Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
མཐོང་གྲོལ་ཞྭ་དམར་ལོ་རྒྱུས།
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousམཐོང་གྲོལ་ཞྭ་དམར་ལོ་རྒྱུས།next

མཐོང་གྲོལ་ཞྭ་དམར་ལོ་རྒྱུས།


LT36_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །མཐོང་གྲོལ་ཞྭ་དམར་རིན་པོ་ཆེ་མཇལ་ཁའི་སྐབས་རྒྱུ་མཚན་ཕན་ཡོན་མདོར་བསྡུས་གླིང་བར་སྤྲོ་ན། དེ་རིང་གི་སྐབས་སུ། འདིར་བཞུགས་པའི་དད་མོས་ཀྱི་ཡིད་དང་། དགེ་བའི་བསམ་སྦྱོར་ལྡན་པ་སྤྱི་དང་། བྱེ་བྲག་གཏོང་ཕོད་འབྱོར་པར་ལྡན་པའི་སྦྱིན་བདག་གཙོ་བོར་གྱུར་པའི་མཆོག་དམན་བར་མ་རྣམས་ཀྱི་སྙན་ལམ་དུ་གསོལ་བར་བྱ་བའི་སྐབས་དོན། ཆེད་དུ་བརྗོད་པའི་ཚོམ་ལས། །མཁས་གང་འཚོ་བ་འཇིག་རྟེན་ན། །དད་དང་ཤེས་རབ་བརྟེན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་བས་ནོར་གཞན་ཕལ་བར་ཟད། ཅེས་གསུངས་པ་ལྟར་བྱ་བ་དང་ནོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ། །ཡོན་ཏན་ཐོས་པའི་དད་པ་དང་། །རྒྱུ་མཚན་གོ་བའི་ཤེས་རབ་གོང་དུ་སྤེལ་བའི་སླད་དུ་སྐབས་སུ་བབས་པའི་འབེལ་གཏམ་ཅུང་ཟད་ཞུ་ན། སྤྱིར་སངས་རྒྱས་ཐམས་ཅད་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པས། ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་


LT36_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ལོངས་སྤྱོད་རྫོགས་པ་སྐུའི་རྣམ་པར་བཞེངས་ཏེ། སྐུ་དང་ཞིང་ཁམས་རྒྱན་དང་ལོངས་སྤྱོད། གདན་ཁྲི་དང་གཟིགས་ཚུལ་ལ་སོགས་པ་བརྡ་དང་རྣམ་པ་རེ་རེས་ཀྱང་། གདུལ་བྱ་བསམ་གྱིས་མི་ཁྱབ་པ་འདུལ་བར་མཛད་པ། དེ་ལས་ཀྱང་མ་དག་པའི་ཞིང་དུ། བཟོ་སྐྱེ་མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་པ། འགྲོ་བའི་ལུས་ངག་ཡིད་གསུམ་དང་འཚམས་པར་སྐུའི་རྣམ་འཕྲུལ། གསུང་གི་བརྗོད་པ། ཐུགས་ཀྱི་དགོངས་སྤྱོད། ཡོན་ཏན་ཕྲིན་ལས་ཀྱི་འཆར་ཚུལ་གཅིག་ཏུ་མ་ངེས་པ་སྣ་ཚོགས་པས་སྐྱེ་རྒུ་རྣམས་མངོན་མཐོང་དང་ངེས་ལེགས་ཀྱི་ལམ་ལ་བཀོད། དེའང་ནམ་མཁའི་མཐའ་དང་སེམས་ཅན་གྱི་ཁམས་ལ་ཚད་དང་མུ་མ་མཆིས་ཤིང་། དེ་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་གཅིག་གི་སྟེང་ནའང་རྡུལ་དེ་སྙེད་ཀྱི་མངོན་པར་སྣང་བ་ཐམས་ཅད་ཀྱང་གདུལ་བྱ་འདུལ་བའི་ཐབས་ཚུལ་མཐའ་གཅིག་ཏུ་མ་ངེས་ཏེ། ཞིང་ཁམས་འགའ་ཞིག་ལ་སངས་རྒྱས། བྱང་སེམས། ཉན་ཐོས། རང་རྒྱལ་ཐམས་ཅད་འབྱུང་བ་དང་། ལ་ལ་ན་དེ་དག་རེ་རེའི་རྣམ་པར་སྣང་ནས་ངག་གམ་བརྡ་ཡི་ཆོས་སྟོན་པ་དང་། ཞིང་ཁམས་ལ་ལ་ན་དྲང་སྲོང་། བྲམ་ཟེ། ཚངས་དབང་། །འཁོར་ལོས་སྒྱུར་རྒྱལ་ཙམ་གྱིས་འདུལ་བ་དང་། ཞིང་ལ་ལ་ན་འོད་ཟེར་འཕྲོ་བ། ལ་ལ་པདྨ་འགྱེད་འཛུམ། ལ་ལ་སྤོས་བཏུལ་བས་སེམས་ཅན་འདུལ་བ་སོགས་མཐའ་ཡས་པ་མདོ་སྡེ་རིན་པོ་ཆེ་དག་ལས་


