕྱིར། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་གང་ཟག་གཅིག་གིས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ། ལས་དང་པོ་པ་འཇུག་པ་ནས་བརྩམས་ཏེ་མངོན་པར་བྱང་ཆུབ་པ་འབྲས་བུའི་བར་ཚང་ལ་མ་ནོར་བར་བསྟན་པའི་ཕྱིར། ཐེག་པ་མཐའ་དག་གི་དོན་རྫོགས་ཤིང་། འཁོར་བར་དུབ་པའི་སེམས་ཉིད་ཞི་བའི་གླིང་དུ་ངལ་གསོ་བར་བྱེད་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བའི་བསྟན་བཅོས་ལེའུ་བཅུ་གསུམ་གྱི་བདག་ཉིད་རྩོམ་པར་འདོད་ནས་རེ་ཞིག་དང་པོར་ཕྱག་འཚལ་བ། གདོད་མའི་མགོན་པོ་ཡོན་ཏན་གང་ཆེན་མཚོ། །མཁྱེན་བརྩེའི་རང་བཞིན་གཏིང་མཐའ་དཔག་ཡས་ཤིང་། །རྒྱལ་བ་རྒྱལ་སྲས་ཡིད་བཞིན་འབྱུང་བའི་གནས། །ཕན་བདེའི་སྤྲིན་ཕུང་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་དག་སྨོས་ཏེ། གཞི་གདོད་མའི་གནས་སུ་མངོན་པར་བྱང་ཆུབ་པའི་མགོན་པོ་ནི་སྟོན་པ་བཅོམ་ལྡན་འདས་ཏེ། སྤངས་པ་དང་རྟོགས་པའི་ཡོན་ཏན་གང་ཆེན་མཚོའི་རང་བཞིན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངའ་བ་དེ་ནི། མཁྱེན་རབ་དང་ཐུགས་རྗེ་རྨད་དུ་བྱུང་བའི་གཏིང་མཐའ་འདི་ཙམ་མོ་ཞེས་ཚུ་རོལ་མཐོང་བའི་བློས་དཔག་པར་མི་ནུས་ཤིང་། དེས་གསུངས་པའི་ཆོས་ལ་ནན་ཏན་དུ་མཛད་པས་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པའི་ནོར་བུ་འབྱུང་བའི་གནས་སུ་གྱུར་པ། ནམ་མཁའི་མཐས་ཀླས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་དུ་གནས་སྐབས་ཀྱི་ཕན་པ་རང་རང་གི་ཡིད་དང་རྗེས་སུ་མཐུན་པའི་བདེ་བ་དང་། ལྷ་དང་མིའི་བདེ་བ་ལ་འགོད་ཅིང་། མཐར་ཐུག་གི་བདེ་བ་དབང་པོའི་སྐལ་བ་དང་རྗེས་སུ་མཐུན་པའི་བྱང་ཆུབ་གསུམ་ལ་འགོད་ཅིང་མཐར་ཡང་བྱང་ཆུབ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་སྦྱོར་བར་མཛད་པའི་བདག་ཉིད་དམ་པ། དཔལ་ཀུན་དུ་བཟང་པོ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་བའོ། །དེ་ལ་གདོད་མའི་མགོན་པོ་ཡོན་ཏན་གྱི་རྒྱ་མཚོ་ནི། དཔལ་སྒྱུ་འཕྲུལ་དྲ་བ་ལས། མགོན་པོ་གདོད་ནས་རྫོགས་སངས་རྒྱས། །ཡོན་ཏན་རིན་ཆེན་གང་ཆེན་མཚོ། །ཞེས་སོ། །མཁྱེན་པ་དང་བརྩེ་བའི་ཡེ་ཤེས་མཐའ་དག་རྫོགས་པ་ཡང་སངས་རྒྱས་ཉིད་ལས་གཞན་མེད་དེ། བཞི་བརྒྱ་པ་ལས། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་ལས་གཞན་ཡོད་མིན། །ཞེས་སོ། །དཀོན་མཆོག་དེ་དག་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་པ་ཅན་དུ་བྱུང་བ་ཉིད། རྒྱུད་བླ་མ་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་གསུངས་པ་ལྟར་རོ། །དེའང་ཕན་བདེའི་སྤྲིན་ཕུང་འགྲོ་བ་ལ་འཕྲོ་(༤)བ་ནི། མདོ་སྡེའི་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་པའོ། །དེ་ལྟར་ཕྱག་འཚལ་བའི་དགོས་པ་ནི་རང་དང་གཞན་དང་གཉིས་ཀས་ཐོབ་པའི་དོན་ཆེན་པོ་ཉིད་ལས། རེ་ཞིག་རང་གིས་ཐོབ་པའི་ཡུལ་མཆོག་ཏུ་གྱུར་པ་ལ་ཚིག་དང་དོན་གྱི་སྐལ་བ་བཟང་པོས་བསྟོད་ན། རང་ཉིད་དམ་པར་རྟོགས་པ་དང་། དམ་པའི་སྤྱོད་པ་ལ་ཞུགས་ནས། རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པོར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་སོ། །གཞན་གྱིས་ཐོབ་པའི་དགོས་པ་ཡང་། སྟོན་པ་དང་བསྟན་བཅོས་མཆོག་ཏུ་རིག་ནས་གུས་པ་སྟེ། ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་སོ། །གཉིས་ཀས་ཐོབ་པའི་དགོས་པ་ནི། ཚོགས་རྫོགས་པས་སྨོན་པའི་དོན་འགྲུབ་པ་སྟེ། རྒྱ་ཆེར་རོལ་པའི་མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་པ་དང་། སངས་རྒྱས་མང་བྱེད་ཀྱི་མདོར། གང་ཞིག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །

གཉིས་པ་ནི། དེ་ལྟར་ཕྱག་བྱས་ནས་ཅི་བྱ་ཞེ་ན། འོད་གསལ་ཆོས་སྐུ་དྲི་མེད་རྒྱལ་བའི་ཁམས། །མ་རིག་འཛིན་པས་སྲིད་པ་འདིར་འཁྱམས་ཏེ། །ལས་དང་ཉོན་མོངས་མྱ་ངམ་ཐང་དཀྱིལ་དུ། །དུབ་པའི་སེམས་ཉིད་དེ་རིང་ངལ་གསོ་བྱ། །ཞེས་པ་སྟེ། སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ་སངས་རྒྱས་ཀྱི་ཁམས་ངོ་བོ་ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་ལས་འདས་པ་དེ་སེམས་ཅན་ཐམས་ཅད་ལ་ཡེ་ནས་ཁྱབ་པར་ཡོད་དེ། རྒྱུད་བླ་མ་ལས། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ནས། །གང་དག་འགྲོ་ཀུན་བདག་མེད་མཐའ་བཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །ཅེས་གསུངས་སོ། །དེ་ལྟར་གདོད་མ་ནས་དག་པའི་ཡེ་ཤེས་རང་ལ་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་སྲིད་པ་འདིར་འཁྱམས་ཏེ། མ་རིག་པ་བདག་ཏུ་འཛིན་བྱེད་ཀྱི་ལས་དང་། དེས་བསྐྱེད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་སྟེ། དུག་ལྔའི་ཉོན་མོངས་པས་སྲིད་པ་འདིར་འཁོར་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཀུན་གཞིའི་སྟེང་དུ་བག་ཆགས་སྣ་ཚོགས་བཞག་པས་མི་(༥)དགེ་བ་ཆུང་ངུ་དང་། གཏི་མུག་གི་ལས་ཀྱིས་དུད་འགྲོ་དང་། འབྲིང་དང་འདོད་ཆགས་ཀྱི་ལས་ཀྱིས་ཡི་དྭགས་དང་། ཆེན་པོ་དང་ཞེ་སྡང་གི་ལས་ཀྱིས་དམྱལ་བ་དང་། དགེ་བ་བསོད་ནམས་ཆ་མཐུན་ང་རྒྱལ་དང་མཚུངས་པར་ལྡན་པས་ལྷ་དང་མི་དང་། ཕྲག་དོག་དང་མཚུངས་ལྡན་གྱི་དགེ་བས་ལྷ་མ་ཡིན་དུ་སྐྱེ་སྟེ། རང་རང་གི་གནས་རིས་དང་། བདེ་བ་དང་། སྡུག་བསྔལ་དང་། བར་མ་དང་། དགེ་བ་དང་། མི་དགེ་བ་སོ་སོ་ལ་སྤྱོད་ཅིང་། སྲིད་པའི་མྱ་ངམ་གྱི་ཐང་བགྲོད་དཀའ་བ་ཐོག་མ་དང་ཐ་མ་མེད་པ་འདིར་རང་དབང་མེད་པར་འཁྱམས་ཤིང་། དོན་མེད་པ་ལ་ང་དང་བདག་ཏུ་འཛིན་པ་རྨི་ལམ་གྱི་སྣང་བ་དང་འདྲ་བ། ལེགས་པར་བརྟགས་ན་མེད་ཀྱང་འཁྲུལ་པའི་རང་དུས་ན་བདེན་བདེན་གྲུབ་གྲུབ་པོ་ལྟར་སྣང་བ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྲིད་པའི་འགྲོ་བ་རྨི་ལམ་བཞིན་དུ་གཡོ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །ཅེས་པ་དང་། ཚངས་པས་ཞུས་པ་ལས། རྨི་ལམ་ལྟ་བུར་སྣང་བའི་འགྲོ་བ་རྣམས། །རང་གི་ལས་ཀྱིས་སོ་སོར་འཆིང་འགྱུར་ཏེ། །བདེ་དང་སྡུག་བསྔལ་དུ་མའི་ཁོར་མོར་འཁྱམས། །རང་བཞིན་བདག་མེད་དེ་བཞིན་ཉིད་ཡིན་ཡང་། །མི་མཁས་བྱིས་པས་ང་དང་བདག་ཏུ་འཛིན། །སྲིད་པའི་ཟུག་རྔུ་ཕྱི་ཕྱིར་ལྡང་བར་འགྱུར། །ཞེས་སོ། །དེ་ལྟར་སྲིད་པའི་སེམས་ཅན་འཆིང་བ་སྣ་ཚོགས་ཀྱིས་བཅིངས་པ། ཆོས་ཐམས་ཅད་བདག་མེད་ཀྱང་བདག་ཏུ་འཛིན་པ་འདི་དག་ལས་ཐར་པའི་མིག་དབྱེ་བར་བྱ་བའི་ཕྱིར་ངེས་པའི་དོན་གྱི་སྙིང་པོར་གྱུར་པ་བསྟན་དགོས་སོ། །ཅིའི་ཕྱིར་ཞེ་ན། རང་གི་ལམ་དེ་ཉིད་ཤེས་ནས་ཞི་བ་ཙམ་དོན་དུ་གཉེར་བ་ནི་མི་རིགས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པའི་འཁོར་བ་འདིར་འཁྱམས་དུས། ཕ་དང་མ་མ་བྱས་པ་མེད་ལ། དེ་རྣམས་བོར་ནས་རང་ཉིད་གཅིག་པུ་ཐར་བར་བྱེད་པ་ནི་ཚུལ་མ་ཡིན་པའི་ཕྱིར་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕྲོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ནས་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིང་སྤྲོ། །ཞེས་པའི་ཚུལ་ལ་བསམ་ཏེ། ཡུན་རིང་མོ་ཞིག་ནས་འཁོར་བ་འདིར་འཁྱམས་པའི་སེམས་ཅན་རྣམས་སྡུག་བསྔལ་དཔག་ཏུ་མེད་པའི་ཁུར་གྱིས་དུབ་ཅིང་ངལ་བ་རྣམས་མཐོང་ནས། རྒྱལ་བའི་འབྱོར་པ་རྨད་དུ་བྱུང་བས་བརྒྱན་པའི་བསྟི་གནས་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ལ་ངལ་གསོ་བའི་མན་(༦)ངག་གི་བསྟན་བཅོས་རྩོམ་པར་འདོད་པ་ནི་ཚད་མེད་པའི་སྙིང་རྗེ་ཕུན་སུམ་ཚོགས་པས་འཁོར་བ་ན་རྒྱུ་བ་འདྲེན་པ་ཡིན་ཏེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། སེམས་ཅན་གྱི་ཁམས་ལ་དམིགས་ནས་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་ཐམས་ཅད་ནི་འཁོར་བ་ན་རྒྱུ་བ་རྣམས་ཡང་དག་པར་འདྲེན་པའི་ཕྱིར་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྟེ། འཇིག་རྟེན་པའི་གཙུག་ལག་གམ། འཇིག་རྟེན་ལས་འདས་པའི་གཙུག་ལག་གི་སྦྱོར་བས་ཡང་དག་པར་བརྩོན་ཞིང་། དགེ་བ་ལ་བསྐུལ་བ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱེད་པའོ། །དེ་བཞིན་གཤེགས་པ་མཆོད་པའོ། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་པའོ། །ཐར་པའི་ལམ་པོ་ཆེའི་སྲོལ་བཏོད་པའོ། །སྐྱེས་བུ་དམ་པའོ། །རིན་པོ་ཆེའི་ཏོག་གོ་ཞེས་སོ། །དེ་དག་གིས་ཕྱོགས་གཉིས་པ་བརྩམ་པར་དམ་བཅའ་བ་བསྟན་ཏོ། །

