Nitartha Digital Library
Tibetan
སྙིང་ཐིག་ཡ་བཞི་རྫོགས་ཆེན་པར་མ།

124 occurrences of དགོངས་པ་
[Clear Hits]


11   
 
 
  
  
 
  
  
 
  
 
 
 
 
11   
  
 
ཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ།
 
 
  
 
 
 
 
 
 
21   
11   
 
  
 
 
 
 
  
  


124 occurrences of དགོངས་པ་
[Clear Hits]

 
previousཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ། next

ཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ།


NYDZ003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོད་རྒལ་གྱི་བོགས་འདོན་རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་ཉམས་སུ་བླང་བ་དང་། རྗེས་ཉམས་དང་རྟགས་ཀྱི་རིམ་པའོ། །དང་པོ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། མཎྜལ་དབུལ། བླ་མ་ལ་གསོལ་བ་དྲག་ཏུ་གདབ་བོ། །དངོས་གཞི་


NYDZ003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གནས་ཁང་མུན་པ་ནག་པོར་གདན་བདེ་བ་ལ་སྤྲུལ་སྐུའི་བཞུགས་སྟངས་བྱས་ཏེ། རྒྱ་མཚོ་ཨར་ལ་གཏང་པ་དང་། དངས་སུ་གཞུག་པ་གཉིས་སོ། །དང་པོ་ནི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ། ལག་པ་གཡས་གཡོན་གཉིས་ཀྱིས་མཐེབ་མཛུབ་གསུམ་ཨོཾཱ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་དུ་བསྒོམས་ལ། མིག་གི་འབྲས་བུ་གཉིས་ཆེར་མནན་པས། དང་པོ་ཡེ་ཤེས་ཀྱི་རང་གདངས་འོད་དང་ཐིག་ལེ་ཙོམ་ཙོམ་པ་བྱུང་བ་ལས། ལག་པ་གཉིས་ཕྱིས་བཏང་ལ་མིག་འབྲས་གཉིས་མ་འགུལ་བར་བལྟས་པས། ནང་གི་རིགས་ལྔ་ཞི་ཁྲོ་ཡེ་ཤེས་ལྔའི་རང་གདངས་སྣང་ཡུལ་དུ་གསལ་ལ། གཟུང་ཡུལ་དུ་མ་གྲུབ་པའི་ཟག་མེད་ཐིག་ལེ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་མངོན་སུམ་དུ་གསལ་ལོ། །ཡེ་ཤེས་ཀྱི་འདུག་ཚུལ་དེ། གསལ་ནས་འདུག་ཀྱང་ཆོས་སྐུའི་ངང་། །སྟོངས་ནས་འདུག་ཀྱང་ཆོས་སྐུའི་ངང་། །གསལ་སྟོང་གཉིས་མེད་ཆོས་སྐུའི་ངང་། །ཆོས་སྐུའི་ངང་ལས་འདའ་མི་སྲིད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཡང་དག་བདག་


NYDZ003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་བཞིན་ཉིད། །ཡང་དག་དོན་ལ་གཉིས་མེད་གཅིག་མ་གྲུབ། །སྐུ་དང་ཡེ་ཤེས་འདུག་ཚུལ་དེ། །ངོ་བོ་ཀ་དག་བརྗོད་པའི་ཚིག་དང་བྲལ། །རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་མེད། །རིག་པ་ཡེ་ཤེས་ཀྱི་ངོ་བོ་ནི། ཕྱོགས་རིས་མེད་པའི་རིག་གདངས་ཕྱི་རུ་རང་གསལ། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཐིག་ལེ་སྟོང་པའི་སྒྲོན་མ། དཔེར་ན་རྨ་བྱའི་མདོངས་བཞིན་ཡེ་ཤེས་ཟང་ཐལ་ཆེན་པོར་ཤར་རོ། །ཡུལ་གང་ལ་ཤར་བ་ལ་གསུམ། དང་པོ་འཁྲུལ་སྣང་གི་ཡུལ་དང་། སྒྲོན་མ་ཡེ་ཤེས་རང་གདངས་ཀྱི་ཡུལ་དང་། ཡང་དག་ཆོས་ཉིད་ཀ་དག་གི་ཡུལ་ལོ། །དང་པོ་ནི། མིག་གི་ཡུལ་དུ་གཟུགས་སྣ་ཚོགས་རང་ཁ་མར་མཐོང་བ་ལ་བྱ་སྟེ། སྡུག་མི་སྡུག །ལེགས་མི་ལེགས། ཕྱི་འདོད་ཡོན་ལ་སྤྱོད་པས་ན་ཡུལ་ལོ། །གཉིས་པ་ནི། འོད་དང་ཐིག་ལེ་དང་། སྐུ་དང་ཡེ་ཤེས་ཀྱི་ཚོགས་ཁྲ་ཅེམ་གྱིས་སྟོང་གསལ་དུ་གསལ་ལོ། །གསུམ་པ་ཆོས་ཉིད་ཀ་དག་གི་ཡུལ་ནི། ཆོས་ཐམས་ཅད་འདུས་མ་བྱས་པ། བདག་མེད་པ།


