Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

22 occurrences of གསང་ཕུག་
[Clear Hits]


  
 
  
  
 
  
  
 
 
 
 
  
  
  
  
  
  
བླ་མ་དགོངས་འདུས་གཙོ་དགུ་བཀའ་གཏེར་སྲུང་བའི་དབང་པོ་གཉིས་དང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག་གི་གཙོ་བོ་སོ་སོའི་ཞལ་བྱང་།
  
  
  


22 occurrences of གསང་ཕུག་
[Clear Hits]

 
previousབླ་མ་དགོངས་འདུས་གཙོ་དགུ་བཀའ་གཏེར་སྲུང་བའི་དབང་པོ་གཉིས་དང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག་གི་གཙོ་བོ་སོ་སོའི་ཞལ་བྱང་།next

བླ་མ་དགོངས་འདུས་གཙོ་དགུ་བཀའ་གཏེར་སྲུང་བའི་དབང་པོ་གཉིས་དང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག་གི་གཙོ་བོ་སོ་སོའི་ཞལ་བྱང་།


LT38_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་འདུས་གཙོ་དགུ་བཀའ་གཏེར་སྲུང་བའི་དབང་པོ་གཉིས་དང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག་གི་གཙོ་བོ་སོ་སོའི་ཞལ་བྱང་། འོད་དཔག་མེད་པ་རྒྱལ་བའི་མཚན་ཐོས་ཤིང་། །དྲན་པས་གྲོལ་བ་སྨོན་ལམ་སྟོབས་ཀྱིས་འཕགས། །དེ་ཉིད་བླ་མ་ཡབ་ཡུམ་སྐུར་བཞེངས་པ། །དཀྱིལ་འཁོར་གཙོ་བོ་པདྨ་བཛྲར་འདུད། །འགྱུར་མེད་བདེ་བ་ཆེན་པོའི་རྡོ་རྗེ་ཡང་། །འཁོར་འདས་དབང་སྡུད་མ་ཆགས་པདྨའི་སྐུ། །ཁྲག་འཐུང་རིགས་ཀྱི་བདག་པོ་དཔལ་ཆེན་པོར། །གུས་པས་འདུད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །རི་བོ་ཏ་ལར་པད་ཅན་ཚེ་ལམ་གྱིས། །འཆི་མེད་རིགས་ཀྱི་བདག་པོའི་སྐུར་བཞེངས་ནས། །འཁོར་བ་ཇི་སྲིད་རྡོ་རྗེའི་ལུས་ཀྱིས་འཇུག །བུདྡྷ་ཐོད་ཕྲེང་རྩལ་དང་མཚུངས་པར་ཤོག །གང་འདུལ་འཕྲུལ་མཚན་བཞི་བཅུའི་ཡི་གེ་དང་། །རྨད་བྱུང་སྤྲུལ་པའི་མཚན་བརྒྱད་སྤྲོ་བའི་གཞི། །སྐུ་ལྔ་རིགས་ཀྱི་ཁྱབ་བདག་གདོད་ནས་གྲུབ། །མི་བསྐྱོད་འཇམ་དཔལ་རྡོ་རྗེས་རྗེས་འཛིན་མཛོད། །སྙིང་རྗེ་ཆེན་པོའི་སྤྱན་རས་གཟིགས་པ་ན། །དུས་གསུམ་རྒྱལ་བ་སྲས་བཅས་ཕྲིན་ལས་སྤྲོ། །ཁྱད་པར་མཐའ་འཁོབ་གསལ་བའི་ཉིན་བྱེད་དེ། །པདྨ་དབང་ཆེན་བདག་སོགས་ལམ་སྣ་དྲོངས། །དབུས་འགྱུར་འཆང་དུ་རྡོ་རྗེ་ལྟ་བུ་ཡི། །ཏིང་ངེ་འཛིན་