སྤྱི་དོན་གཉིས་པ་གཞུང་དོན་རྒྱ་ཆེར་བཤད་པ་ལ་ལེའུ་བཅུ་གསུམ་དུ་ཡོད་པ་ལས། དང་པོ་དལ་འབྱོར་རྙེད་དཀའ་བའི་ལེའུ་ལ་བཞི་ལས། དལ་འབྱོར་ཐོབ་དཀའ་བ་སྤྱིར་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་གཟུང་བ། རྟེན་དང་བརྟེན་པའི་རང་བཞིན་ལ་ངེས་པར་དཔྱད་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས།

དང་པོ་ནི། ད་ནི་ལུས་དངོས་འཆད་པར་འགྱུར་བ་ལས། རེ་ཞིག་དང་པོར་བྱང་ཆུབ་སྒྲུབ་པའི་རྟེན་ནི་དལ་འབྱོར་ཡིན་ལ། དེ་བསྔགས་པའི་རིམ་པ་རྣམས་བསྟན་པ་ནི། གྲོགས་དག་དལ་འབྱོར་རིན་ཆེན་སྙིང་པོའི་ལུས། །འགྲོ་དྲུག་ནང་ནས་རྙེད་པར་ཤིན་ཏུ་དཀའ། །ཇི་ལྟར་ལོང་བས་རིན་ཆེན་གཏེར་རྙེད་བཞིན། །རབ་ཏུ་དགའ་བས་ཕན་བདེ་བསྒྲུབ་པར་བྱ། །ཞེས་སྨོས་ཏེ། ཐར་པར་བགྲོད་པ་གཅིག་པའི་སྐྱེ་བོ་གང་ཡིན་པ་ནི་བྱང་ཆུབ་བསྒྲུབ་པའི་གྲོགས་ཏེ། སེམས་དང་སྐལ་བ་བཟང་པོ་རྣམས་ལ་གདམས་པ། དལ་འབྱོར་དམ་པ་ཐོབ་པ་ནི་མི་དབུལ་པོས་རིན་པོ་ཆེའི་མཆོག་རྙེད་པ་མཚར་བ་ལས། ལོང་བ་ཞིག་གིས་རྙེད་ན་དེ་བས་ཀྱང་མཚར་ཞིང་ཡ་མཚན་ཆེ་བ་ལྟར། འགྲོ་བ་རིགས་དྲུག་གི་སྲིད་པ་ན་འཁོར་བའི་ཚེ་དལ་འབྱོར་གྱི་ལུས་ཐོབ་པ་ལ་བསྔགས་པ་ནི། དལ་འབྱོར་བསྟན་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེ་བཞི་མདོ་ནས་རྙེད་པ་ལྟར། འཁོར་བ་ན་རྒྱུ་བའི་སེམས་ཅན་མ་རིག་པའི་ལིང་ཏོག་གིས་ལྡོངས་པ་དག་གིས་མི་ཉིད་ཀྱི་དངོས་པོ་རྙེད་པ་ནི་མཆོག་ཏུ་དགའ་བ་སྟེ། ཁྱེད་ཀྱིས་རྟག་ཏུ་ལེགས་པའི་ཆོས་བསྒྲུབ་པར་བྱ་དགོས་སོ་ཞེས་གསུངས་སོ། །

རང་བཞིན་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོ་དལ་འབྱོར་བཅོ་བརྒྱད་བཤད་པ་ནི། དེའི་དབྱེ་བ་རྒྱས་པར་བཤད་པ་ནི། དལ་དང་འབྱོར་པ་དེ་ཡང་གང་ཞེ་ན། བདག་ནི་སེམས་དམྱལ་ཡི་དྭགས་མ་སྐྱེས་ཤིང་། །དུད་འགྲོ་ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་ལྐུགས་པ་སྟེ། །མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་། །(༧)མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད་པ་སྟེ། །རང་འབྱོར་དམ་པ་ལྔ་ཡང་ཚང་གྱུར་ཅིང་། །སངས་རྒྱས་བྱོན་དང་ཆོས་གསུངས་བསྟན་པ་གནས། །གནས་ཕྱིར་ཞུགས་དང་གཞན་གྱིས་སྙིང་བརྩེ་བ། །གཞན་འབྱོར་ལྔ་སྟེ་དལ་འབྱོར་བཅོ་བརྒྱད་པོ། །རང་ལ་ལེགས་པར་ཚང་བའི་གནས་སྐབས་འདིར། །སྙིང་ནས་བརྩོན་པས་ཐར་པ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་སྙིང་ནས་བསམ་པར་འོས་སོ། །དེ་ཡང་ཇི་ལྟར་ཞེ་ན། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་པ་བརྒྱད་པོ་ལས་ལྡོག་པ་ཡང་རྙེད་པར་དཀའོ། །མི་ཉིད་ཐོབ་པ་ཡང་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའོ། །སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའོ། །དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའོ། །སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའོ། །སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའོ། །ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང་འཕྲད་པ་ཡང་རྙེད་པར་དཀའོ་ཞེས་གསུངས་ཏེ། དེ་ལ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱིས་གཡེངས་ཏེ་ལུས་མི་ཁོམ་ཞིང་། ལྐུགས་པ་ནི་ཚིག་དོན་ལ་བརྡ་སྤྲོད་བའི་ནུས་པ་མེད་པས་ངག་མི་ཁོམ་ལ། ཆོས་སྤྱོད་པའི་འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་དང་། འདུ་ཤེས་ཡོད་ཀྱང་སངས་རྒྱས་ཀྱིས་སྟོངས་ཏེ་བསྟན་པའི་སྣང་བ་མེད་པའི་མུན་པའི་བསྐལ་པ་ལ་སྐྱེས་པ་དང་། སྣང་བ་ཡོད་ཀྱང་དེ་ལ་འཇུག་པའི་བློ་མེད་པ་ཀླ་ཀློ་དང་། འཇུག་པར་འདོད་ཀྱང་སྒྲོ་སྐུར་གྱི་མཐར་ལྷུང་བའི་ལོག་ལྟ་ཅན་བཞི་ནི་ཡིད་མི་ཁོམ་པ་སྟེ་དེ་དག་ལ་ཆོས་བསྒྲུབ་པའི་གནས་སམ་སྐལ་བ་མེད་ཅིང་། རང་རང་གི་ལས་ངན་པས་བྲེལ་བའི་ཕྱིར་རོ། །ཚུལ་འདི་དག་སྡུད་པར། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་པ་དང་། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །སངས་རྒྱས་ཀྱིས་སྟོངས་ལོག་ལྟ་དང་། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་དང་། བཤེས་པའི་སྤྲིང་ཡིག་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་ཉིད། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་སོ། །འབྱོར་པ་ནི་ཟླ་བ་སྙིང་པོའི་མདོ་ལས། ཡོན་ཏན་བཅུ་རྫོགས་པའི་མི་ནི་འབྱོར་པས་ཏེ། གང་ཞེ་ན། རིགས་དམའ་བ་སྤངས་པ་ཡིན། མི་གླེན་པ་ཡིན། དབང་པོ་མ་ཉམས་པ་ཡིན། ཕོར་སྐྱེས་པ་ཡིན། གཟུགས་(༨)བཟང་བ་ཡིན། མི་དབུལ་བ་ཡིན། མི་བརྙས་པ་ཡིན། ཚིག་སྙན་པ་ཡིན། སྐྱེ་བོ་མང་པོས་ལྟ་བ་ཡིན་ནོ་ཞེས་བཤད་ཀྱང་། འདིར་དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པའི་མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ་ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱེད་པ་ལ་གཞན་བརྩེ་བ་སྟེ་ལྔ་ནི་གཞན་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་པ་ལྟར་རོ། །གཞན་བརྩེ་བ་ནི་བདག་ལ་དགེ་བའི་བཤེས་གཉེན་གྱིས་ཐུགས་རྗེས་འཛིན་ཅིང་བརྩེ་བས་ཆོས་ལ་འདྲེན་པ་ཡོད་པའོ། །བཅུ་གཉིས་ནི་དབྱེ་གཞི་གཉིས་ལོགས་སུ་བགྲང་བའོ། །དེ་དག་རྒྱུད་འགྲེལ་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མིན་གནས་དད་བདག་འབྱོར་ལྔ། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས། །རྗེས་འཇུག་འགྲོ་བརྩེ་གཞན་འབྱོར་ལྔ། །ཞེས་སོ། །དེ་ལ་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། ཨུཏྤལ་དང་། དེའི་སྔོན་པོ་ལ་སོགས་པ་བཞིན་ནོ། ཡུམ་བར་མ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ་ན་དལ་བ་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས་ཞེས་སོ། །