NYDZ003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ། རང་བཞིན་གྱིས་འོད་གསལ་བ། བརྗོད་བྱའི་ཡུལ་ལས་འདས་པའོ། །སྒྲ་དང་ཚད་མ་གཏན་ཚིགས་གང་གིས་ཀྱང་གཏན་ལ་མི་ཕེབས་པ། མདོར་ན་རིག་པ་ཀ་དག་གི་ཡེ་ཤེས་ཉིད་ཡིན་ཏེ། སྐུ་དང་ཡེ་ཤེས་ལ་སོགས་པའི་འབྱུང་གནས་ཆེན་པོ་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་དེ་ལ་བརྟེན་ནས། དོན་དམ་པར་གཉིས་སུ་མེད་པའི་དོན་ངེས་པར་དེ་ལས་འབྱུང་བའོ། །དེའི་སྒོ་གང་ཞེ་ན། དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་ཡེ་ཤེས་ཀྱི་རྩལ་འཆར། ཐོག་མ་འོད་ཀྱི་ཐིག་ལེ་ནི། ཀུན་ནས་ཟླུམ་ལ། ཁ་དོག་ནི་ལྔ་སྟེ། འོད་ལྔའི་མཚན་ཉིད་དུ་གསལ་ལ། འོད་ལྔ་ཡེ་ཤེས་ལྔའི་ངོ་བོ་སྣང་ལ། ཉམས་དང་། དྲོད་རྟགས་དང་། འདོད་པ་མེད་པར་ཤར་བ་ནི། དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་བར་ཡོན་ཏན་བཙལ་མི་དགོས་པར་རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའོ། །སྐྱོན་སྤངས་མི་དགོས་པར་རང་དག །སྒྲོན་མའི་ཉམས་དེ་ཡང་ཉོན་མོངས་པ་སྤངས་མི་དགོས་པར་རང་དག་སྟེ། གཉིས་མེད་གཉིས་སུ་མེད་པར་སྟོན། རང་ངོ་ཀ་དག་ལ་ལོངས་སྤྱོད་པའི་གནད་ཡིན་


NYDZ003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཉམས་རྟོགས་ཡོན་ཏན་ལ་འདོད་པ་མེད་པར་འབྱུང་བ་ནི། ནམ་མཁའི་ཆོ་འཕྲུལ་ལྟ་བུར་བཀག་པས་མི་ཁེགས་པར་འབྱུང་ངོ། །དེ་ལྟར་ངོ་མུན་ནག་ཏུ་སྤྲད་པས། གསལ་སྟོང་ལོངས་སྐུའི་ཞིང་ཁམས་སུ་རྒྱས། དེ་ལྟར་ཉིན་མཚན་དུ་ཉམས་སུ་བླངས་པས། སྐུ་རྣམ་པ་གསུམ་རང་རྫོགས་སུ་སྣང་། །ཡེ་ཤེས་ལྔ་རང་དག་ཏུ་གསལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པས་ཚེ་འདི་ཉིད་ལ་སངས་རྒྱའོ། །དེ་ཡང་ཐད་ལ་དྲང་པོས་བལྟ་ཞིང་། །མཐེབ་མཛུབ་གཉིས་པོས་སྒྲོན་མའི་སྟེང་འོག་གཉིས། གཡས་གཡོན་གཉིས། ཡང་ན་སྟེང་ནས་གཏེམས་པས། རྗེས་ལ་མ་ཡེངས་པར་བལྟས་པས། རྣལ་འབྱོར་བདག་གཞན་རིག་པའི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བ། དཔགས་པར་དཀའ་བ་དོན་སྐུ་དང་ཡེ་ཤེས་ཀྱི་previous hit དགོངས next hit། རབ་ཏུ་འདི་ཉིད་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །ཐུན་བཞིའམ་དྲུག་ཏུ་ཉམས་སུ་བླང་ངོ་། །དེ་ནི་རྒྱ་མཚོ་ཨར་ལ་གཏད་པའི་ལག་ལེན་ནོ། །རྒྱ་མཚོ་ལ་གསུམ། །བརྡ་རྟགས་སྒོའི་རྒྱ་མཚོ། མཚོན་པ་དཔེའི་རྒྱ་


