Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

6 occurrences of བྱམས་པ་གླིང་
[Clear Hits]


  
expand section
  
collapse section
  
  
  
 collapse section
ཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླངས་ཚུལ།
 
 
 


6 occurrences of བྱམས་པ་གླིང་
[Clear Hits]

 
previousཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླངས་ཚུལ།next

ཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླངས་ཚུལ།


MLP003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླངས་ཚུལ་ནི། སྤྱིར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་བསྒྲུབ་ཅིང་ཉམས་སུ་ལེན་པ་ཡིན་པ་ལྟར། འཁོར་བའི་ཉེས་དམིགས་བསམ་ཞིང་མི་རྟག་འཆི་བ་དྲན་པའི་སྐྱོ་ཤས་ཀྱིས་བསྐུལ་ཏེ། དཀོན་མཆོག་ཀུན་འདུས་བླ་མ་དམ་པ་ལ་སེམས་རྙོག་པ་མེད་པར་དྭངས་བའི་དད་པ་དང་། ལས་འབྲས་མི་བསླུ་བར་ཡིད་ཆེས་ཀྱི་དད་པ་དང་། གཞན་དོན་དུ་བླ་མེད་བྱང་ཆུབ་ཐོབ་འདོད་སྐོམ་པ་ཆུ་ལ་གདུངས་པ་ལྟ་བུ་འདོད་པའི་དད་པ་སྟེ། དེ་ལྟར་དད་པ་གསུམ་གྱིས་ཡིད་དམ་པའི་ཆོས་ལ་འདུན་པའི་སྒོ་ནས། བསམ་པའི་གོ་གྱོན་ཞིང་། སྦྱོར་བས་དགེ་བ་སྒྲུབ་པ་ལ་འཇུག་པའི་བརྩོན་འགྲུས་དང་། དགེ་བའི་སེམས་ཀྱིས་དམིགས་ཡུལ་དང་། བླང་དོར་མི་བརྗེད་པའི་དྲན་པ་དང་། དམིགས་ཡུལ་ལས་གཞན་དུ་མི་ཡེངས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་རྣམས་ཅི་ཚང་གིས་ཉམས་སུ་ལེན་པ་ལ་སྤྲོ་བ་བརྟས་པར་བགྱིས་ཤིང་། ཁྱད་པར་རང་ལོ་ཉེར་བདུན་པ་ལྕགས་སྤྲེའི་ལོ་ལ་ཏྲེ་བོ་སྤྲུལ་པའི་སྐུ་དང་མཉམ་དུ་རྗེ་བླ་མ་དམ་པ་ལས་རིག་འཛིན་ཐུགས་ཐིག་གི་བཀའ་ཁྲིད་ཞུས་ཏེ་ལེགས་པར་བསྒོམས་པས་རྣམ་རྟོག་རི་གཟར་གྱི་འབབ་ཆུ་ལྟ་བུས་སྒོམ་རང་མི་སྐྱེ་བ་འདྲ་སྙམ་པའི་གུ་དོག་གི་བློ་ཙབ་ཙུབ་ཅི་དྲག་ལངས་པར་གྱུར་པ། ཕྱིས་བལྟས་ན་རྣམ་རྟོག་ངོ་ཤེས་ཀྱི་ཉམས་ཀྱི་སྣེ་ཟིན་པ་འདྲའང་ངོ་སྤྲོད་ཀྱི་ཞལ་ཏ་ཞུ་ནུས་པ་མ་བྱུང་། དེ་རྟིང་ཤིང་ཕོ་བྱི་བའི་ལོ་བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན་ལས་ནི་གུ་ཆོས་དྲུག་གི་ཁྲིད་དང་། དིང་རི་བ་བློ་གྲོས་བརྟན་པར་ཞི་བྱེད་བཀའ་བབས་གསུམ་གྱི་ཁྲིད་ཚང་མ་དང་། ཁྱད་པར་སོ་ཁྲིད་དང་ལམ་ལྔའི་ནང་ནས་ཚོགས་ལམ་གྱི་ཁྲིད་ཉམས་ཁྲིད་དུ་བསྐྱངས་ལོ་བྱས། མེ་སྟག་ལོར་ཆོས་སྐྱོང་རྒྱལ་མཚན་སླར་ཡང་དགོན་པར་ཕེབས་པར་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་