གཉིས་པ་དལ་འབྱོར་ཐོབ་ཀྱང་ཡིད་བརྟན་མེད་པའི་ཚུལ་ནི། དེ་ལྟར་དལ་བ་ཕུན་སུམ་ཚོགས་པ་ཐོབ་ཀྱང་སྲིད་པའི་བདེ་བ་ཉུང་ཟད་ལ་ཆགས་པའི་དབང་གིས། གལ་ཏེ་ཚེ་འདིར་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་བདེ་འགྲོའི་སྒྲ་ཡང་མི་ཐོས་ཤིང་། །ངན་འགྲོར་རྒྱུན་རིང་ཡང་དང་ཡང་འཁོར་ཏེ། །སྤང་བླང་མི་ཤེས་ལོག་པའི་ལམ་འགྲོ་ཞིང་། །ཐོག་མཐའ་དུས་མེད་འཁོར་བར་འཁྱམས་འཚལ་ལོ། །བདག་གིས་ལེགས་པར་རྙེད་པའི་སྐྱེ་བ་འདིར་ཕན་པ་དམ་པའི་ཆོས་ཤིག་མ་བསྒྲུབས་ན་ནི་ལས་ཀྱི་དབང་གིས་ངན་སོང་དུ་སྐྱེ་ཞིང་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་ན་བདེ་འགྲོ་ཐོབ་པ་ལྟ་ཅི་སྨོས་ཏེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་མི་ཐོབ་ན། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །མི་ལུས་ཐོབ་པ་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅིར་བྱར་ཡོད། །ཅེས་སོ། །དེ་ལྟར་ངན་སོང་དུ་ཕྱོགས་པར་གྱུར་ན་ནི་རྟེན་དེ་ལས་ཡུན་རིང་པོར་མི་ཐར་བ་ཉིད། དེ་ལས། བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་སོ། །

གསུམ་པ་ཆོས་ལ་བརྩོན་པར་གདམས་པ་ནི། དེ་ནས་གཏིང་མཐའ་མེད་པའི་འཁོར་བ་ནས་ཐར་པའི་གོ་སྐབས་དཀའ་བས་ན་དམ་པའི་ཆོས་ལ་སྙིང་ནས་བརྩོན་པར་གྱིས་ཤིག་ཅེས་གདམས་པ། དེ་བས་ད་ལྟ་རང་དབང་ཡོད་དུས་འདིར། །ལེགས་པའི་ལམ་ལ་མཐུན་(༩)པའི་རྟེན་འབྲེལ་གྱིས། །དགེ་ཆོས་མི་ཟད་ཚོགས་གཉིས་བརྟེན་བྱས་ཏེ། །སྲིད་པའི་གྲོང་ལས་རབ་ཏུ་འདའ་བར་མཛོད། །ཅེས་པ་སྟེ། རྒ་བ་དང་རྒུད་པ་དང་འཆི་བས་མ་ཟིན་ཅིང་། རང་གིས་ཇི་ལྟར་བྱ་བའི་དབང་རང་ལ་ཡོད་པའི་ཚེ་ཐར་པའི་ལམ་སྣ་ཟིན་པར་བྱས་ཏེ། དགེ་བ་ཅི་འགྲུབ་སྤྱད་ན་འཁོར་བ་ལས་ངེས་པར་འབྱིན་ཏེ། རྒྱ་ཆེར་རོལ་པ་ལས། དགེ་སློང་དག །འཆི་བ་དང་། རྒ་བ་དང་། རྒུད་པ་མེད་ཅིང་། བདེ་བར་འཚོ་བས་དབང་བསྒྱུར་བ་གང་གི་ཚེ། ཐར་པར་སྤྲོ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འབད་པར་གྱིས་ཤིག་དང་། ཁྱེད་ཀྱི་སྲིད་པའི་གྲོང་ཁྱེར་གསུམ་པོ་དག་སྟོངས་པར་འགྱུར་རོ། །ངན་འགྲོ་ངན་སོང་བའི་གནས་དག་སྒོ་གཅོད་པར་འགྱུར་རོ། །བདེ་འགྲོ་མཐོ་རིས་ཀྱི་སྐས་དག་འཛུགས་པར་འགྱུར་རོ། །རྣམ་པར་གྲོལ་བའི་གོ་འཕང་རྙེད་པར་འགྱུར་རོ་ཞེས་སོ། །

བཞི་པ་ད་རེས་འབད་དགོས་པའི་ཚུལ་ནི། འདི་ལྟར་ཕན་པ་དང་བདེ་བ་ཤེས་ཤིང་བསྒྲུབ་ཏུ་ཡོད་པའི་དལ་འབྱོར་དགེ་བའི་བཤེས་གཉེན་གྱི་ཁ་ལོ་བས་ཟིན་པའི་དུས་འདིར་ཚད་དང་མཐའ་མི་མངོན་ཞིང་འཇིགས་སུ་རུང་བའི། འཁོར་བའི་ཆུ་གཏེར་ཕ་མཐའ་ཡས་འདི་ལས། །རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། །གཏན་དུ་ཉོན་མོངས་སྡུག་བསྔལ་དབའ་ཀློང་དུ། །རབ་ཏུ་འཁྲུགས་ཚེ་བདག་གིས་ཇི་ལྟར་བྱ། །འདི་ལྟར་རྒྱ་མཚོ་ཆེན་པོ་ནི་ཆུའི་གཏེར་ཡིན་ལ། དོན་མཐུན་བདག་གིས་གྲུ་བོ་ཆེ་གང་དུ་ཡོད་པ་དེའི་ཚེ་མཚོ་ཆེན་དེ་ལས་རྒལ་བར་བྱེད་དགོས་པ་བཞིན་དུ། འཁོར་བའི་རྒྱ་མཚོ་ཆེན་པོ་ཐོག་མ་དང་ཐ་མ་མི་མངོན་པ། བཟོད་པར་དཀའ་ཞིང་འཇིགས་སུ་རུང་བ་འདི་ལས་མིའི་གྲུ་ཐོབ་པའི་རྟེན་འདིས་བརྒལ་དགོས་ཏེ། གཏན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་ཀློང་འཁོར་དུ་འཁྱམས་པ་ནི་བཟོད་པའི་སྐབས་མེད་པ་དེའི་ཕྱིར། ཞི་བ་ལྷས་ཀྱང་སྤྱོད་འཇུག་ཏུ་གསུངས་པ། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པས་དུས་སུ་གཉིད་མ་ལོག །ཅེས་སོ། །