LT38_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདུད་བཞི་རབ་བཅོམ་ནས། །རྒྱལ་བ་ཀུན་གྱི་གསང་བར་ལྷན་ཅིག་ཞུགས། །རིག་འཛིན་ཐོད་པ་རྩལ་དང་དབྱེར་མེད་ཤོག །དཀྱིལ་འཁོར་ཀུན་བདག་པདྨ་ཧེ་རུ་ཀ །འཇིགས་བྱེད་རྡོ་རྗེ་སྲིན་པོའི་གར་བརྒྱ་ཡིས། །མི་སྲུན་གདུག་པ་འདུལ་མཛད་ཆེ་བཙན་མཆོག །དམར་ནག་མེ་ཕྲེང་ཅན་གྱིས་བར་ཆད་སོལ། །འོག་མིན་དུར་ཁྲོད་མེ་རི་འབར་བ་སོགས། །ཕྱི་ནང་གནས་ཡུལ་ཀུན་ཏུ་མངའ་མཛད་པ། །དཔའ་བོའི་དབང་ཕྱུག་མཁའ་འགྲོའི་དྲྭ་བ་སྡོམ། །བཅོམ་ལྡན་སངས་རྒྱས་ཐོད་པ་རྩལ་གྱིས་སྐྱོངས། །སྣང་བ་འགྱུར་མེད་བདེ་བའི་ལྷ་སྐུ་ནི། །རིག་པ་སྤྲོས་བྲལ་སྟོང་པའི་ཡེ་ཤེས་དང་། །སྙོམས་ཞུགས་གཏུམ་ཆེན་ཉི་མ་འབུམ་ཕྲག་གི། གཟི་འབར་དབང་ཆེན་རྟ་ཡི་ཞལ་ཅན་རྒྱལ། །མི་ཟད་རྒྱན་གྱི་འཁོར་ལོའི་གསང་བ་ལ། །སངས་རྒྱས་ཀུན་དང་མཉམ་པ་ཉིད་བརྙེས་པས། །གསང་རིག་གཟུངས་དང་གསང་བ་ཀུན་གྱི་བདག །ཁྲོ་རྒྱལ་གོས་སྔོན་ཅན་གྱིས་ཤིས་པ་སྩོལ། །བདུད་སྡེ་དམ་སྲི་བྱེ་བའི་སྙིང་ཁྲག་ནི། །ཧུབ་གཅིག་གིས་བཏུང་གདུག་པ་ཀུན་བཅོམ་པའི། །རྣམ་རྒྱལ་གད་རྒྱངས་སྲིད་གསུམ་ཁྱབ་པར་སྒྲོགས། །མིག་སྨན་མདོག་འཆང་དབང་ཆེན་ཁྲོས་པས་སྐྱོང་། །དམ་ཉམས་སྲོག་རྩ་དམར་ལ་རོལ་མོད་ཀྱང་། །དམ་ཚིག་ཅན་ལ་བུ་


LT38_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྙིང་བརྩེ་བ། །པདྨའི་བཀའ་སྡོད་གཏེར་སྐྱོང་གནོད་སྦྱིན་ཆེ། །བཙན་རྒོད་འབར་བས་སྒྲུབ་པོ་རྟག་ཏུ་སྐྱོངས།། ༈ །།བཀའ་བརྒྱད་གྲ་ཐང་སོ་སོའི་ཞལ་བྱང་ནི། ཞི་བའི་གཙོ་བོ་ལ། ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་དང་བཅས། །སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་ཕྱག་རྒྱར་བཞེངས། །གདན་གསུམ་འཁོར་འདས་དབྱེར་མེད་དཀྱིལ་འཁོར་བའི། །ཁྱབ་བདག་རྣམ་སྣང་ཡབ་ཡུམ་ཞབས་ལ་འདུད། །གཙོ་བོ་ཆེ་མཆོག་ལ། །དུག་ལྔ་རྒྱན་ཏུ་རོལ་པའི་བདུད་རྩི་ཡིས། །འཁྲུལ་དང་གྲོལ་བའི་དཀྱིལ་འཁོར་ཀུན་སྲོག་གསོ། །ཁྲག་འཐུང་ཡོངས་ཀྱི་ཆེ་མཆོག་དཔལ་ཆེན་པོ། །བདེར་འདུས་འཁོར་ལོའི་མགོན་པོར་ཕྱག་བགྱིའོ། །ཡང་དག་ལ། ཚོགས་བརྒྱད་རུ་དྲར་ཤར་བ་རྟོག་པའི་སྤྲིན། །རུ་ལུའི་དགོངས་པ་ནམ་མཁའི་ལྟོར་ཟོས་པས། །འཁྲུལ་གྲོལ་མཚན་མ་ཡང་དག་ཧེ་རུ་ཀ །མི་གནས་མི་དམིགས་ཐུགས་སུ་ཤར་དེར་འདུད། །འཇམ་དཔལ་ལ། མ་རིག་ཆུ་བོ་བཞི་ཡི་ཤུགས་བཟློག་པའི། །སྟོབས་ཆེན་འཁོར་ལོ་རྣམ་བཞི་དུས་གསུམ་བསྐོར། །འཆི་བདག་གཤིན་རྗེ་འཇོམས་བྱེད་ཧེ་རུ་ཀ །སྐུ་མཆོག་འཇམ་དཔལ་ཁྲོས་པའི་ཞབས་ལ་འདུད། །རྟ་མགྲིན་ལ། རྟ་སྐད་ཐེང་གསུམ་བླངས་པས་ཁམས་གསུམ་གྱི། །གཉིས་རྟོག་གཉིས་མེད་ངང་དུ་ཚར་བཅད་ནས། །སྣང་