MLP003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ནས་འབད་པ་ཆེན་པོས་མཚམས་བཅད་དེ་སྒོམ་པས་ཞི་གནས་ཀྱི་ཉམས་ཅུང་ཟད་སྐྱེས། ལོ་དེ་ཁའི་མཇུག་ཏུ་ཆོས་སྐྱོང་རྒྱལ་མཚན་དང་མཉམ་དུ་རྗེ་བླ་མ་དམ་པའི་དྲུང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་མ་བུ་ཚང་མ་ཞུས་ཤིང་། ཁྱད་པར་རྩ་ཁྲིད་ལ་སྙིང་རུས་བསྐྱེད་ནས་སྒོམ་པས་རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་བྱེད་བཅིངས་ཀྱིས་རྩ་རླུང་ཐིག་ལེ་དབུ་མར་དྭངས་པའི་ལག་རྗེས་སྟོང་གཟུགས་ཀྱི་རྣམ་པ་བདེ་སྟོང་གི་རོལ་མོར་འཆར་བར་བཤད་པ་ལྟར། མི་གཡོ་གསུམ་ལྡན་གྱིས་བཙན་ཐབས་ཀྱི་གནད་ལ་བརྟེན་ནས་ཅི་རིགས་ཤར་ཞིང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རང་རིག་དང་དབྱེར་མེད་དུ་རྟོགས་པའི་ཉམས་མྱོང་གིས་ཡིད་ལ་སིམ་པ་ཐོབ་པ་ཞིག་མ་མཆིས་རུང་། རྫོགས་རིམ་གྱི་གནད་རང་རིག་ཀ་དག་གི་གཤིས་ལུགས་འགྱུར་མེད་སྤྲོས་བྲལ་དང་། དེའི་རྩལ་སྣང་ཆོས་ཀུན་རིས་མེད་སྒྱུ་མ་ལྟ་བུའི་རོལ་པར་མ་འགགས་པས་དོན་ལ་སྣང་རིག་ངོས་བཟུང་དང་བྲལ་བ་ལ་གོ་བའི་ངེས་ཤེས་བརྟན་པོ་རྙེད་དེ། སྣང་བ་རང་ག་མའི་བདེན་ཞེན་གྱི་འཁྲི་བ་དམ་སྒྲིམ་མེ་བ་ལ་ནན་བརྩིར་བྱེད་དགོས་པ་རང་མ་མཆིས་ཙམ་དང་། སྒྱུ་འདྲའི་འཁོར་བར་སྒྱུ་མ་ལྟ་བུའི་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་རྣམས་ལ། དེས་དྲངས་པའི་དམིགས་མེད་ཀྱི་སྙིང་རྗེའི་འཆར་སྒོ་ཡང་རྐྱེན་ལ་བརྟེན་ནས་ཡད་ཡུད་འཆར་འཆར་འདྲ་བ་སོགས་སྣང་ཡང་། གོ་བ་ཙམ་ལས་ཉམས་མྱོང་དང་རྟོགས་པས་ཕུ་ཐག་ཆོད་པ་ཞིག་དཀའ་བར་མཆིས་ཀྱང་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་མི་འགྲོའི་གནད་ཀྱི་བླང་དོར་གྱི་ཚུལ་ཅུང་ཟད་ངེས་སོ། །ཕྱིས་སུའང་རྗེ་བླ་མ་དམ་པ་ལས། སྙིང་ཐིག་རྣམ་གཉིས་དང་། ཀུན་བཟང་དགོངས་འདུས། ཨ་ཏི་ཟབ་དོན་སྙིང་པོ། རྡོར་སེམས་ཀྱི་ཁྲིད་མ་བུ། ཀློང་སྡེ་རྡོ་རྗེ་ཟམ་པ། མདོ་སྒྱུ། དོང་སྤྲུགས། ཁྲོས་ནགགཅོད་ཁྲིད་སོགས་བཀའ་གཏེར་གྱི་ཟབ་ཁྲིད་མང་དུ་ནོད་ཅིང་། རེ་རེ་ནས་ཉམས་ལེན་ལ་བརྩོན་པ་བྱེད་ལོ་བྱས་པས་རང་བློ་དང་འཚམས་པར་བོགས་ཅུང་ཟད་ན་འཕར་ཞིང་སྐྱེས་ལ། དེ་ལས་གཞན་དུ་གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱལ་མཚན་ལས་སྦྱོར་དྲུག་གི་སོར་སྡུད་ཉིན་མཚན་གྱི་རྣལ་འབྱོར་


