Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
བཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།
  
  
  
 
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousབཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།next

བཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།


LT35_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


LT35_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། བཀའ་བབ་དྲུག་ལྡན་གྱི་ཁྲིད་ཀྱི་ཐོག་མར་བསྐྱེད་རིམ་གྱི་བརྒྱུད་འདེབས་ནི། །ཁྱབ་བདག་ཡོན་ཏན་བརྒྱད་ལྡན་རྡོ་རྗེ་འཆང་། །འཇམ་པའི་རྡོ་རྗེས་རྗེས་བཟུང་ཡེ་ཤེས་ཞབས། །མཐོང་ཆོས་ཞིར་གཤེགས་མར་མེ་མཛད་བཟང་པོ། །ཧཱུྃ་མཛད་ངོ་བོར་གྲུབ་པ་སྨན་པའི་ཞབས། །སངས་རྒྱས་དཔལ་ཞིའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཡེ་ཤེས་པད་འབྱུང་བདེ་བ་ཆེ། །རིན་ཚུལ་ཡིག་མཁན་བགྲེས་པོ་དུར་ཏ་རི། །སྨན་ཞབས་ཨ་བ་དྷཱུ་ཏི་ཤཱནྟི་པ། །ཆུ་བོ་གསུམ་འདུས་རྡོ་རྗེ་གདན་པ་ཆེ། །རིན་འབྱུང་སྦས་པ་འཇིགས་མེད་འབྱུང་གནས་ཞབས། །དགེ་འབྱུང་སྦས་པ་སྟོབས་བཅུ་བཛྲ་ཤྲཱི། །ཆོས་བཟང་དཔལ་བ་སངས་རྒྱས་རིན་ཆེན་གྲགས། །རཱ་ཏི་གུཔྟ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་


LT35_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མགོན་པོ་ཞི་བ་སྦས། །གྲུབ་ཆེན་དི་ནཱ་ཀ་ར་ཟབ་མོའི་བློ། །གསུམ་ཀས་རྗེས་བཟུང་སངས་རྒྱས་སྦས་པའི་མགོན། །གང་བའི་རྡོ་རྗེ་མྱང་འདས་དཔལ་བ་སྟེ། །ཐུགས་སྲས་རྣམ་གསུམ་བཀའ་བབ་གདམས་པའི་ཀླུང་། །གཅིག་བསྡུས་གསང་བདག་སྒྲོལ་བའི་མགོན་པོའི་ཞབས། །རིན་ཆེན་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ངག་དབང་ཕྲིན་ལས་ཆོས་རྗེ་ཀུན་བཟང་དབང་། །ཀུན་དགའ་རྣམ་རྒྱལ་ངག་དབང་རྒྱལ་བའི་མཚན། །སྒྲུབ་ཆེན་དྲི་མེད་འོད་གསལ་འགྱུར་མེད་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྙེན་པ་གསུམ་གྱིས་རང་རྒྱུད་བྱིན་བརླབས་ཤིང་། །རྣལ་འབྱོར་གཉིས་ཀྱིས་གསལ་སྣང་མཐའ་རུ་ཕྱིན། །ཞུ་བདེ་སྟོང་ཉིད་ཟབ་མོའི་རྒྱས་ཐེབས་ནས། །བསྐྱེད་རིམ་མཐའ་རུ་ཕྱིན་པར་


LT35_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས།། ༈ །།གཉིས་པ་ཕྱག་ཆེན་བརྒྱུད་འདེབས་ནི། །སྲིད་ཞི་ཀུན་ཁྱབ་དྲུག་པ་རྡོ་རྗེ་འཆང་། །རྒྱུད་དང་གྲུབ་པའི་སྒོ་འབྱེད་ས་ར་ཧ། །སངས་རྒྱས་གཉིས་པ་ཀླུ་གྲུབ་ཤ་བ་རི། །ལཱུ་ཡི་དཱ་རི་ཀ་དང་ཌི༚་གི་པ། །ཨནྟར་ཏེ་ལོ་ནཱ་རོ་ཌོམྦི་པ། །ཀུ་ས་ལི་པ་ཨ་སི་ཏ་གྷ་ན། །ཡེ་ཤེས་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །རི་ཁྲིད་དབང་ཕྱུག་མངའ་བདག་མཻ་ཏྲི་པ། །གངྒཱ་དྷ་རི་ཛྙཱ་ན་མེ་ཏྲ་དང་། །ཡེ་ཤེས་སྐུ་བརྙེས་གྲུབ་ཆེན་ཞི་བའི་ཞབས། །སློབ་མའི་མཆོག་གཉིས་ཐུགས་སྲས་རྣམ་པ་གསུམ། །ཀུན་དགའ་སྙིང་པོ་རྒྱལ་ཚབ་རིན་རྒྱམ་ཞབས། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་དང་། །ཀུན་བཟང་ཡེ་དབང་པོ་ཀུན་དགའ་རྣམ་པར་རྒྱལ། །ངག་དབང་རྒྱལ་མཚན་སྒྲུབ་ཆེན་དྲི་མེད་མཚན། །འོད་གསལ་འགྱུར་མེད་རྩ་བའི་བླ་མ་སྟེ། །ཁྱབ་བདག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དམིགས་བཅས་དམིགས་མེད་སེམས་གནས་མཐར་ཐུག་འགྲུབ། །ངོ་སྤྲོད་བརྒྱད་ཀྱིས་ཅི་སྣང་སྒོམ་དུ་གྱུར། །གེགས་གསུམ་སལ་ཞིང་བོགས་གསུམ་ཐོན་ནས་ཀྱང་། །གནས་ལུགས་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས།། ༈ །།གསུམ་པ་གཏུམ་མོའི་བརྒྱུད་འདེབས་ནི། །རྡོ་རྗེ་བཙུན་མོ་ཙཎྜི་རྒྱལ་བའི་ཡུམ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ཞབས། །ནག་པོ་བི་རུ་པ་དང་བྱ་རྔོན་པ། །ཀུ་ས་ལི་པའི་ཞབས་ལ་གསོལ་བ་འདེབས། །བི་རཱུ་ཌོམྦི་གཡུང་མོ་


LT35_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །བློ་གྲོས་རྣམ་རྒྱལ་བདེན་དོན་མཁའ་ཁྱབ་རྟོགས། །ངག་དབང་ཕྲིན་ལས་བྱིན་རླབས་གཟི་བྱིན་འབར། །མངོན་སུམ་ལམ་གྱི་སྲོག་འཛིན་རྣམ་གཉིས་ལ། །གསོལ་བ༴ །ཀུན་བཟང་དབང་པོ་ཟག་མེད་བདུད་རྩིས་མྱོས། །ཚེ་དབང་ནོར་བུ་རླུང་སེམས་དབང་དུ་མཛད། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་རྣམ་གཉིས་ལ། །གསོལ་བ་འདེབས་སོ༴ །བསྟན་པའི་ཉིན་བྱེད་ཡེ་ཤེས་འོད་བརྒྱ་འཕྲོ། །ཕྲིན་ལས་རྣམ་རྒྱལ་དགའ་བཞིའི་རྩེ་མོ་འཆང་། །རླབས་ཆེན་འགྲོ་བའི་དེད་དཔོན་རྣམ་གཉིས་ལ། །གསོལ་བ་འདེབས་སོ༴ །པདྨ་ཉིན་བྱེད་རྟག་བདེའི་རྒྱལ་ཐབས་སྐྱོང་། །རྩ་བའི་བླ་མ་རིགས་བརྒྱའི་འཁོར་ལོས་སྒྱུར། །སངས་རྒྱས་ཀུན་དངོས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། ཡང་ན། ངག་དབང་ཕྲིན་ལས་རྗེས་སུ། །ངག་དབང་རྣམ་རྒྱལ་ཡིད་དཔྱོད་མཐའ་ལས་རྒྱས། །ཀུན་དགའ་ཆོས་འཕེལ་ཀུན་དུ་འཕེལ་ཞིང་བརྟན། །ངེས་དོན་བསྟན་པའི་སྲོག་འཚོ་རྣམ་གཉིས་ལ། །གསོལ་བ་འདེབས་སོ༴ །ངག་དབང་དྲི་མེད་འཕོ་བའི་དྲི་མ་བཅོམ། །ངག་དབང་ཆོས་འཕེལ་འོད་གསལ་མཁའ་ཁྱབ་འཕེལ། །སྦས་པའི་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ་འདེབས་སོ༴ །རྡོ་རྗེའི་རྣལ་འབྱོར་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་