ལྔ་པ་དལ་འབྱོར་རྙེད་དཀའ་བའི་འཐད་པ་ནི། དལ་འབྱོར་རྙེད་པར་དཀའ་བའི་རྒྱུ་མཚན། དེ་བས་མྱུར་དུ་བརྩོན་པའི་གོ་བགོས་ཏེ། །སེམས་དང་སེམས་བྱུང་རྙོག་པ་རབ་ཞིའི་ཕྱིར། །ཡེ་ཤེས་དྲི་མེད་འོད་གསལ་ལམ་འཛེགས་ཏེ། །བྱང་ཆུབ་ལམ་ལ་བར་ཆད་མེད་པར་མཛོད། །ཅེས་གདམས་སོ། །གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་རྙོག་པ་ཞི་བ་ན་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཁོང་ནས་འཆར་བ་སྟེ། དེ་ཉིད་གོམས་པར་བྱེད་པས་བྱང་ཆུབ་ཀྱི་ལམ་ཞེས་བརྗོད་དེ། ཉམས་སུ་ལེན་པ་ལ་བརྩོན་པས་བར་དུ་མ་ཆད་པར་ཉིན་དང་མཚན་མོ་གཉིད་དང་སྙོམ་ལས་སྤངས་ལ་གནས་པར་བྱ་བ་ཁོ་ནའོ། །ཇི་སྐད་དུ་རིམ་ལྔ་ལས། སེམས་དང་སེམས་བྱུང་སྤྲོས་པ་ཀུན། །(༡༠)ཉེ་བར་ཞི་བ་དེ་ཡི་ཚེ། །འོད་གསལ་བ་ཡི་ཡེ་ཤེས་ནི། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་སོ། །སྐབས་འདིར་སེམས་ནི་ཁམས་གསུམ་པའི་རྟེན་ལ་ཡོད་པའི་སྒྲོ་བཏགས་ཀྱི་རྟོག་པ་དང་རྗེས་སུ་དཔྱོད་པ་ལ་བརྗོད་པས་དེ་ཉིད་སྒྲིབ་པའི་རྙོག་པ་ཡིན་པའི་ཕྱིར་རབ་ཏུ་ཞི་བར་བྱས་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་གོ། །བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པའོ། །དེའང་ཡུལ་དང་པོར་མཐོང་དུས་འདིའོ་ཞེས་སྤྱི་ལ་དམིགས་པར་མཐོང་བའི་རྟོག་པ་ནི་སེམས་ཡིན་ཏེ་ཨུཏྤལའོ་ཞེས་བློས་སྐད་ཅིག་དང་པོར་ཤེས་པ་བཞིན་ནོ། །དེ་ནས་ཡུལ་དེའི་བྱེ་བྲག་ལ་དམིགས་པ་ནི་སེམས་ལས་བྱུང་བའི་དཔྱོད་པ་སྟེ་ཨུཏྤལའི་ཁ་དོག་སྔོན་པོ་དང་། དབྱིབས་ཟླུམ་པ་དང་། གེ་སར་དང་། ཟེའུ་འབྲུ་ལ་སོགས་པ་ལ་རྟོག་པ་བཞིན་ནོ། །དེའང་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པ་དང་། ཆོས་མངོན་པ་མཛོད་ལས། རྟོག་དང་དཔྱོད་དང་རྩིང་ཞིབ་ཉིད། །ཅེས་པ་ལྟར་རོ། །དེ་ལྟར་རྟོག་དཔྱོད་ལ་སེམས་སེམས་བྱུང་བག་ཆགས་སུ་བཏགས་པ་ཅན་མཐའ་དག་སངས་རྒྱས་ཀྱི་སར་འགག་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་སོ། །དེའང་རང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་འཁྲུལ་པས་རྒྱུ་བྱས་ནས། ཉོན་མོངས་པའི་དྲ་བས་གཡོགས་པའི་ཚེ་ནི་སེམས་ཞེས་བརྗོད་དེ། རྟོག་དཔྱོད་མི་དགེ་བའི་ས་པས་བསྡུས་པ་ཡིན་པའི་ཕྱིར་རོ། །ནམ་དེ་ལས་ཐར་བ་ན་སངས་རྒྱས་ཞེས་བརྗོད་དེ། ཡུལ་རིག་ཀྱང་རྟོག་དཔྱོད་དུ་ཞེན་པའི་གཟུང་འཛིན་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཞེས་བརྗོད་པར་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་སོ། །མངོན་པར་རྟོགས་པའི་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སངས་རྒྱས་ཀྱི་ས་ན་སེམས་ཆེན་པོ་ཡོད་པར་བཤད་པ་ནི་ཡེ་ཤེས་ཆེན་པོ་སྟེ། ཡོན་ཏན་བཀོད་པའི་མདོ་ལས། འགྲོ་བའི་སེམས་ནི་ཀུན་དུ་རྟོག །སངས་རྒྱས་སེམས་ནི་ཡེ་ཤེས་ཆེ། །ཇི་ལྟར་གསེར་གྱི་རི་ངོགས་བཞིན། །མ་དག་དག་པའི་ཚུལ་འདི་བསྟན། །ཞེས་སོ། །སྔགས་ལས་སེམས་ཆེན་པོ་དང་ཉོན་མོངས་པ་ཆེན་པོ་ནི་ཡེ་ཤེས་ཉིད་ལ་བརྗོད་པ་ཇི་ལྟ་བ་དེ་བཞིན་ནོ། །དེ་ལ་མི་ཤེས་པའི་རབ་རིབ་ཀྱིས་ལྡོངས་པ་དག །སེམས་མི་འགག་པར་འདོད་པ་ནི་རྨོངས་པ་སྟེ། འདི་ལྟར་མཉམ་པར་བཞག་པའི་ཚེ་ནའང་དབང་ཤེས་ལ་ཡུལ་སྣང་ཡང་རྟོག་དཔྱོད་(༡༡)ཀྱི་ཤེས་པ་འགག་སྟེ། འདུལ་བ་ལུང་ལས། དགེ་སློང་བསམ་གཏན་ལ་མཉམ་པར་གཞག་པ་དེའི་སེམས་ཀྱི་རྒྱུ་བ་འགག་ཀྱང་དབང་པོའི་ཤེས་པ་ལ་ཡུལ་མི་སྣང་བ་མ་ཡིན་ཏེ། ཡུལ་འཁོར་སྐྱོང་། རྫིང་གཡོ་བ་མེད་པར་གཟུགས་བརྙན་ཤར་བ་བཞིན་ནོ་ཞེས་དང་། ཚད་མ་རྣམ་ངེས་ལས། ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གི་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་སོ། །དབང་པོ་ལ་ཡུལ་སྣང་བ་རྟོག་མེད་ཡིན་པར་དེ་ཉིད་ལས། དབང་པོའི་ཤེས་པ་ལ་ནི་དེ་སྲིད་པ་མ་ཡིན་པས་ཞེས་བསྟན་ཏོ། །མདོར་ན་གཟུང་འཛིན་མངོན་དུ་རྒྱུས་བསྐྱེད་པའི་ཡུལ་ལ་རྟོག་དཔྱོད་དུ་སྐྱེས་པ་ནི་སེམས་སེམས་བྱུང་ཞེས་བྱ་ལ། གཟུང་འཛིན་ཉེ་བར་ཞི་བས་ཡུལ་རིག་པ་ནི་ཡེ་ཤེས་ཞེས་བྱ་སྟེ། དཔལ་ཕྲེང་གི་མདོ་ལས། གང་ལ་གཟུང་བ་དང་འཛིན་པས་དབྱེ་ན་སྤྱོས་ཏེ་ཡུལ་ལ་རྟོག་པ་ནི་འཁོར་བའི་སེམས་སོ། །གང་ལ་གཟུང་བ་དང་འཛིན་པ་མེད་པས་དོན་རིག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་སོ་ཞེས་པས་འགྲུབ་བོ། །

དྲུག་པ་ད་རེས་མ་འབད་ན་འཁོར་བར་གདུང་བའི་ཚུལ་ནི། དེ་ལྟར་སྔོན་གྱི་དགེ་བའི་སྟོབས་ཀྱིས་ཐོབ་པའི་སྐྱེ་བོ། གང་ལ་བདེ་ལེགས་ཆོས་ཀྱི་གཞིར་གྱུར་པ། །རིན་ཆེན་དྲི་མ་མེད་པའི་སྣོད་རྙེད་ནས། །བདུད་རྩིའི་ཆོས་ཆར་བསིལ་བ་མི་འཛིན་ན། །འཁོར་བའི་གདུང་བས་རང་ཉིད་བརླག་པར་ཟད། །དེ་ཡང་མི་ལུས་རིན་པོ་ཆེའི་སྣོད་ཡོད་བཞིན་དུ་ཆོས་ཀྱི་ཆར་འབབ་པའི་ཚེ་སྣོད་བཟེད་པར་མི་བྱེད་ན་འཁོར་བའི་གདུང་བས་སྡུག་བསྔལ་བ་ཁོ་ནར་ཟད་དེ། ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལས། དལ་འབྱོར་སྣོད་ནི་རྙེད་གྱུར་ཀྱང་། །ཆོས་ཀྱི་ཐིགས་པ་མ་བླངས་པས། །ད་ནི་དམྱལ་མེ་བཟོད་དཀས་བསྲེགས། །ཡུན་རིང་ལས་ཀྱིས་རབ་ཏུ་མནར། །ཞེས་སོ། །

བདུན་པ་དལ་འབྱོར་ཆོས་ཀྱི་རྟེན་དུ་བསྟན་པ་ནི། དལ་བ་གང་ལ་ཡོད་པའི་རྟེན་ལ་ཐར་པའི་ཆོས་ཀྱང་ངང་གིས་འབྱུང་བ་ཡང་འདི་ལྟར། དཔལ་ལྡན་བདེ་ཆེན་ཕན་བདེའི་སྤྲིན་ཚོགས་ཅན། །ཡེ་ཤེས་ཆུ་བསིལ་དམ་པའི་ཆར་ཆེན་ཡང་། །དལ་འབྱོར་ས་གཞི་འགྲོ་སེམས་གཙང་མར་འབབ། །དེ་ཕྱིར་སྤྲོ་བས་སྙིང་ནས་ཆོས་མཛོད་ཅིག །ཅེས་གདམས་ཏེ། སངས་རྒྱས་ཀྱི་གསུང་རབ་དམ་པའི་ཆོས་ཀྱི་ཆར་གང་ཡིན་པའང་རྟེན་དལ་འབྱོར་གྱིས་གཞི་ཡོད་པ་དེ་ལ་ངང་གིས་འབབ་པ་སྟེ། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། གང་ལ་དལ་བ་དང་འབྱོར་པ་ཡོད་པ་དེ་ལ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ཆར་ཆེན་པོ་ཡང་འབབ་སྟེ། གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་སྙེད་ཡོད་དོ་ཞེས་སོ། །

