Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
གསུམ་པ་བཏགས་པའི་དགོས་པ།
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགསུམ་པ་བཏགས་པའི་དགོས་པ།next

གསུམ་པ་བཏགས་པའི་དགོས་པ།

གསུམ་པ་བཏགས་པའི་དགོས་པ་ལ།

རྒྱ་སྐད་བོད་སྐད་གཉིས་ཀ་ཐོག་མར་སྨོས་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ནི། ཆོས་ཁུངས་བཙུན་པར་ཤེས་པ་དང༌། གཞུང་འདི་ལ་སཾ་སྐྲི་ཏའི་སྐད་དུ་མིང་འདི་སྐད་ཟེར་ཞེས་བརྡ་ཤེས་པར་འགྱུར་བའོ། །གཉིས་པ་ནི། ཚིག་གཟུང་བདེ་ཞིང་དོན་རྟོགས་སླ་ལ་གཞུང་འདི་ལ་བོད་སྐད་དུ་མིང་འདི་སྐད་ཟེར་ཞེས་བརྡ་ཤེས་པར་འགྱུར་བའོ། །གསུམ་པ་ནི། སྤྱིར་མཚན་ཐོག་མར་སྨོས་པས་གླེགས་བམ་བཙལ་སླ་ཞིང་སྐད་གཉིས་ཀྱིས་དོན་གཅིག་བརྗོད་པར་མཐོང་བས་སྐད་གཉིས་རྣམ་གྲངས་སུ་ཤེས་ལ་སྒྲ་མི་ཤེས་པས་མི་གོ་བའི་ལེགས་སྦྱར་གྱི་སྐད་སོགས་རང་གིས་གོ་བའི་བོད་སྐད་དུ་བསྒྱུར་བས་སྒྱུར་བྱེད་ལོ་ཙཱ་བ་ལ་བྱས་པ་ཤེས་ཤིང་དྲིན་གཟོ་སྐྱེ་བའི་དགོས་པ་ཡོད་དོ། །དེ་ལྟར་ཉ་ཊཱིཀ་ལས་བཤད་པ་ལྟར་རྒྱན་གྱི་ས་འགྲེལ་ལས། དགོས་པ་ལའང་སྤྱིར་མིང་བཏགས་པ་ཐམས་ཅད་ཀྱི་དགོས་པ་ནི་གང་ལ་བརྡ་སྦྱར་བ་དེའི་དོན་བདེ་བླག་ཏུ་གོ་བ་སྟེ། མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟར་རོ། །ཁྱད་པར་བརྗོད་བྱ་དང་མཐུན་པར་བཏགས་པ་ནི་བསྟན་བཅོས་ཀྱི་སྤྱིའི་རྣམ་པ་ཙམ་གོ་བ་ཡིན་ལ། ཀླད་དུ་སྨོས་པ་དང་རྒྱ་སྐད་བོད་སྐད་གཉིས་ཀ་སྨོས་པ་ནི་བདེ་བླག་ཏུ་རྟོགས་པ་དང་སྒྱུར་བ་པོའི་བཀའ་དྲིན་དྲན་པ་དང་ཕལ་ཆེར་འབྱུང་ཁུངས་བཟང་བར་ཤེས་པ་ལ་སོགས་པའི་ཆེད་དུའོ། །ཞེས་གསུངས་སོ། །བམ་པོ་ནི། སིལ་བུ་མང་བོ་ཕྱོགས་གཅིག་ཏུ་བསྡོམས་པའི་བརྡ་རྙིང་སྟེ་དེ་ལ་བམ་པོ་ཆེ་བ་ཤླཽ་ཀ་སྟོང་གི་སུམ་ཆ་ལ་བྱས་པ་དང་ཆུང་བ་ཤླཽ་ཀ་སུམ་བརྒྱ་ལ་བྱས་པ་གཉིས་གཙོ་ཆེ་ཞིང་གཞན་ཡང་ཡོད་དོ། །ཤླཽ་ཀ་ནི་ཚིགས་བཅད་ཡིན་ན་རྐང་བ་བཞིའོ། །ལྷུག་པ་ཡིན་ན་ཚེག་བར་སོ་གཉིས་ལ་ཤླཽ་ཀ་གཅིག་ཏུ་བགྲང་ངོ༌། །དགོས་པ་གཞུང་ཚད་མང་ཉུང་རྟོགས་པ་དང་གཞུང་ཚིག་ལ་སྒྲོ་སྐུར་སྤང་བའི་ཕྱིར་ལོཙྪ་བས་བྱས་ཀྱི་རྒྱ་དཔེ་ལ་བམ་པོ་ཞེས་པ་མེད་དོ། །མངོན་རྟོགས་རྒྱན་ལ་བམ་པོ་གཉིས་ཞེས་བུ་སྟོན་ཆོས་འབྱུང་ལས་གསུངས་སོ། ། གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནི། མ་རིག་པའི་གཉིད་ལས་ས༷ངས་ཤིང་ཤེས་བྱ་ལ་བློ་རྒྱ༷ས་པས་ན་སངས་རྒྱས་ཏེ་བུད་དྷ་ཞེས་པ་གཉིད་སངས་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་ཅིང་སྔོན་གྱི་ལོཙྪ་བས་གཉིས་ཀ་བསྡོམས་ནས་བསྒྱུར་བའོ། །སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པད་མ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་པ་ལྟར་རོ། །ཡང་ན་སྒྲིབ་གཉིས་ཀྱི་ཚོགས་སངས་ནས་བློ་རྒྱས་པས་ན་སངས་རྒྱས་སམ། མ་རིག་པའི་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་བསྐྱབས་པའི་ཕྱིར་སད་པར་མཛད་པའམ་སྒྲིབ་པ་མ་ལུས་པ་བསལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་རྒྱས་པས་ན་སངས་རྒྱས་ཞེས་འཕགས་པ་ཐོགས་མེད་ཀྱིས་སངས་རྒྱས་རྗེས་དྲན་གྱི་འགྲེལ་བར་གསུངས་སོ། །ད༷ང་ནི་སྡུད་ཚིག་གོ །བདག་མེད་གཉིས་དང་རང་གཞན་གྱི་དོན་གཉིས་དང་ཀུན་བྱང་གི་དོན་ཀུན་དང་མྱང་འདས་ཐོབ་པས་མི་ཟད་པའི་རྟོགས་པ་དང༌། གདུལ་བྱ་འདུལ་བའི་ཐབས་རྟོགས་པས་ན་བྱང་སེམས་ཏེ། དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང༌། །དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང༌། །ཐབས་རྣམས་རྟོགས་པར་འགྱུར་བའི་ཁྱད་པར་རྒྱུ། །དེས་ན་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཞེས་བྱའོ། །ཞེས་སོ། །ཡང་ན་བྱང་ཆུབ་ཏུ་སེམས་པས་ན་བྱང་ཆུབ་སེམས་དཔའ་འོ། །གནོད་འཇོམས་སུ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་བྱང་ཆུབ་སེམས་དཔའ་འོ། །ཞེས་སོགས་དང༌། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་པས་བྱང་ཆུབ་སེམས་དཔའ། སྙིང་རྗེས་སེམས་ཅན་ལ་དམིགས་པས་སེམས་དཔའ་ཆེན་པོ་ཞེས་འགྲེལ་ཆེན་སོགས་ལས་མང་པོ་བཤད་དོ། །དེ་དག་ཐ༷མས་ཅ༷ད་ལ༷འོ། །གང་གིས་ན་ལོཙྪ་བས་སོ། །གང་གི་ཚེ་ན་བསྒྱུར་བའི་ཐོག་མར་རོ། །གང་གི་དོན་དུ་ན། གནས་སྐབས་དང་མཐར་ཐུག་གི་དོན་མཐའ་དག་འགྲུབ་པ་དང༌། ཁྱད་པར་དུ་འགྱུར་མཐར་ཕྱིན་པར་བྱ་བའི་ཕྱིར་ཡིན་པར་ཉ་ཊཱིཀ་ལས་སོ། །འགྱུར་ཕྱག་མང་པོ་ཞིག་སྔོན་གྱི་བཀས་བཅད་ལྟར་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཡིན་ལ། དེར་ངེས་པ་ནི་མ་ཡིན་ཏེ། ཉ་ཊཱིཀ་ལས།འདི་དག་སྡེ་སྣོད་ངོས་འཛིན་དུ་འཆད་པ་ནི་ནོར་ཏེ་ངག་ལས་ཤེས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། འདི་ལ་ཁ་ཅིག་ཐམས་ཅད་མཁྱེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ནོ་ཞེས་ཀྱང་གསུང་མོད། སྔོན་དེ་ལྟར་བཀས་བཅད་པ་སྲིད་ཀྱང་ད་ལྟ་དེའི་ངེས་པ་མེད་དེ། སྒྱུར་བ་པོ་གང་ལ་དད་པའི་ལྷ་དང་རྒྱུད་དང་སྒྲུབ་ཐབས་ཕལ་ཆེར་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ།། །།


previousགསུམ་པ་བཏགས་པའི་དགོས་པ།next