LT35_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སོགས། །ཁྱད་ཆོས་བཞི་ལྡན་བརྟགས་པའི་རྣལ་འབྱོར་གྱིས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གསལ་སྣང་བདེ། །རབ་མཐར་ཕྱིན་པས་ཞི་སོགས་ལས་ཆེན་འགྲུབ། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ལྟོས་མེད་བཞི་ཡིས་རྣམ་པ་ཐམས་ཅད་པའི། །འཆར་སྒོ་འབྱམས་ཀླས་ཉམས་རྩལ་ཕྱོགས་མེད་རྒྱས། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལ། །ཡིད་ཆེས་རྣམ་གསུམ་ཐོབ་པར་བྱིན་གྱིས་རློབས། །མི་གཡོ་གསུམ་ལྡན་མི་རྟོག་ནང་གི་མཁར། །རྣམ་ཤེས་ཡུལ་དང་ཡུལ་ཅན་འབྲེལ་པ་བཅད། །སྟོང་པའི་ཡུལ་ལ་ཡེ་ཤེས་དབང་པོ་ཞུགས། །འོད་གསལ་རྟགས་བཅུ་རྫོགས་པར་བྱིན་གྱིས་རློབས། །སྲིད་གསུམ་གཟུགས་བརྙན་རང་གི་སེམས་ཉིད་དང་། །རོ་མཉམ་ཡན་ལག་ལྔ་པོ་མཐར་ཕྱིན་པ། །བསམ་གཏན་ཐོག་མར་དགེ་བའི་བསྙེན་པ་ཡིས། །རྡོ་རྗེ་བསླང་བ་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་གསུམ་བཟླས་བྱེད་པ་བཅིངས་པ་ཡིས། །སྲོག་གཟུགས་རབ་གྲུབ་ཉི་ཟླའི་རྒྱུ་བ་འགག །མུན་ཆེན་དབྱིངས་སུ་སྲོག་།ཐུར་མཉམ་པར་འདྲེན། །འཆི་བའི་འཇིགས་པར་འཇོམས་པར་བྱིན་གྱིས་རློབས། །རླུང་གི་གོང་བུ་མི་ཤིགས་དཔྲལ་བར་ཐིམ། །གཞོམ་མེད་སྒྲ་སྒྲོགས་འབར་ཞུའི་བདུད་རྩིས་བརླན། །བར་དུ་དགེ་བ་ཉེར་སྒྲུབ་རྡོ་རྗེའི་མེ། །ལྷ་སྐུའི་འདུ་འཕྲོར་ཤར་བར་བྱིན་གྱིས་རློབས། །ཕྱག་


LT35_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གསུམ་སྦྱོར་དགའ་བཞི་རྗེས་དྲན་པས། །བདེ་སྟོང་འཕེལ་བརྟན་འཁོར་ལོའི་བདག་པོ་ཡི། །ལུས་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་དུ། །དག་པའི་གཟུགས་བརྙན་གསལ་བར་བྱིན་གྱིས་རློབས། །ཉི་རྡུལ་ཚོགས་པ་ནོར་བུའི་རྩེ་མོར་བརྟན། །བྱང་སེམས་ཟླ་བ་གཙུག་ཏོར་དབུས་སུ་ཉ། །མཐར་དགེ་ཏིང་འཛིན་སྒྲུབ་པས་དབུགས་འགགས་ནས། །ཞུ་བདེ་འགྱུར་མེད་འགྲུབ་པར་བྱིན་གྱིས་རློབས། །སྦྱང་གཞི་སྐུ་དང་འོད་གསལ་རྡོ་རྗེ་བཞི། །སྦྱང་བྱ་འཕོ་བ་ཀུན་སྤྱོད་གནས་སྐབས་བཞི། །སྦྱོང་བྱེད་རྣམ་ཐར་དགའ་བ་དེ་ཉིད་བཞིས། །སྦྱངས་འབྲས་བྱང་ཆུབ་མཁྱེན་བཞི་མངོན་གྱུར་ཤོག །སྲིད་པའི་རྣམ་པའི་གཞོམ་མེད་རབ་སད་ནས། །དངོས་དང་དངོས་མེད་གཅིག་གྱུར་མ་ནིང་དངོས། ཁམས་གསུམ་དབང་ཕྱུག་མཁའ་ཁྱབ་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོའི་གོ་འཕང་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཡོངས་རྫོགས་བསྟན་པའི་སྒྲོན་མེ་ཐར་རྩེ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལྟར་ཡོན་ཏན་རྒྱ་མཚོས་ནག་ཟླའི་གྲལ་ཚེས་བཟང་པོ་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། །མངྒ་ལཾ། །


previousབཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།next