LT38_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབྱིངས་སུ་དབང་སྡུད་གསུང་གི་ལྷ། །དབང་ཆེན་རྟ་མཆོག་དཔལ་ལ་ཕྱག་བགྱིའོ། །ཕུར་པ་ལ། དངོས་པོར་འཛིན་ཀུན་སྲིད་པའི་ཕུར་བུ་དང་། །དངོས་མེད་དབྱིངས་སུ་ཡེ་ཤེས་མཚོན་ཆེན་གྱིས། །ཐལ་འབྱིན་དམ་སྲིའི་སྙིང་ལ་རྡོ་རྗེའི་མེའི། །ཆར་འབེབས་བདུད་འདུལ་ཕུར་པའི་ལྷ་ལ་འདུད། །མ་མོ་ལ། རྩ་རླུང་བྱང་ཆུབ་སེམས་ཀྱི་དག་པ་ལས། །དབྱིབས་དང་ཡི་གེ་བདེ་ཆེན་འགྲོས་རྫོགས་པས། །རྟག་པའི་རྒྱལ་མོ་ཡོངས་ཀྱི་རྗེ་བཙན་མཆོག །བླ་མེད་ཧེ་རུ་ཀ་ལ་ཕྱག་བགྱིའོ། །རིག་འཛིན་ལ། ནང་རྒྱུད་འཁོར་ལོ་ཀུན་གྱི་མགོན་པོར་བཞུགས། །ལ་ལར་ཏནྟྲ་མཐའ་དག་ཞུ་ཞིང་སྡུད། །གསང་ཆེན་སྤྲོ་བསྡུའི་བྱེད་པོ་རྡོ་རྗེ་ཆོས། །རིག་འཛིན་སློབ་དཔོན་ཐོད་ཕྲེང་རྩལ་ལ་འདུད། །མཆོད་བསྟོད་ལ། མཐུ་སྟོབས་བཟོད་དཀའི་རྡོ་རྗེ་གདེངས་ཙམ་གྱིས། །ཡིད་སྲུབས་དྲེགས་པའི་སྲོག་གི་མངལ་རྒྱ་དྲལ། །རྒྱལ་བ་ཀུན་གྱི་སྟོབས་བཅུ་གཅིག་བསྡུས་པ། །འཇིགས་བྱེད་དྲེགས་པ་ཀུན་འདུལ་ལ་ཕྱག་འཚལ། དྲག་སྔགས་ལ། དོན་དམ་ཡེ་ཤེས་འགྱུར་མེད་མཐུ་གྲུབ་ཅིང་། །ཀུན་རྫོབ་དྲག་སྔགས་དམོད་པའི་ཁ་རླངས་ཅན། །ཀུན་གྱི་ཆེ་བཙན་ཟླ་བྲལ་མིག་སྨན་མདོག །ཁྲག་འཐུང་སྟོབས་ལྡན་ནག་པོར་ཕྱག་བགྱིའོ། །བཀའ་སྲུང་གཙོ་བོ་ལ། རིག་པའི་རྩལ་སྣང་བདུན་བརྒྱ་ཉེར་ལྔའི་


LT38_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །གང་འདུལ་རྣམ་པར་འཕྲུལ་བ་དང་པོའི་མགོན། །མཐུན་པས་མཐུན་པ་འདུལ་ཕྱིར་དཔལ་གྱི་སྐུ། །གདོད་མའི་ཆེ་མཆོག་ཧེ་རུ་ཀ་ལ་འདུད།། །།


previousབླ་མ་དགོངས་འདུས་གཙོ་དགུ་བཀའ་གཏེར་སྲུང་བའི་དབང་པོ་གཉིས་དང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག་གི་གཙོ་བོ་སོ་སོའི་ཞལ་བྱང་།next