MLP003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་ཉམས་ཁྲིད་དུ་ཐོབ་ཅིང་། དམ་པོ་འདེབས་པའང་ལག་ལེན་དུ་བཏབ་མོད། འཆར་སྒོ་རང་ནི་རྩལ་ཧ་ཅང་ཆེ་བ་མ་བྱུང་། གང་ལྟར་ཡང་རང་སྙིང་རུས་ཆུང་བས་སྒོམ་དང་གང་ཟག་ཡ་བྲལ་དུ་སོང་བ་མ་གཏོགས། བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་ཟབ་ལམ་གྱི་གནད་རྣམས་ཉམས་འོག་ཏུ་ཆུབ་པའི་ངེས་ཤེས་ཅུང་ཟད་ཐོབ་པ་ཡིན་ནོ། །དེ་བཞིན་དུ་རྒྱལ་བས་གསུངས་པའི་ཆོ་ག་བཞིན་དུ་རང་འབྲས་ཀྱི་ཁྱད་པར་སྔགས་མཐུའི་ནུས་པ་དང་། ངོ་བོ་ཞུ་བདེའི་བདེ་སྟོང་གི་རང་བཞིན། བྱེད་ལས་དག་རྫོགས་སྨིན་གསུམ་ཚང་བ་སྟེ། ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གྱི་གནད་ལའང་གོ་བ་ཙམ་སྐྱེས་པ་ལྟར་མོས་སྒོམ་གྱིས་སློབ་ལོ་བགྱིས་ཤིང་། དེའི་ཐུན་མཚམས་ཀྱི་རྣལ་འབྱོར་དང་འབྲེལ་བའི་བཟླས་བརྗོད་ཀྱང་། ཤིང་ཕོ་ཁྱིའི་ལོར་མཁའ་སྤྱོད་བདེ་ཆེན་གླིང་དུ་མཚམས་ཟླ་བ་ལྔ་ལྷག་ཙམ་ཞིག་བཅད་དེ། བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་སྨིན་པར་བྱས་ཤིང་། དེ་ནས་བཟུང་སྟེ་ཕྱི་སྒྲུབ་ཀྱི་རྒྱུན་བཟླས་ཀྱང་སྟོང་ཕྲག་རེ་མ་ཆག་པར་བགྱིས་པས་ཁྱོན་བསྡོམས་ཀྱི་གྲངས་སྔོན་འགྲོའི་སྐྱབས་འགྲོ་བདུན་ཁྲི། སེམས་བསྐྱེད་དྲུག་ཁྲི་དགུ་སྟོང་། ཡིག་བརྒྱ་ཉིས་འབུམ་དྲུག་སྟོང་ལྔ་བརྒྱ། མཎྜལ་བདུན་ཁྲི་དགུ་བརྒྱ། ཡན་ལག་བདུན་པ་དང་གསོལ་འདེབས་དྲུག་ཁྲི་བཞི་སྟོང་དགུ་བརྒྱ་རྣམས་དང་། ཡིག་བཅུའི་ངག་བཟླས་བྱེ་བ་བརྒྱད། ས་ཡ་དྲུགའབུམ་ཚོ་བརྒྱད་ཁ་ལོངས་པ་དང་བཅས་པ། ཡིད་བཟླས་ལྔ་ཁྲི་སུམ་སྟོང་བརྒལ་ཙམ། རྟ་ཡུམ་གཉིས་རེ་རེར་བརྒྱད་འབུམ་ཆིག་ཁྲི། འཁོར་སྔགས་ཉིས་འབུམ་ཉི་ཁྲི། བྱིན་བསྡུ་དྲུག་ཁྲི་དགུ་སྟོང་། ཕྱི་སྒྲུབ་དང་སྦྱར་བའི་རྡོར་བཟླས་ཉིས་འབུམ་བརྒྱད་ཁྲི་བདུན་སྟོང་རྣམས་བཟླས། དེ་བཞིན་དུ་ཐུགས་ཐིག་གི་སྔོན་འགྲོའི་ཡིག་བརྒྱ་དྲུག་ཁྲི་ལྔ་སྟོང་ལྷག་ཙམ་དང་། ཕྱི་སྒྲུབ་ཀྱི་བཟླས་པ་ས་ཡ་གཅིག་བཞི་འབུམ་དྲུག་ཁྲི་དགུ་སྟོང་། སྒྱུ་འཕྲུལ་ཞི་བ་ཕྱག་རྒྱ་གཅིག་པའི་ཡབ་ཡུམ་གྱི་སྔགས་སོ་སོ་དྲུག་ཁྲི་ཉིས་སྟོང་དང་། སྤྱི་སྔགས་དྲུག་ཁྲི་ལྔ་སྟོང་། འདུས་པ་མདོའི་སྤྱི་སྔགས་ཆིག་འབུམ་དྲུག་ཁྲི། མ་ཏི་ལུགས་ཀྱི་འཇམ་དཀར་ལ་ལྔ་འབུམ་བཞི་ཁྲི། རྟ་ནག་ལྕགས་རལ་ཅན་ལ་འབུམ་ཕྲག་བཅུ་གསུམ་ལྷག་བཅས། ཉང་གི་ཁྲོས་


MLP003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ལ་འབུམ་ཕྲག་གསུམ། ཕག་དཀར་ཤེས་རབ་གསལ་བྱེད་ལ་འབུམ་ཚོ་ལྔ། དབྱངས་ཅན་མ་དཀར་མོར་སུམ་འབུམ། ན་རག་དོང་སྤྲུགས་ཀྱི་ཡིག་བརྒྱ་ཆིག་ཁྲི། བཀའ་བརྒྱད་གཙོ་དགུ་དང་ཤངས་ལུགས་རྒྱུད་སྡེ་ལྔ་ལའང་འབྲེལ་པ་ཙམ་རེ་བཟླས་ཏེ། དེ་རྣམས་ཤིང་བྱ་ཡན་ཆད་ལས་ཕྱིས་རྣམ་གཡེང་གིས་ཆག་ཅིང་། ད་ལྟའི་ཆུ་སྦྲུལ་ཟླ་བ་དྲུག་པའི་ཚེས་བཅུ་ཡན་ལ་ཆག་མེད་བཟླས་པའི་གྲངས། ཐུགས་རྗེ་ཆེན་པོ་སྔར་སོང་བ་ལྟར་དང་། གཞན་ཡང་གར་དབང་ཚེ་དཔག་མེད་ཀྱི་ཕྱི་སྒྲུབ་ཀྱི་བཟླས་པ་སུམ་འབུམ་སུམ་ཁྲི། ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་བཟླས་པ་ས་ཡ་གཅིག་དང་བཞི་ཁྲི། བླ་མ་དྲག་པོར་སུམ་འབུམ་ཁ་ལོངས་བཅས། རྡོར་སེམས་ཀྱི་ཡིག་དྲུག་སུམ་འབུམ་དང་ཡིག་བརྒྱ་དྲུག་ཁྲི། ཞི་བྱེད་ཚོགས་ལམ་གྱི་བཟླས་པ་ས་ཡ་གཅིག་དང་ཆིག་འབུམ། དཀའ་ཐུབ་ཉིས་འབུམ། རྗེས་དང་རོ་སྙོམས་གཉིས་ལ་ཆིག་འབུམ་རེ། བྱ་བྲལ་ལ་བརྒྱད་ཁྲི་ཙམ་ཞིག་དང་། གཤིན་རྗེ་འཇོམས་བྱེད་ཀྱི་སྔགས་ཚན་བཞི་ཡང་འབྲེལ་པ་ཙམ་ཞིག་བཟླས་པ་སོགས་ཟླ་སྦྲེལ་གྱི་མཚམས་དང་། རྒྱུན་བཟླས་ཆག་མེད་སྲོལ་དུ་བཅུག་སྟེ་དཀར་པོའི་ལས་ཀྱི་བག་ཆགས་ཀུན་གཞི་ལ་ཅུང་ཟད་བཞགགཞན་ཡང་ཡོས་ལོའི་ནང་དུ་རླུང་འཐེམས་པའི་འཆི་ལྟས་གསལ་བར་རྡོར་བཟླས་འབུམ་ཕྲག་གསུམ་བཟླས་པས་སོར་ཆུད་པར་གྱུར་ཅིང་། ཤིང་བྱ་ལོར་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་མཚམས་དང་སྦྱར་ནས་རྡོར་བཟླས་ཆིག་འབུམ་བདུན་ཁྲི་དགུ་སྟོང་ཙམ་བཟླས་པ་ལའང་རྟགས་མཚན་ལེགས་པར་གཏོགས་པ་ཙམ་བྱུང་ངོ་། །ཉིན་ཞག་ཕྲུགས་རེར་ཐུན་དྲུག་གསོལ་འདེབས། ཞོགས་པར་ཆུ་སྦྱིན། ཛམ་ལྷ། དཀར་ཆ་བཞི། བརྒྱ་རྩ། འབྱུང་བཞི། ཆ་གསུམ། གཞི་བདག་དང་། བརྟན་གཏོར། ཁ་འབར་མ་དཀར་མོའི་གཏོར་མ་རྣམས་དང་། དེ་རྗེས་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་སྔགས་སྡོམ་བཟུང་ཞིང་། རྣམ་འཇོམས་ལྟུང་བཤགས་སོགས་ཁ་ཏོན་ཅི་རིགས་དང་། རེས་ཚེ་མདོ་སྒྲོགས་པ་སོགས་བྱས་རྗེས་ཉིན་པར་ལྟ་རྟོགརྩོམ་པ། འཆད་ཉན་སོགས་ཆོས་སྤྱོད་ཅི་འགྲུབ། སྔ་དགོང་ཆག་མེད་ཀྱི་རྒྱུན་བཟླས་རྣམས་དང་། རླུང་སྦྱོར་སོགས་དུས་གནད་དམིགས་སུ་གང་འགྲོའི་དགེ་སྦྱོར། མཚན་