བརྒྱད་པ་དལ་འབྱོར་ཐོབ་དཀའ་བ་དཔེས་བཤད་པ་ནི། དལ་བ་དང་འབྱོར་པ་རྙེད་དཀའ་བའི་ཚུལ་ཡང་། ཇི་ལྟར་མཚོ་དབུས་གཡེངས་པའི་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་སྲིད་པས་ཀྱང་། །མི་ཉིད་རྙེད་དཀར་ལྷ་མིའི་སྟོན་པས་གསུངས། །དལ་(༡༢)འབྱོར་རིན་ཆེན་ལུས་རྙེད་སྨོས་ཅི་དགོས། །དེ་བས་དེ་རིང་ཉིད་ནས་བརྩོན་འཚལ་ལོ། །ཞེས་པ་སྟེ། རྒྱ་མཚོའི་ནང་ན་རུས་སྦལ་ཞིག་གནས་པ་དེས་ལོ་བརྒྱ་བརྒྱ་ན་སྟེང་དུ་འོངས་པ་གཉའ་ཤིང་བུག་པ་གཅིག་པ་རླུང་གིས་སྐད་ཅིག་ཀྱང་ས་གཅིག་ཏུ་མི་སྡོད་པར་བསྐྱོད་པའི་བུག་པར་མགྲིན་པ་ཆུད་པ་སྲིད་དུ་རུང་གི། འཁོར་བ་དང་ངན་སོང་ལས་མི་ལུས་རྙེད་པ་དེ་བས་ཀྱང་དཀའ་བར་གསུངས་ཏེ། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུག་པ་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་པ་དང་། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། །གང་ལས་གསུངས་ན། མེ་ཏོག་གི་ཚོམས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བའང་དཀའོ། །མིར་གྱུར་པ་དང་དལ་བ་ཕུན་སུམ་ཚོགས་པ་འགྲུབ་པའང་ཤིན་ཏུ་རྙེད་པར་དཀའོ། །དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ། དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ། དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་ཀྱང་ཡོད་དེ། རྒྱ་མཚོ་ཆེན་པོ་དེ་ལ་རླུང་ཡས་ལྡང་བ་དང་(༡༢)མས་ལྡང་བ་ཞེས་བྱ་བ་ལྡང་ལ། རུས་སྦལ་ཞར་བ་དེ་ཡང་ལོ་བརྒྱ་བརྒྱ་ཞིང་ལན་གཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ཞིང་ཕྱིར་འབྱུང་བའི་མགུལ་པ་ཆུད་པར་སྨྲ་ཡི། ལོག་པར་ལྟུང་བ་ལས་ཕྱིར་ཡང་མིར་འགྱུར་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ལོག་པར་ལྟུང་བ་རྣམས་ཀྱིས་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ་ཞེས་སོ། །དེ་ལྟར་མི་ལུས་ཙམ་ཐོབ་པ་ཡང་དཀའ་ན་དལ་འབྱོར་དམ་པ་ཆོས་ལ་སྤྱོད་པ་ལྟ་ཅི་སྨོས་ཏེ་སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། །ཞེས་པ་དང་། གཙུག་ན་རིན་པོ་ཆེས་ཞུས་པ་ལས། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་གསུངས་ཐོས་པའང་ཤིན་ཏུ་དཀའ། །དལ་འབྱོར་མིར་སྐྱེ་རྙེད་པར་ཤིན་ཏུ་དཀའ། །ཚུལ་ཁྲིམས་དད་པའང་རྟག་ཏུ་རྙེད་པར་དཀའ། །ཞེས་སོ། །

སྤྱི་དོན་གཉིས་པ་དལ་འབྱོར་གྱི་རང་བཞིན་ངོས་གཟུང་བ་ལ་དྲུག་ལས། དང་པོ་མི་ལུས་ཙམ་པོ་བཤད་པ་ནི། དེ་ལྟ་བུའི་མི་ལུས་རིན་པོ་ཆེའང་གང་ཡིན་ཞེ་ན། དབྱེ་བ་བཤད་པ། འདི་ལྟར་མི་ཡི་ལུས་རྙེད་ཙམ་པོ་དང་། །ཁྱད་པར་ཅན་དང་མི་ལུས་རིན་པོ་ཆེ། །ཞེས་སྨོས་ཏེ། དེ་དག་ཀྱང་། རིམ་བཞིན་དགེ་སྡིག་མི་ཤེས་ཆོས་མི་སྤྱོད། །དབང་པོ་ཚང་ཡང་མི་ལུས་ཕལ་པ་སྟེ། །ཡུལ་དབུས་སྐྱེས་ཀྱང་(༡༣)མཐའ་འཁོབ་ཀླ་ཀློ་ཉིད། །ཅེས་བསྟན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། གང་དག་སྔོན་གྱི་དགེ་བའི་རྒྱུས་མིའི་འཇིག་རྟེན་དུ་ཡང་སྐྱེས། དབང་པོ་རྣམས་ཀྱང་ཡོངས་སུ་ཚང་། རྟག་ཏུ་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས། མི་དགེ་བའི་ལམ་ལ་མང་དུ་བརྟེན་ཅིང་སྤྱོད་པ་དེ་དག་མིར་གྱུར་པ་ཞེས་བརྗོད་ཀྱང་ཐ་མར་གྱུར་པ་སྟེ་ཤི་བའི་འོག་ཏུ་ངན་འགྲོ་མུ་མཐའ་མེད་པར་ལྟུང་བའི་ཕྱིར་རོ་ཞེས་སོ། །

གཉིས་པ་མི་ལུས་ཁྱད་པར་ཅན་བཤད་པ་ནི། ཡང་བཤད་པ། བསྟན་ལ་མ་ཞུགས་པ་དང་དགེ་སྡིག་འཆོལ། །ཚེ་འདི་གཉེར་ཞིང་འདུ་འཛིས་རྣམ་པར་གཡེངས། །

མི་བསྲུན་འཕྱར་ལ་ཕྱི་མ་རྒྱང་བསྲིངས་ཏེ། །ཐར་པ་མི་གཉེར་དེ་དག་ཆོས་ཐོས་ནའང་། །མཆོག་གི་ལུས་མིན་རང་བཞིན་བར་མ་སྟེ། །སྐབས་འགར་དགེ་ལ་ཅུང་ཟད་སེམས་གཞོལ་ཞིང་། །ཕལ་ཆེར་སྡིག་པས་བློ་མིག་ཁེབས་པའི་ཕྱིར། །རྟགས་ཙམ་བཟུང་བས་རང་གཞན་ཕན་ཅི་ཡོད། །དེ་དག་ཁྱིམ་པའམ་དགེ་སྦྱོང་གཟུགས་བཟུང་རུང་། །ངན་འགྲོ་རྣམས་ལས་ཅུང་ཟད་འཕགས་པའི་ཕྱིར། །མི་ལུས་ཁྱད་པར་ཅན་ཞེས་རྒྱལ་བས་གསུངས། །ཇི་སྐད་དུ། ནམ་མཁའ་རིན་པོ་ཆེའི་མདོ་ལས། སེམས་ཅན་གྱི་ཁམས་ན་གང་དག་ཆོས་འདི་པ་དག་ཏུ་མ་ཞུགས་པའམ། ཞུགས་ཀྱང་རུང་སྟེ་དགེ་བ་དང་མི་དགེ་བ་འདྲེས་མར་སྤྱོད་ཅིང་འདུ་འཛི་དང་རྣམ་པར་གཡེང་བ་ལྷུར་ལེན་པས། ལུས་དང་ངག་དང་ཡིད་མི་བསྲུན་ཞིང་འཕྱར་བ། ངན་སོང་གསུམ་དུ་འབབ་ཅིང་ངན་འགྲོར་གཞོལ་བའི་ལས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་གཟིགས་ཏེ་ཡུན་རིང་མོ་ཞིག་ན་ཐར་པའི་ས་བོན་དང་ལྡན་པས། དེའི་ཕྱིར་མི་ལུས་ཁྱད་པར་ཅན་དུ་གྱུར་པ་ཞེས་བྱའོ་ཞེས་སོ། །དེའང་དགེ་སྡིག་འདྲེས་མར་སྤྱོད་ཅིང་ཚིག་གི་ཐོས་པ་ཙམ་ལྷུར་ལེན་པས་ངན་འགྲོ་བས་མི་སྐྱོབ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། འོད་སྲུངས། དགེ་སློང་ལྷས་བྱིན་གྱིས་མདོ་སྡེ་ཕལ་གྱི་གླང་པོ་ཆེའི་ཁུར་གྱིས་ཐེག་པ་ཙམ་དུ་ཐོས་ཤིང་འཛིན་པར་བྱས་ཀྱང་། མི་དགེ་བའི་དབང་གིས་ངན་སོང་དུ་ལྷུང་བ་ལ་ལྟོས་ཞེས་པ་དང་། ཟུང་གི་མདོ་ལས། སྨན་གྱི་སྡེ། སེམས་ཅན་གང་དག་འཆི་བའི་དུས་ཀྱི་ཚེ་དེ་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་མ་གཏོགས་པ། དེ་དག་ལས་བསྐྱབ་པར་འགྱུར་བ་གཞན་སུ་ཡང་མེད་དོ་ཞེས་པ་དང་། དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང་། །གཎྜཱི་བརྡུང་བ་ཐོས་གྱུར་ལ། །མྱ་ངན་འདས་པ་ཞིར་འགྲོ་བའི། །ཆོས་བསྟན་ཐོས་ཀྱང་མ་བྱས་སོ། །དེ་ནས་མི་དེས་སླར་སྨྲས་པ། །བདག་ནི་བྱིས་པའི་བློ་གྱུར་ཏེ། །སྡིག་པའི་གྲོགས་ཀྱི་དབང་སོང་(༡༤)ནས། །འདོད་པས་འཁྲུལ་པའི་སེམས་ཀྱིས་སུ། །བདག་གི་སྡིག་པའི་ལས་བྱས་སོ། །འདོད་པ་དག་ཀྱང་བསྟེན་པ་དང་། །བདག་གིས་སྲོག་ཆགས་རྣམས་ཀྱང་བསད། །དགེ་འདུན་རྫས་རྣམས་ཆུད་གསན་པས། །མི་བཟད་དེ་ཡི་འབྲས་བུ་མྱོང་། །གནོད་པར་སེམས་པའི་ཡིད་ཀྱིས་སུ། །བདག་གིས་མཆོད་རྟེན་བཤིག་པར་བྱས། །ཚིག་ངན་རྣམས་ཀྱང་རབ་ཏུ་སྨྲས། །བདག་གིས་མ་ཡང་བརྡུང་བར་བྱས། །བདག་གིས་ལུས་ཀྱིས་གང་བྱས་པ། །ཉེས་པ་དག་ཀྱང་རབ་ཏུ་ཤེས། །སེམས་དམྱལ་ཆེན་པོ་ངུ་འབོད་དང་། །ཤིན་ཏུ་མི་བཟད་སྐྱེ་བ་མཐོང་། །ཞེས་གསུངས་པ་ལྟར་རོ། །