NYDZ003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། ཆོས་ཉིད་ཀ་དག་དོན་གྱི་རྒྱ་མཚོ་རྒྱས་པར་བཤད་པའོ། །གཉིས་པ་རྒྱ་མཚོ་དངས་སུ་གཞུག་པ་ནི། གདན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་། བསམ་གཏན་གྱི་ཆོས་བདུན་བཅའ། རྐེད་པ་དྲང་བས་རྩ་དྲང་། རྩ་དྲང་བས་རླུང་དྲང་། རླུང་དྲང་བས་ཐིག་ལེ་དྲང་། ཐིག་ལེ་དྲང་བས་ཡེ་ཤེས་ཟང་ཐལ་དུ་འཆར་རོ། །མིག་གིས་ལྟ་སྟངས་གསུམ་གང་མོས་གཅིག་ལ་བལྟས་པས་སྣང་བ་ལོངས་སྐུའི་ཞིང་ཁམས་རྒྱས་པར་འཆར་རོ། །ཡེ་ཤེས་ཀྱི་ཆོས་ལྔ་ནི། སྐུ་ལས་འདས་པའི་ཡེ་ཤེས། སེམས་ལས་འདས་པའི་སངས་རྒྱས། ཀུན་གཞི་ལས་འདས་པའི་ཆོས་སྐུ། ཡིད་ལས་འདས་པའི་ཤེས་རབ། འབྱུང་བ་ལས་འདས་པའི་རང་གདངས། ཚིག་ལས་འདས་པའི་རང་སྣང་ངོ་། །ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ། །འོད་གསལ་མི་རྟོག་མཁའ་ལ་ཉི་ལྟར་གསལ། །ཟུང་འཇུག་གཉིས་མེད་ཉི་མ་འོད་ཀྱི་ཚུལ། །རང་རིག་ཡེ་ཤེས་ཟང་ཐལ་ཤར་བ་དེ། །ནམ་མཁའི་དབྱིངས་སུ་ཕྱིན་


NYDZ003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཡངས་ས་དང་། །ལྟུང་བའི་སྡུག་བསྔལ་རིག་པ་ང་ལ་མེད། རི་རབ་ཀྱི་རྩེ་ལ་ཕྱིན་ཀྱང་ཉམ་པ་བ་དང་བྱིང་བ་མེད། རྒྱ་མཚོའི་གཏིང་དུ་ཕྱིན་ཀྱང་གཤེར་བ་དང་སུབ་པ་མེད། མེ་དཔུང་གི་ནང་དུ་ཕྱིན་ཀྱང་ཚ་བ་དང་འཚིག་པ་མེད། རིག་པ་ལྷུན་གྲུབ་མངོན་སུམ་སྐྱེ་ཤིའི་སྐྱོན་གྱིས་མ་གོས་འཁོར་བའི་ལས་དགེ་སྡིག་གིས་མ་གོས། སྐྱོན་མེད་རང་གྲོལ་ཆེན་པོར་རང་ཤར་བས། ཕྱོགས་རིས་གཟའ་གཏད་མེད་པའི་ལྟ་བ་ཞེས་བྱའོ། །ངོ་བོ་ཆོས་སྐུ་རྣམ་དག་སྤྲོས་བྲལ་ངང་གིས་སྟོང་། རང་བཞིན་ལོངས་སྐུ་མཚན་དང་དཔེ་བྱད་འཇའ་ཚོན་སྐུ་རུ་གསལ། སྤྲུལ་སྐུ་སྣ་ཚོགས་འགྲོ་བ་ཐུགས་རྗེས་འདུལ། །ཆོས་ཉིད་གདངས་ཅན་ཡེ་ཤེས་ཁ་དོག་ནི། །མཐིང་ག་དཀར་སེར་དམར་ལྗང་ལྔ་རུ་གསལ། །ཆོས་དབྱིངས་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད། །མེ་ལོང་ཡེ་ཤེས་མི་སྐྱེ་མི་འགགས་གསལ། །མཉམ་ཉིད་ཡེ་ཤེས་དབྱེར་མེད་ཐམས་ཅད་མཁྱེན། །སོ་སོར་ཀུན་རྟོགས་མི་རྟོག་སོ་སོར་གསལ། །བྱ་བ་གྲུབ་པས་འབྲས་བུ་མངོན་དུ་གྱུར། །