LT36_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྲིན་ལས་ཁོ་ན་ལ་དཔེར་ན་ཚོན་ན། སྐུའི་བ་སྤུའི་བུ་ག་རེ་རེ་སངས་རྒྱས་ཀྱི་ཞིང་ཁམས་ཚད་དབྱིབས་བཀོད་པ་མི་འདྲ་བ་མཐའ་ཡས་པ་སྣང་ཞིང་འདུལ་བྱེད་ཀྱང་དེ་དང་མཚུངས་པར་སྟོན་པ་དང་། སྲིན་མོའི་གླིང་དུ་རྟའི་རྒྱལ་པོ་བ་ལ་ཧ། འདམ་གྱི་སྲིན་བུའི་ཁྲོད་དུ་བུང་བའི་རྒྱལ་པོར་སྤྲུལ་ནས་རང་སྐད་ཀྱིས་ཆོས་སྟོན་པ་སོགས་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པར་གསུངས་པས་ཤེས་ནུས་ལ། འཕགས་ཡུལ་དུའང་གྲུབ་པའི་དབང་ཕྱུག་རྣམས་ཀྱི་བརྟུལ་ཞུགས་སྤྱོད་པའི་ཆོ་འཕྲུལ། དོ་ཧ་རྡོ་རྗེའི་གླུ་དབྱངས། དགོངས་པའི་ཡེ་ཤེས་གཏོད་ཚུལ་མ་ངེས་པ་རེ་རེས་ཀྱང་རྣམ་པར་གྲོལ་བ་མཐའ་ཡས་པ་བྱུང་བ་དང་། བོད་ཡུལ་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བཙུན་མོ་སྲས་བློན་དང་བཅས་པ་སོགས་སྐྱེ་བ་སྤྲུལ་པའི་སྐུ་རྣམས་དང་། ཇོ་ཤཱཀ་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་པའི་བཟོ་གནས་སྤྲུལ་པའི་སྐུ་དང་། གྲུབ་མཐའ་རིས་མེད་པ་རྣམས་ལ་བྱོན་དང་འབྱོན་གྱུར་གྱི་མཁས་གྲུབ་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་པར་ཐར་པ་མཐའ་གཅིག་ཏུ་མ་ངེས་པས་བསྟན་འགྲོའི་དོན་རླབས་པོ་ཆེ་ཤ་སྟག་མཛད་པ་ཡིན་ཅིང་། ༈ །དམིགས་བསལ་དབུ་ཞྭ་ལ་བརྟེན་ནས་འགྲོ་དོན་མཛད་པའི་ཁུངས་ཀྱང་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུངས་ལས། །