གསུམ་པ་མི་ལུས་རིན་པོ་ཆེ་བཤད་པ་ནི། ཕྱོགས་གསུམ་པ་ནི། རབ་མཆོག་སྐྱེ་བོ་དྲི་མེད་ཆོས་ཀྱི་སྣོད། །ཐོས་བསམ་སྙིང་པོའི་དོན་ལ་དབང་འབྱོར་ཞིང་། །རང་ཉིད་བརྟུལ་ནས་གཞན་དག་དགེ་ལ་འགོད། །སྒྲུབ་པའི་རི་རྒྱལ་རབ་ཏུ་མི་གཡོ་བ། །དྲང་སྲོང་རྒྱལ་མཚན་རྣམ་པ་དེ་དག་ཀུན། །ཁྱིམ་པའམ་རབ་ཏུ་བྱུང་བའི་གཟུགས་སླ་ཡིས། །མི་ལུས་རིན་ཆེན་ལགས་པར་སྟོན་པས་གསུངས། །དེ་ལ་དམ་པའི་ཆོས་ཀྱི་སྒོ་བཟང་པོ་ཐོས་པ་དང་། བསམ་པ་དང་། རྣལ་འབྱོར་དུ་གནས་པས་རང་གི་རྒྱུད་བཏུལ་ནས། གཞན་དག་ཀྱང་དགེ་བ་ལ་བསྐུལ་ཞིང་ཐར་པའི་གོ་ཆ་ཆེན་པོ་བགོས་པ་ནི་དྲང་སྲོང་གི་རྒྱལ་མཚན་ཆེན་པོ་སྟེ། གོས་ཀྱི་ཆ་ལུགས་ལ་དྲང་སྲོང་གི་རྒྱལ་མཚན་དུ་བརྗོད་པ་ཙམ་མ་ཡིན་ནོ། །དེ་ལྟ་བུའི་བརྩོན་པ་དང་དགེ་བ་ལ་བསྐུལ་བ་ནི་ཁྱིམ་ན་གནས་པའམ། རབ་ཏུ་བྱུང་བའི་གཟུགས་སུ་འདུག་ཀྱང་མི་ལུས་རིན་པོ་ཆེ་ཞེས་བརྗོད་དེ། དཔལ་སྦས་ཀྱི་མདོ་ལས། དཔལ་སྦས། འདི་ལ་མང་དུ་ཐོས་པས་ཐོས་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་སྒོམ་པས་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་སྐུལ་བར་བྱེད་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མཆོག་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ་ཞེས་སོ། །ཡུམ་བར་མ་ལས་ཀྱང་། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོར་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ་ཞེས་སོ། །གཞན་ལ་བསྐུལ་བའི་ཚུལ་ནི། རྒྱ་ཆེར་རོལ་པ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུར་རིང་དུ་མི་གནས་བཞིན། །ཁྱོད་ཀྱིས་དུས་འདི་ཉེ་བར་གནས་གྱུར་གྱི། །བརྟུལ་ཞུགས་བཟང་པོ་མངོན་འབྱུང་དུས་ལ་བབ། །ཅེས་པའམ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས། རེ་ཞིག་ཐོག་མར་ཉན་པ་པོ། །སྦྱིན་གཏམ་སོགས་ལ་ངེས་པར་སྦྱར། །སྣོད་དུ་གྱུར་ནས་ཕྱིས་དེ་ལ། །ཟབ་མོའི་གཏམ་ནི་བསྙད་པར་བྱ། །ཞེས་པའི་ཚུལ་གྱིས་སོ། །དེ་ལྟ་བུའི་སྣོད་ནི་སྤྱིར་ཐེག་པ་མཐའ་དག་གི་རྟེན་དུ་རུང་ལ། ཁྱད་(༡༥)པར་དུ་བླ་ན་མེད་པའི་སྣོད་དུ་གྱུར་པའི་དལ་འབྱོར་ནི། ནམ་མཁའ་རིན་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས། དལ་འབྱོར་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་སྤྱོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་པས་ན་འབྱོར་པ་ཞེས་བྱའོ་ཞེས་པ་ལྟར་གཟུང་ངོ་། །

བཞི་པ་ཆོས་ལ་བསམ་དགོས་པའི་རྒྱུ་མཚན་ནི། དེ་ལྟར་དལ་བ་དང་འབྱོར་པ་ཐོབ་པའི་སྐྱེ་བོས་རྟག་ཏུ་ཆོས་འབའ་ཞིག་བསམ་དགོས་པའི་རྒྱུ་མཚན་ཡོད་པ། དེ་ཕྱིར་དམ་པ་རྣམས་ལས་ཆོས་ཐོས་ཏེ། །ཆོས་བཞིན་བསྒྲུབ་ཕྱིར་ཆོས་ལ་གནས་པ་དག །ཆོས་ལྡན་རྒྱུན་བསྲིང་ཆོས་མིན་འགོག་བྱེད་ཅིང་། །ཆོས་དོན་བསྒྲུབས་པས་ཆོས་ལ་གནས་པར་མཛོད། །ཅེས་པ་ནི་གདམས་ངག་དམ་པ་སྟེ། དགེ་བའི་བཤེས་གཉེན་དང་འཕྲད་པར་དཀའ་ཞིང་། ཆོས་ཐོས་པ་དང་བསྒྲུབ་པའང་རྙེད་པར་དཀའ་ལ་རྟག་པར་བརྩོན་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ལུང་གི་སྐབས་ཡངས་པ་ཅན་དུ་ཕན་པའི་གདམས་ངག་མཛད་པ་ལས་ཀྱང་། དགེ་སློང་དག །ངན་སོང་པའི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་རབ་ཏུ་དཀའོ། །ཚུལ་ཁྲིམས་དང་རྣམ་པར་གྲོལ་བ་ལས་ཉམས་པའི་ཚུལ་ཁྲིམས་འཆལ་བ་འདི་དག་ལ་ལྟོས། སྦྱངས་པའི་ཡོན་ཏན་ལ་གནས་པས་གཅིག་ཏུ་དགེ་བའི་ཆོས་བསྒྲུབ་ཅིང་ཤིང་དྲུང་ངམ་དགོན་པའི་གནས་སུ་སྤྲོ་བས་ཚེ་འདའ་བར་གྱིས་ཤིག །ཅེས་པ་ལྟར་རོ། །

ལྔ་པ་རྒྱུ་མཚན་བསམས་པའི་ཕན་ཡོན་ནི། དེ་ལྟར་བྱས་པའི་ཕན་ཡོན་ནི། རིང་པོར་མི་ཐོགས་སྲིད་མཚོ་མཐར་བརྒལ་ནས། །ཞི་བའི་གླིང་དུ་མྱུར་འགྲོ་མྱ་ངན་འདའ། །ཞེས་པ་སྟེ། ལྷའི་བུས་ཞུས་པའི་མདོ་ལས། ལྷའི་བུ། འདི་ལ་གཅིག་ཏུ་བརྩོན་པས་དགེ་བའི་ཕྱོགས་ལ་བརྩོན་པར་གྱིས་ཤིག་དང་། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པ་དང་། བཤེས་སྤྲིང་ལས། དགེ་བའི་བཤེས་ལ་ལེགས་བརྟེན་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་སོ། །

དྲུག་པ་ལས་ཀྱི་ས་པས་བསྒྲུབས་ན་དོན་ཆེ་བར་བསྟན་པ་ནི། ཛམ་བཱུའི་གླིང་ལས་ཀྱི་ས་པ་དགེ་བའི་བགོ་སྐལ་བསྒྲུབ་ཏུ་ཡོད་པ་འདིར་སྐྱེས་པའི་སྐྱེས་བུ། གང་ཞིག་མིར་གྱུར་དགེ་གོམས་མི་བྱེད་ན། །དེ་ལས་བློ་གྲོས་བླུན་པ་གཞན་མེད་དེ། །རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་བཞིན། །དལ་འབྱོར་དོན་མེད་ཆུད་(༡༦)གསོན་བྱེད་པར་ཟད། །དེ་བས་རྟག་ཏུ་ཞི་བའི་ཆོས་མཛོད་ཅིག །འདི་ལྟ་བུའི་དལ་བ་ཐོབ་ཀྱང་དམ་པའི་ཆོས་མ་བྱས་ན་ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ནོར་བུ་མི་ལེན་པར་སྟོང་པར་ལོག་པ་བས་ཀྱང་བླུན་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །དེའི་ཕྱིར་དགེ་བ་ཕྲན་ཚེགས་ནས་བརྩམས་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་འབའ་ཞིག་ལ་བརྩོན་པས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་མང་པོ་འཐོབ་པ་ཉིད། རིན་ཆེན་ཕྲེང་བ་ལས། འདི་ལྟར་རྟག་ཏུ་ཆོས་མཛད་ན། །འཇིག་རྟེན་ཀུན་དང་བདག་ཉིད་ལ། །ཉམས་བདེར་འགྱུར་བ་གང་ལགས་པ། །དེ་ཉིད་རེ་ཞིག་ཐོག་མ་ལགས། །ཆོས་ཀྱི་བདེ་བར་གཉིད་ལོག་ཅིང་། །བདེ་བར་སད་པ་དག་ཏུ་འགྱུར། །ནང་གི་བདག་ཉིད་སྐྱོན་མེད་པས། །རྨི་ལམ་དག་ཀྱང་དགེ་བར་མཐོང་། །ཕ་མར་སྲི་ཞུ་ལྷུར་ལེན་དང་། །རིགས་ཀྱི་གཙོ་ལ་རིམ་གྲོ་དང་། །ལོངས་སྤྱོད་ལེགས་སྤྱོད་བཟོད་གཏོང་དང་། །ཚིག་འཇམ་ཕྲ་མ་མེད་བདེན་པའི། །བརྟུལ་ཞུགས་ཚེ་གཅིག་བྱས་པ་དེས། །ལྷ་ཡི་དབང་པོ་ཉིད་ཐོབ་ནས། །ད་དུང་དུ་ཡང་ལྷ་དབང་བགྱིད། །རིམ་གྱིས་སངས་རྒྱས་འགྲུབ་པར་འགྱུར། །ཞེས་པ་ནས། དེ་བས་དེ་ལྟར་ལས་འབྲས་དག །མཐུན་པར་མཁྱེན་མཛོད་དོན་དུ་ནི། །འགྲོ་ལ་ཕན་པ་རྟག་ཏུ་མཛོད། །དེ་ཉིད་ཁྱོད་ལ་ཕན་པ་ལགས། །ཞེས་པའི་བར་རང་གཞན་ལ་འདི་ཕྱིར་བདེ་བའི་ཆོས་དགེ་བ་རྣམས་སོ། །