NYDZ003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྔ་བསྟན་པས་དགོངས་སྤྱོད་མཁའ་ལ་གྲོལ། །མཚན་མ་སྤྲོས་བྲལ་ཐ་སྙད་ཚིག་གིས་སྟོང་། །ཉིན་ནུབ་མི་འོང་ཉིན་མཚན་གཉིས་སུ་མེད། །འཁོར་འདས་གཉིས་འཛིན་བསམ་པ་སྐྱེ་མི་སྲིད། །ཁྲེགས་ཆོད་ལྟ་བའི་རྩི་ཡིས་ཟིན་པ་གཅེས། །སངས་རྒྱས་བསྟན་པ་འཇིག་རྟེན་སྒྲོན་མེ་མཆོག །མི་གཡོ་རྒྱ་མཚོ་དངས་སུ་འཇུག་པའི་ཁྲིད། །ཉིན་མཚན་གསུམ་ན་རྟགས་འབྱུང་ཐེ་ཚོམ་མེད། །རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ་ཞེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །རིག་པ་མངོན་སུམ་མ་སྦྱངས་ན། །བར་དོར་ཡེ་ཤེས་བདུད་དུ་ལྡང་། །རིག་པ་སྒྱུ་ལུས་སེམས་འཛིན་གྱིས། །རང་ལ་རང་འཇིགས་ལུས་ངན་ལེན། །previous hit དགོངས་སྤྱོད་མངོན་དུ་གྱུར་ next hit་ན། །སྒྱུ་མའི་ལུས་འདི་འོད་གསལ་ལྷ། །རིག་པའི་དོན་ནི་དེ་བཞིན་ཉིད། །རྟག་པར་ནམ་མཁའི་མཐའ་ལ་བལྟ། །ཆོས་ཉིད་མཁའ་ལ་ཉི་ཤར་འདྲ། །previous hit དགོངས next hit་ཆུ་བོ་ལྟ་བུའི་རྒྱུན། །ལུས་མེད་ལུས་དེ་
ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་ཆོས་སྐུར་རྟོགས། །སེམས་མེད་སེམས་ཡང་སེམས་ཀྱི་མཆོག །རིག་པ་རང་གསལ་ཐམས་ཅད་མཁྱེན། །ངག་མེད་སྨྲ་བརྗོད་ཡུལ་ལས་གྲོལ། །བརྗོད་མེད་སྟོང་པ་ཆོས་ཀྱི་སྒྲ། །གདུལ་བྱ་རྣམ་དག་ཆོས་ཉིད་ཞིང་ཁམས་ན། །ཐམས་ཅད་མཁྱེན་པའི་ཚུལ་གནས་པ། །མ་རིག་སེམས་ཅན་གདུལ་དཀའ་འདུལ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདུལ། །འཁོར་བའི་སེམས་ཅན་ཆོས་སྐུར་གྲོལ། །ཡིད་བཞིན་རིན་ཆེན་རང་སར་སྐྱེལ། །ཞེས་གསུངས་སོ།། །།དགེའོ། །དགེའོ། །དགེའོ།


previousཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ། next