MLP003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དམ་ཅན་སྤྱི་གཏོར་རྗེས་འབྲང་དང་བཅས་པའི་སྟེང་། སྒོས་སུ་དྲག་པོ་སྡེ་ལྔ། སྔགས་སྲུང་མ། ལྷ་ཆེན། དུར་ཁྲོད་མ་མོ་རྣམས་ཀྱི་གཏོར་ཆོགགཞན་ཡང་ཕྱག་དྲུག་པ། ཨ་གྷོ་ར། ཤ་ཟ་ཁ་མོ་ཆེ། བརྟན་མ། མཁའ་འགྲོ་སྤྱི་གཏོར་བཅས་གཏོར་བསྔོའི་རིམ་པ་དང་དཀར་འགྱེད་དང་འཆི་བསླུའི་དམིགས་པ་རེ། ནངས་ནུབ་ཉལ་ལྡང་གི་རྣལ་འབྱོར་མཚན་བཅས་མཚན་མེད་གང་བདེ་རེ་ལ་བསྒྲིགས་སུ་ཆུབ་པ་བགྱིས་སོ། །མདོར་ན་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་བབས་ཀྱི་བསམ་གཏན་གྱི་ངང་ལ་འཇོག་ལོ་ཙམ་དང་། དེ་ལྟར་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་རྩལ་སྣང་ལྷ་སྐུར་ལངས་ཏེ། རེས་འགའ་དེའི་ངང་ལ་འཇོག་པ་རྣམས་ཅི་རིགས་སུ་སྒོམ་ཞིང་། རྗེས་ཤེས་ཀྱི་གནས་སྐབས་ཀུན་ཏུ་ཤེས་བཞིན་གྱི་དྲན་པས་ཅི་སླེབས་ཀྱིས། གཙོ་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པར་རེ་ལྟོས་བཅས་ནས་ཐུགས་ཅི་ཟིན་དང་ཅི་མཉེས་ལྷུར་ལེན་པས་བཀའ་ལུང་ལས་ནམ་དུའང་མི་འགོངས་པའི་ཞེ་དམ་དང་། བསམ་བྱུང་གི་ཡོན་ཏན་སྔར་ཤེས་རྣམས་གོང་དུ་འགྱུར་ཅི་ཐོན་གྱི་འབད་རྩོལ་ནན་ཆགས་དང་། སྔར་འདྲིས་ཀྱི་མི་ལ་གཞུང་བཟང་གིས་མི་བྱོལ་ཞིང་། ཕྱིས་ནས་གསར་འགྲོགས་ཀྱི་ངོ་ཤེས་མང་པོ་མི་འཚོལ་བ་དང་། རང་གཞན་གྱི་གྲུབ་མཐའ་དང་བཤེས་གཉེན་ཀུན་ལ་དག་སྣང་སྦྱོང་ཅི་