སྤྱི་དོན་གསུམ་པ་བརྟེན་དང་བརྟེན་པའི་རང་བཞིན་ལ་ངེས་པར་དཔྱད་པ་ལ་དྲུག་ལས། དང་པོ་ཆོས་ཀྱི་རྩ་བ་སེམས་སུ་བསྟན་པ་ནི། རྟེན་དང་བརྟེན་པའི་རང་བཞིན་ལས་བརྩམས་ནས་གཅིག་ཏུ་ངེས་པར་དཔྱད་པ། ཆོས་ཀྱང་སེམས་ལ་རག་ལས་དེ་ཡང་ནི། །དལ་འབྱོར་ལ་བརྟེན་རྟེན་ཅིང་འབྲེལ་བར་འབྱུང་། །རྒྱུ་དང་རྐྱེན་རྣམས་དུ་མ་ཚོགས་དུས་འདིར། །ཆོས་ཀྱི་གཙོ་བོར་རང་གི་སེམས་ཐུལ་ཅིག །ཅེས་གདམས་ཏེ། ཆོས་ཐམས་ཅད་སེམས་ལ་བརྟེན་ཅིང་སེམས་དལ་འབྱོར་གྱི་ལུས་ལ་བརྟེན་པ་ནི། རྟེན་དང་བརྟེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། སེམས་ནི་ཆོས་ཁམས་དགེ་བ་ཀུན་གྱི་རྒྱུར་གྱུར་པ་དང་། དལ་འབྱོར་དེའི་གྲོགས་སམ། རྐྱེན་དུ་གྱུར་པའི་གནས་སྐབས་འདིར་སེམས་གདུལ་བ་ཁོ་ན་ལ་བསླབ་དགོས་ཏེ། བཤེས་སྤྲིང་ལས། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་སོ། དེའང་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུའི་བདག་པོ། སེམས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། སེམས་ལས་བྱུང་ཞིང་སེམས་ལས་སྤྲུལ་པས་ན་སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱའོ་ཞེས་པ་དང་། ཀུན་བྱེད་ལས། མ་ལུས་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་(༡༧)བྱས་པ་ཡིན། །ཞེས་པ་དང་། ལང་ཀར་གཤེགས་པ་ལས། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡོད་པ་མ་ཡིན་སྣང་བ་ལྟར། །སེམས་ཀྱི་སྣང་བ་མི་ཤེས་པས། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། །རྣམ་དག་བག་ཆགས་འབྲེལ་བ་ཡི། །སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ནི་སེམས་ཙམ་མོ། །ཞེས་པ་དང་། དོན་ཡོད་མ་ཡིན་སེམས་ཉིད་ནི། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་རབ་ཏུ་སྣང་བ་འབྱུང་། །ཞེས་སོ། དེའང་རྨི་ལམ་ལྟར་སེམས་ལ་སྣང་བ། སེམས་འཁྲུལ་པའི་ངོར་མེད་བཞིན་དུ་ཕྱི་ནང་སྣ་ཚོགས་པར་ཤར་བ་འདི་བག་ཆགས་འཁྲུལ་པ་ལས་སྐྱེས་པའི་སྣང་བ་སྟེ། དོན་དུ་བདེན་པར་མ་གྲུབ་པ་ལ་བདེན་བདེན་ལྟར་སེམས་ལ་སྣང་བའི་ཕྱིར་སེམས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །རི་ལ་སོགས་པ་འདི་དག་སེམས་འཁྲུལ་ངོར་མ་དག་པར་སྣང་བ་སེམས་ཀྱིས་བསླང་བ་ཡིན་གྱི། རི་སེམས་སུ་གྲུབ་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཡང་སེམས་མ་བསྲུངས་ན་བསླབ་པའང་བསྲུང་མི་ནུས་ཏེ། སྤྱོད་འཇུག་ལས་། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །ཞེས་པ་དང་། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པ་དང་། འདིར་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་པ་ཉིད་ཀྱིས་བསྟན། །སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གི་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །དེ་ལྟར་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིགས་པ་གཞན་འགའ་མེད། །ཅེས་པ་དང་། སེམས་ནི་གཅིག་པུ་བཏུལ་བ་ན། །དེ་དག་ཐམས་ཅད་བཏུལ་བ་ཡིན། །ཞེས་པའི་ཚུལ་གྱིས་འཁོར་བའི་བདེ་སྡུག་ཐམས་ཅད་རང་གི་སེམས་ལས་བྱུང་བས། འདུལ་བ་ལ་འབད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཇི་སྐད་དུ། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ནི་སེམས་ཀྱིས་མི་མཐོང་ངོ་། །དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ཀུན་སེམས་ཀྱིས་བསགས་པ་ཡིན། །ཞེས་པ་དང་། འོད་སྲུང་ཀྱི་ལེའུ་ལས། སེམས་ནི་ལས་སྣ་ཚོགས་སུ་བྱེད་པས་རི་མོ་མཁན་དང་མཚུངས་སོ། །གནོད་པ་མངོན་པར་བསྒྲུབ་པས་ཕྱིར་རྒོལ་བ་དང་མཚུངས་སོ། །སྡུག་བསྔལ་ཐམས་ཅད་བསྐྱེད་པས་མི་མཛའ་བ་དང་མཚུངས་སོ་ཞེས་པ་དང་། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། ལྕགས་ཀྱི་ས་གཞི་འབར་བ་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱི་སོག་ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱད་གཤགས་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་(༡༨)སེམས་ལས་བྱུང་བ་ཡིན། །ཞེས་སོ། །བདེ་སྡུག་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིར་སེམས་གདུལ་བར་བྱ་བ་ཁོ་ན་ལ་འབད་དོ། །

གཉིས་པ་ཉིན་མཚན་དུ་ཆོས་ལ་བརྩོན་དགོས་པར་གདམས་པ་ནི། འདི་ལྟར་འཁོར་བ་ན་རྒྱུ་བ་གང་གི་ཚེ་ཡང་ནས་ཡང་དུ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བས་རྩེན་པ་དེའི་ཚེ། འཆི་བས་འཇིགས་པའི་སྐྱེ་བ་མཐའ་མེད་དུ། །ཕོངས་དང་སྡུག་བསྔལ་ཆར་བཞིན་འབབ་པ་ཡང་། །དལ་འབྱོར་དོན་མེད་རྣམ་པར་གཡེངས་ལས་བྱུང་། །དེ་ཕྱིར་མངོན་མཐོ་ངེས་ལེགས་ཆོས་རྣམས་ཀུན། །དལ་འབྱོར་རྙེད་དཀའ་བསམས་ལས་བྱུང་བས་ན། །ཉིན་མཚན་མི་དལ་བརྩོན་པས་སྤྲོ་བ་བསྐྱེད། །ཇི་སྐད་དུ། སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རིགས་ཀྱི་བུ། འཁོར་བ་ན་རྒྱུ་བ་གང་ཅི་ཡོད་པ་དེ་དག་ཀྱང་རང་གི་དལ་བ་དང་འབྱོར་པས་བརྒྱན་པའི་ལུས་རྙེད་པར་དཀའ་བ་ཉིད་སེམས་པ་མངོན་དུ་མ་བྱས་པར། མི་དགེ་བའི་བཤེས་གཉེན་གྱི་རྒྱུས་རྣམ་པར་འཁོར་ཏེ་སྡུག་བསྔལ་གྱི་མེས་གདུང་བར་བྱས་པ་ཡིན་གྱི། ཁོ་མོས་ནི་དལ་བ་དམ་པ་བསམས་པས་སྲིད་པ་ལས་རྣམ་པར་གྲོལ་བས། ཁྱོད་ཀྱིས་ཀྱང་དེ་ལྟར་བྱ་དགོས་སོ་ཞེས་གསུངས་སོ། །