LT36_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཞྭ་རིགས་གསུམ་དང་རིགས་ལྔ་ལ་སོགས་གྱོན་པ་པོ་དང་། མཐོང་བ་པོ་གཉིས་ཀར་ཕན་ཡོན་ཚད་མེད་པར་བསྔགས་པ་དང་། རྒྱལ་བས་ལུང་བསྟན་མཉམ་མེད་དྭགས་པོ་ལྷ་རྗེས་ཀྱང་། བསྟན་པ་ལ་ཕན་པའི་ཞྭ་གསུམ་དང་། ཁྱད་པར་སྒོམ་ཞྭ་ལ་གོང་དང་རིགས་མཚུངས་པའི་ཡོན་ཏན་རྒྱ་ཆེར་གསུངས་པའི་དེ་དག་ཀར་རྙིང་ཀུན་གྱིས་ཕྱག་ལེན་ཏུ་འདེབས་བཞིན་པ་དང་། དེ་དག་ལས་ཀྱང་དགོངས་གཞིན་དང་དགོས་པ་ཁྱད་པར་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ན་རིམ་གྱིས་སྲིད་པ་གསུམ་གྱི་སྐྱེ་རྒུ་མཐོང་ཐོས་དྲན་རེག་མཐའ་དག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་མཛད་པའི་ཕྲིན་ལས་ཀྱི་གཙོ་བོ་གཅིག་ནི་མཐོང་གྲོལ་ཞྭ་ནག་རིན་པོ་ཆེ་ལ་བརྟེན་ནས་མཛད་པ་སྟེ། དེའང་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དྲང་སྲོང་དཀོན་པ་སྐྱེས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པའི་ཚེ་རྒྱལ་བ་སྲས་དང་བཅས་པས་དབང་རྟགས་རྡོ་རྗེའི་ཅོད་པན་ཡེ་ཤེས་མཁའ་འགྲོ་བྱེ་བའི་དབུ་སྐྲ་ལས་གྲུབ་པ་སྤྱི་བོར་བཅིངས་པ་དེ་ནས་བརྩམས། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ས་ར་ཧ་པ། དཔལ་ལྡན་དུས་གསུམ་མཁྱེན་པ་སོགས་སྐུའི་སྐྱེ་བ་རིམ་བྱོན་ཐམས་ཅད་ཀྱི་དབུ་ལ་འབྲལ་མེད་དུ་བཞུགས་ཀྱང་། ལས་དང་སྐལ་པར་ལྡན་པ་རེ་རེ་ཙམ་ལས་མཇལ་བར་དཀའ་བས། འཇམ་དབྱངས་སྤྲུལ་པ་ཏཱ་མིང་ཡུན་ལོ་རྒྱལ་པོས་རྒྱལ་དབང་ལྔ་པ་དེ་བཞིན་


LT36_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ལ་གསོལ་བ་བཏབ་སྟེ་ཉིད་ཀྱིས་མཇལ་ཚུལ་དང་མཐུན་པ་མཐོང་གྲོལ་ཞྭ་ནག་འཛམ་གླིང་གཡས་བཞག་ཏུ་གྲགས་པ་ཕུལ་བས་ཡེ་ཤེས་རང་སྣང་གི་ཅོད་པན་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་མཆོག་དམན་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད། དེའི་རྗེས་སུ་གར་དབང་ལྔ་པའི་ཞལ་ནས། དཔོན་སློབ་ཚད་མའི་རྟེན་འབྲེལ་མཐར་ཕྱིན་པས། རྟོགས་པ་དོན་གྱི་ཐུགས་རྒྱུད་གཅིག་ཏུ་གྱུར། །དཔོན་སློབ་དབྱེར་བ་མེད་པའི་ཀརྨ་པ། ཞེས་སོགས་གསུངས་པ་ལྟར། དག་པའི་ཞིང་ཁམས་རྣམས་སུ་འོད་དཔག་མེད། སྤྱན་རས་གཟིགས། བྱམས་པ་མགོན་པོ། གསང་བའི་བདག་པོ་སོགས་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཚུལ་དུ་སྣང་ཞིང་། འཕགས་བོད་གཉིས་སུའང་རྒྱལ་དབང་ཀརྨ་པ་ཆེན་པོའི་སྐུའི་སྐྱེ་བ་གང་དུ་བཞེངས་པ་དེར་སྤྲུལ་པའི་སྐུ་མཉམ་དུ་སྟོན་ཅིང་མཉེས་པ་གསུམ་མཐར་ཕྱིན་པས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཚུལ་བསྟན་པ་རྒྱལ་བ་གར་གྱི་དབང་པོ། བྱམས་མགོན་ཏཱ་ཡི་སི་ཏུ། གསང་བའི་བདག་པོ། རྒྱལ་ཚབ་གོང་མ་རྣམས་ལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ན་རིམ་གྱི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེ་ཉིད་དང་རྣམ་དབྱེར་མེད་པའི་བཀའི་དབང་རྟགས་སུ་མཐོང་གྲོལ་ཞྭ་དམར་གསེར་གྱི་མདངས་ཅན་གཙུག་ཏུ་བཅིངས་ནས། རྒྱལ་བ་ཉིད་ཀྱི་ཕྲིན་ལས་ཀྱི་འཁོར་ལོས་