ཐུབ་ལས་ཕྱོགས་རིས་ཀྱི་ཆགས་སྡང་མི་བྱ་བ་དང་། ཚེ་འདི་ལྟས་ཀྱི་སྣང་བ་ལ་ཧ་ཅང་དངོས་ཞེན་ཆེ་བ་མི་བྱེད་པའི་ཞེ་དམ་གྱིས། ས་འདིར་དུས་རྟག་པར་བཟོ་གྲྭ་མི་ཆག་པ་སོགས་རྐྱེན་འཛོམ་ཡང་། རི་མོ་ཙཀླི་རེ་ཙམ་ཡང་འབྲིར་བསྐུལ་བ་སོགས་ཉེར་མཁོའི་བཟོ་ཕྲན་མི་འཆོལ་བར་གང་བྱུང་ཙམ་གྱིས་ཆོག་ཚོད་ཟིན་པར་བྱ་བ་དང་། གྲྭ་རིགས་ཡོན་བདག་ཀུན་ལ་ཉེ་འགྱང་གི་ཕྱོགས་རིས་སྤངས་ཏེ་དབུ་མའི་ལམ་ལ་གནས་པ་དང་། སྒེར་ལྟོས་ཀྱི་གང་ཟག་ཉི་ཚེའི་དོན་ལ་ཇུ་གལ་གྱི་གཤགས་དང་བཞི་སྡེ་བསྙེན་རྫོགས་བཤད་པ་བྱེད་པའི་ཞུ་སྣེ་སྦྱོར་བ་སོགས་བྱ་བྱེད་མང་པོ་ལ་མི་འཇུག་པ་དང་། དགེ་འདུན་སྤྱི་དང་འབྲེལ་པའི་སློབ་གྲྭ་སྒྲིག་གནོན་སོགས་ལ་རང་ནུས་པ་ཞན་པས་ཤོགས་འཐོན་པ་དཀའ་ཡང་ལྷག་བསམ་བཟང་པོས་ཁ་བཅོས་འགྲོ་བ་ཐམས་ཅད་ལ་བསྐུལ་
ནས་རང་ནུས་གང་འཐོན་བྱེད་པ་དང་། གཞིས་བྱེས་ཀྱི་བསྔོ་རྟེན་དང་འབུལ་བ་སོགས་གཉེར་ཕྱག་གང་དུ་འགྲོ་བའི་དམིགས་གང་ཡིན་དེར་བློ་གཙང་གིས་སྟོབ་སྟེ། རང་ལེ་ལོ་ཅན་ལ་བུ་ལོན་དུ་འགྱུར་བའི་ཉེས་ཆེན་ལས་བསྲུངས་བར་བྱས་ཤིང་། དེ་ལྟར་བྱས་པས་ཤིང་ཁྱིའི་ལོ་ཙམ་ནས་བཟུང་ཞར་བྱུང་གི་ཡོ་བྱད་ཀྱང་འབད་མེད་དུ་འདུ་བ་བྱུང་སྟེ། ལྷའི་བུའི་བདུད་ཀྱི་མགོ་སྐོར་མ་ཡིན་པར་མཆོག་གསུམ་གྱི་ཐུགས་རྗེ་ལས་བྱུང་བ་ཡིན་ན་འཚེངས་པར་སྣང་ངོ་། །


previousཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླངས་ཚུལ།next