གསུམ་པ་ཕན་ཡོན་བཤད་ནས་སྤྲོ་བ་བསྐྱེད་པ་ནི། ད་ནི་ཕན་ཡོན་གྱི་སྒོ་ནས་སྤྲོ་བར་གདམས་པ། འདིར་ནི་འདྲེན་པ་མཐོང་བ་དོན་ཡོད་ཅིང་། །ཆོས་ཐོས་པ་དང་བསྒྲུབ་པའང་དོན་ཡོད་ལ། །ཚེ་འདི་དོན་ཡོད་ཕྱི་མ་འབྲས་བཅས་ཀུན། །དལ་འབྱོར་ལུས་རྙེད་ལས་བྱུང་དེ་ཡི་ཕྱིར། །རབ་ཏུ་དགའ་བ་ཡང་དང་ཡང་སྒོམས་ཤིང་། །དེ་ལ་སྔོན་གྱི་དུས་ན་སངས་རྒྱས་མཐོང་ཞིང་རྣམ་པར་གྲོལ་བ་དང་། གནས་སྐབས་ཚེ་འདིའི་ཉིན་མཚན་དགེ་བ་ལ་སྦྱོར་བས་དོན་ཡོད་པ་དང་། ཕྱི་མར་ཐར་པའི་ས་བོན་ཐེབས་པ་འོ་སྐོལ་མི་རྣམས་ཀྱི་ནང་ན་ཡོད་པ་གང་ཡིན་པ་དེ་ནི། དལ་འབྱོར་རྙེད་དཀའ་བ་བསམས་པ་ལས་བྱུང་བ་ཡིན་ཏེ། དྲན་པ་ཉེར་གཞག་ཆེན་པོ་ལས། དགའ་བྱེད། ཁྱོད་ཀྱིས་ལེགས་པར་མཐོང་བ་དང་ལེགས་པར་ཐོས་པ་གང་ཡིན་པ་དེ་ནི་དལ་བ་བསམས་པ་ལས་བྱུང་བ་ཇི་ལྟ་བ་བཞིན་དུ། མི་རྣམས་ཀྱི་བདེ་བ་དང་ལེགས་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འགྲུབ་པར་བལྟའོ་ཞེས་སོ། །དེའི་ཕྱིར་དལ་བ་ཐོབ་པ་ལ་སྙིང་ནས་སྤྲོ་བ་བསྒོམ་པར་བྱའོ། །

བཞི་པ་མི་ལས་འདས་པའི་ལེགས་པ་འགྲུབ་ཚུལ་ནི། དེ་ལྟར་མི་ལས་འདས་པའི་ལེགས་པ་གཞན་ཡང་འགྲུབ་པའི་ཚུལ་བཤད་པ། ལྷར་བཅས་འཇིག་རྟེན་དབུས་ན་འགྲོ་བའི་གཙོ། །ཉན་རང་སྲས་ཀྱིས་བསྐོར་བའི་མགོན་པོ་ཡིས། །འཆི་མེད་བདུད་རྩིའི་གོ་འཕང་བརྙེས་པ་ཡང་། །མི་ལུས་རིན་ཆེན་མཆོག་ལས་བྱུང་བས་ན། །ལྷ་བས་ལྷག་པའི་ལུས་ཞེས་དལ་འབྱོར་བསྔགས། །དེ་ཕྱིར་མི་ཉིད་ཐོབ་ལ་སྤྲོ་བ་བསྐྱེད། །གང་གི་ཚེ་ཐུབ་པ་བཅོམ་ལྡན་འདས་བྱང་ཆུབ་བརྙེས་པའི་རྟེན་ཡང་ཛམྦཱུའི་གླིང་གི་མིའི་གཙོ་བོ་ཡིན་པས། ལྷ་བས་ལྷག་པ་ཞེས་སྨོས་ཏེ་མངོན་པར་བྱང་ཆུབ་པའི་མདོ་ལས། ཐམས་ཅད་ཀྱང་ལྷའི་གནས་(༡༩)སུ་མངོན་པར་བྱང་མི་ཆུབ་པ་ནི་གནས་རིས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ་ཞེས་སོ། །སྤྱོད་འཇུག་ལས། ལྷ་བས་ལྷག་པའི་ལུས་ཀྱིས་ནི། །ཞེས་གསུངས་པ་ཡིན་ནོ། །

ལྔ་པ་ཐེག་པ་ཐམས་ཅད་ཀྱི་རྟེན་དལ་འབྱོར་བསྔགས་པ་ནི། གཞན་ཡང་འདི་ལྟར། རྣམ་པར་མི་རྟོག་བདེན་མཐོང་ཡེ་ཤེས་ས། །ལྷ་མིའི་ནང་ནས་མིར་གྱུར་རྙེད་སླ་སྟེ། །རྡོ་རྗེ་ཐེག་པའི་ལམ་ཟབ་སྙིང་པོ་ཡང་། །མི་ཡི་ལུས་རྙེད་འབྲས་བུ་འགྲུབ་པར་སླ། །དེ་ཕྱིར་ཐེག་པ་ཆེ་ཆུང་ཆོས་ཀྱི་རྟེན། །དལ་འབྱོར་མི་ལུས་མཆོག་ཏུ་འཕགས་པར་གསུངས། །མཛོད་ལས། གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་མིའི་རྟེན་ལས་མྱུར་དུ་འགྲུབ་པར། འབྱུང་བཞི་ཟད་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་རྨད་བྱུང་འདི། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་དངོས་གྲུབ་གཞན་ཅི་སྨོས། །ཞེས་འབྱུང་ངོ་། །དེ་བས་ན་ཐེག་པ་ཀུན་གྱི་རྟེན་དུ་དལ་འབྱོར་བསྔགས་པ་ཡིན་ནོ། །

དྲུག་པ་རྙེད་པར་དཀའ་བའི་ཚུལ་སྒོམ་པ་ནི། དེ་ཇི་ལྟར་རྙེད་པར་དཀའ་བའི་ཚུལ་བསྒོམ་པར་བྱ་ན། འདི་ལྟར་སྟན་བདེ་བ་ལ་འདུག་སྟེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རང་གི་ལུས་དལ་འབྱོར་གྱིས་བརྒྱན་པ་ལ་བསམས་ཏེ། ཇི་ལྟར་ཕོངས་པས་ནོར་མཆོག་རྙེད་པ་ལྟར། །རྨི་ལམ་ཉིད་ཅེས་དོགས་དང་འཇིགས་བཞིན་དུ། །དགའ་ཞིང་སྤྲོ་བས་དལ་འབྱོར་བསམ་པར་བྱ། །འདི་ཕྱིར་ཕན་བདེ་དམ་པའི་ཆོས་འགྲུབ་བོ། །ཞེས་བསམ་ཏེ། དབུལ་པོས་ནོར་མཆོག་རྙེད་པ་ལྟར་བདག་གིས་ཐོབ་པའི་དལ་འབྱོར་འདི་རེ་འཚེངས། ཆོས་ཤིག་ཁོ་ན་བསྒྲུབ་དགོས། རྨི་ལམ་མ་ཡིན་ན་རུང་སྟེ་སྙམ་དུ་འཇིགས་པས་ཀྱང་དོགས་ལ། ཐོབ་པས་ཀྱང་སྤྲོ་བ་ཉིད་སྙིང་ནས་བསྒོམས་པའི་མཐར་སེམས་ཅན་གྱི་དོན་དུ་བསྔོ་བར་བྱ་སྟེ། ལུང་རྣམ་འབྱེད་ལས། མཽངྒལ་འདི་ལ་གཅིག་ཏུ་བསམ་པར་བྱ་བ་ནི་དལ་བ་སྟེ་སྤྲོ་བས་རྗེས་སུ་དྲན་པར་གྱིས་ཤིག་ཅེས་སོ། །

སྤྱི་དོན་བཞི་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། དེ་ལྟར་དལ་འབྱོར་བསྟན་པའི་བསོད་ནམས་སེམས་ཅན་ལ་ལེགས་པར་སྨོས་པས་བསྔོ་བ་ནི། དེ་ལྟར་དགེ་ལེགས་སྙན་པའི་བདུད་རྩི་འདིས། །འགྲོ་ཀུན་དོན་མེད་གཡེང་བ་རབ་ཞི་ནས། །ནགས་མཐར་སོང་སྟེ་ཉོན་མོངས་ཚང་ཚིང་གིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་པ་སྟེ་ཡང་དག་པའི་མེ་ཏོག་རྒྱུན་ཆགས་པས་རྣམ་པར་བརྒྱན་པ་ཞི་བའི་བདུད་རྩི་དམ་པ་བལྟབས་ཏེ་བཤད་པས། འགྲོ་བ་ཀུན་གྱི་ཚེ་འདིའི་རྣམ་པར་གཡེང་བས་དལ་འབྱོར་ཆུད་གསོན་པ་སླར་ལོག་སྟེ། ཐམས་ཅད་ཀྱང་ཞི་བའི་དགོན་པ་དབེན་ཞིང་ཉམས་དགའ་བར་ཚེ་གཅིག་ཏུ་རང་གི་(༢༠)སེམས་ཡུན་རིང་མོ་ནས་འཁོར་བར་དུབ་པ་ངལ་འཚོ་བར་ཤོག་ཅིག་ཅེས་པ་འདི་ནི་ངལ་གསོ་ཁྱད་པར་ཅན་གྱི་གནས་ལ་གདམས་ཤིང་། ལེའུའི་དོན་རིལ་པོ་སེམས་རྒྱུད་སྐད་ཅིག་གི་སྟེང་དུ་བསྡུས་ཏེ་འཁོར་བ་ལ་སྐྱོ་ཤས་དང་བཅས་པ་བསྟན་ལ། ལེའུ་བརྩམས་པ་རྫོགས་པའི་བསྔོ་བ་ཡང་འབྱུང་སྟེ། ལེའུ་ལྷག་མ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །ཞི་བའི་ནགས་ནང་ཕུག་དང་སྨན་ལྗོངས་ཉམས་དགའ་ཞིང་། །མེ་ཏོག་གཡོ་བའི་གར་ཅན་ཕུ་ཆུའི་ལྷུང་སྒྲས་བརྒྱན་པ་དེར། །ཡུན་རིང་དུབ་པའི་སེམས་འདི་མི་གཡོ་མཉམ་འཇོག་ཅིང་། །དལ་འབྱོར་དམ་པ་དོན་ཡོད་བྱེད་པས་གནས་གྱུར་ཅིག །དེར་ཡང་མི་བསྲུན་སྐྱེ་བོ་མི་མཐོང་ཞིང་། །ཉོན་མོངས་ཉེར་ཞི་འཕགས་པའི་ནོར་བདུན་བཅས། །སྲོག་དང་བཅས་པའི་ལུས་འདི་དོར་ནས་ནི། །སེམས་ཀྱི་རྒྱལ་པོ་གདོད་མའི་སར་ཕྱིན་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དལ་འབྱོར་རྙེད་དཀའ་བའི་ལེའུ་སྟེ་དང་པོའི་འགྲེལ་པའོ།། །།


previousདང་པོ། དལ་འབྱོར་རྙེད་དཀའ་བའི་ལེའུ།next