LT36_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ་ཆེན་པོར་འཛམ་གླིང་ན་ཡོངས་སུ་གྲགས་པར་མངའ་གསོལ་བ་སྟེ། དེའང་ཞྭ་དམར་ནག་དབྱིབས་གཅིག་པ་ནི་ཡབ་སྲས་དེ་དག་དགོངས་པ་དང་ཡོན་ཏན་ལ་ཁྱད་པར་མེད་པ་དང་། ཁ་དོག་དང་བཀོད་པའི་ཁྱད་པར་ཅུང་ཟད་མི་མཚུངས་པ་ནི་ཐབས་མཁས་ཀྱི་ཕྲིན་ལས་སོ་སོར་སྐྱོང་བའི་དོན་ཡིན་པས་ཞྭ་དམར་ནག་གང་མཇལ་ཡང་གྲོལ་བ་བཞི་དང་ལྡན་པའི་ཕན་ཡོན་ལ་ཁྱད་པར་ཅིའང་མེད་ཅིང་། ལྷག་པར་ཀུན་མཁྱེན་ཏཱའི་སི་ཏུ་འདི་ཉིད་དགའ་ལྡན་གྱི་གནས་སུ་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུར་བཞུགས་པའི་ཚེ་དབུའི་ཐོར་ཚུགས་རིན་པོ་ཆེའི་མཆོད་སྡོང་གིས་བརྒྱན་པ་དེ་ཉིད་མཐོང་བ་དང་དྲན་པ་ཙམ་གྱིས་སྒྲིབ་གཉིས་སྦྱོང་ཞིང་བྱམས་ཆེན་སྣང་བྱེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པར་མཛད་པ་དང་། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་གུ་རུ་པདྨ་ཀ་རིའི་སྐུར་སྟོན་པའི་ཚེ། རིགས་བདག་འོད་དཔག་མེད་མཚོན་པའི་པད་ཞུ་སྣང་སྲིད་ཟིལ་གནོན་ལ་སོགས་པ་རྟག་ཏུ་བཞེས་ནས་དབང་བཞིའི་ཡེ་ཤེས་རྡོ་རྗེའི་ཡེ་ཤེས་བྱིན་རླབས་སྩོལ་མེད་དུ་འབེབས་པར་མཛད་པ་དང་། གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་མཛད་པའི་ཚེ་གོང་སྨོས་ཅོད་པན་དེ་དག་ཞྭ་དམར་གསེར་གྱི་མདངས་ཅན་གྱི་རྣམ་པར་བསྒྱུར་ནས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྒྱ་ཆེན་པོ་མཛད་པ་སྟེ། དེའང་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་དེ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འབྲེལ་བའི་


LT36_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གླིང་བཞི་ལ་དབང་སྒྱུར་བའི་ནུས་པ་འབྱུང་བ་བཞིན། མཐོང་གྲོལ་རིན་པོ་ཆེ་འདི་དག་ཀྱང་གོང་སྨོས་རྒྱལ་བ་ཡབ་སྲས་ཀྱི་དབུར་བཞེས་པ་མཇལ་བས་ཕན་ཡོན་ཁྱད་པར་ཅན་འབྱུང་བ་ནི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཁྱད་པར་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྴའི་ཞལ་ནས། ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། །ཅེས་གསུངས་པ་ལྟར་ལགས། དབང་བསྐུར་བ་དང་ཆོས་བཤད་པ་སོགས་འགྲོ་དོན་ཕྱོགས་རེ་ཡིན་པ་གཞིར་བཅས་རུང་། དེ་རྣམས་ནི་དབང་པོ་ཚང་ཞིང་རྣམ་བཞག་ཆགས་པ་དང་། དམ་ཚིག་མ་ཉམས་ཤིང་དད་པ་མོས་པ་རྣམས་བདེ་ནས་བདེ་བར་འདྲེན་ཅིང་། མ་དད་དམ་ཉམས་ལོག་པར་ལྟ་བའི་རིགས་ལ་ངན་སོང་གི་རྒྱུ་སྒྲུབ་པའི་སྐབས་ཀྱང་ཡོད་པས་སྐྱོན་ཡོན་གཉིས་རེ་སྐྱེད་ལ། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེའི་མཇལ་ཁ་འདི་ནི་དབང་པོ་ཚང་མ་ཚང་། །དམ་ཚིག་ལྡན་མི་ལྡན། ཕོ་མོ་རྒན་གཞོན་སོགས་ཀྱི་ཁྱད་པར་མ་ལྟོས་པར་མིག་གིས་མཐོང་ཚད་ལ་ཐར་པའི་ས་བོན་བསྐྲུན། རྣ་བས་ཐོས་ཚད་ལ་དགེ་བའི་བག་ཆགས་བཞག །དད་པས་དྲན་ཚད་ལ་བྱིན་རླབས་སྩོལ་མེད་དུ་བསྐྱེད། རྒྱུ་དངོས་ཟང་ཟིང་གི་དབུལ་བ་དང་། ཕྱག་སྐོར་གསོལ་འདེབས་མོས་གུས། ཐ་ན་མེ་ཏོག་གཅིག་གཏོར་བ་ཚུན་ཆོད་བསོད་ནམས་ཀྱི་ཚོགས་ཆེན་རྫོགས། དེར་མ་ཟད་ལོག་ལྟ་ཅན་རྣམས་


LT36_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚུང་ཆད་ལམ་སྣ་ཐར་པ་ལ་སྦྱོར་བར་འགྱུར་ཏེ། ཞི་བ་ལྷས། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་ལགས་པས་ཐམས་ཅད་ཀྱི་དད་པ་མོས་གུས་རྩེ་གཅིག་པས་མཇལ་ཞིང་གསོལ་བ་བཏབ་ན་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དངོས་གྲུབ་ཐམས་ཅད་ཡིད་བཞིན་ནོར་བུ་ལ་གསོལ་བ་ཐེབས་པ་བཞིན། རང་རང་གི་དབང་པོ་སྐལ་པའི་ཁྱད་པར་དང་མཚུངས་པར་འདི་ཕྱི་བར་གསུམ་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་ངེས་པ་ཡིན་པས་དེ་ལྟར་མཆོག་དམན་ཀུན་གྱིས་ཐུགས་ལ་བཞག་པ་དང་། ད་རེས་མི་ལུས་ཐོབ་ཅིང་མཐོང་གྲོལ་རིན་པོ་ཆེའི་ཞལ་མཇལ་བ་ཆུད་མི་ཟ་བ་དང་། རང་རང་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གོང་ནས་གོང་དུ་སྤེལ་བའི་སླད་དུ་སོ་སོའི་ནུས་སྟོབས་འབྱོར་པས་ལྕོགས་ཚོད་ཀྱི་དགེ་རྩ་ཁས་ལེན་རེའང་སྙན་ལམ་དུ་འབུལ་བར་ཞུ། །གུ་ས་མཛད་པའོ། །སརྦ་མངྒ་ལཾ། །


previousམཐོང་གྲོལ་ཞྭ་དམར་ལོ་རྒྱུས།next