Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
དགོས་འགྲེལ་བཤད་པ།
   
   
   
   
   
   
   
   
   
   
   
   
   


 
previousདགོས་འགྲེལ་བཤད་པ། next

དགོས་འགྲེལ་བཤད་པ།

གཉིས་པ་འཇུག་པའི་ཡན་ལག་དགོས་འབྲེལ་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། གསུངས་ཞེས་དྲང་། གང་ན། བྱམས་པ་རང་གི་བསྟན་བཅོས་ཀྱི་བརྗོད་བྱ་ལ་སོགས་པ་བཞིའོ། །འབྲེལ་བ་ནི། དགོས་པ་བསྟན་པའི་ཤུགས་ལ་རྟོགས་པས་དངོས་སུ་མ་བསྟན་པའི་ཕྱིར་ཁོ་ན་ཡོད་པ་ཞེས་སྨོས་སོ། །དགོས་པ་ཅིའི་ཕྱིར་ཞེ་ན། གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་སྟེ། རྒྱུའི་དོན་དུའོ། །ཇི་ལྟར་ན་བརྗོད་བྱ་སོགས་བསྟན་པས་འཇུག་པར་འགྱུར་ཞེ་ན། འཇུག་པའི་གེགས་དགོས་མེད་ཀྱི་དགོས་པ་བསལ་བའི་ཕྱིར་དང་། འཇུག་པའི་མཐུན་རྐྱེན་དགོས་འབྲེལ་ངག་གི་དོན་དགོས་སོགས་ཆོས་བཞི་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་པ་ཉིད་ཀྱིས་སོ། །དགོས་པ་ཇི་ལྟར་འབྱུང་སྙམ་ན། བཅོམ་ལྡན་འཕགས་པ་གཞན་མ་རྒྱལ་བའི་བདུད་བཞི་ལས་རྒྱལ་བ་ཅན་སླར་ཡང་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་དེ་བསྟན་པ་ལ་དོན་ཅི་ཞིག་ཡོད་སྙམ་དུ་དགོངས་པར་འགྱུར་རོ། །སུ་ཞིག་ན། མདོ་དང་བསྟན་བཅོས་ཀྱི་དགོས་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གོ །རྒྱུ་མཚན་ཅིའི་ཕྱིར་ན། བཅོམ་ལྡན་འདས་རྒྱས་པ་དང་ཞེས་སོགས་སོ། །དོན་ནི། མ་ཕམ་པས་གདུལ་བྱ་དབང་པོ་རབ་འབྲིང་རྟུལ་པོ་གང་གི་དབང་དུ་བྱས་ཀྱང་བསྟན་བཅོས་རྩོམ་པ་དོན་མེད་དེ། དེ་དག་ལ་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་མངོན་རྟོོགས་ཀྱི་རིམ་པ་གསལ་བར་བྱས་པའི་ཕྱིར་ཞེས་པའོ། །ཅིའི་ཕྱིར་དགོས་སོགས་བཞིར་ངེས་ཞེ་ན། འཇུག་པའི་གེགས་ལོག་རྟོག་བཞིའི་གཉེན་པོར་ཏེ། འདི་ལ་བརྗོད་བྱ་དང་འབྲེལ་བ་མེད་ན། སྨྱོན་པའི་ཚིག་ལྟར་སུ་ཡང་འཇུག་པར་མི་འགྱུར་བས། དེའི་ཕྱིར་འདིའི་བརྗོད་བྱ་དང་འབྲེལ་བ་བསྟན་ཏོ། །བརྗོད་བྱ་དང་འབྲེལ་བ་ཡོད་ཀྱང་། ཐུན་མོང་མ་ཡིན་པའི་དགོས་པའི་ཁྱད་པར་མེད་ན་ཡང་འདི་ལ་འཇུག་པར་མི་འགྱུར་བས་དེའི་ཕྱིར་བསྟན་བཅོས་ཁོ་ན་ལ་ཡོད་པའི་དགོས་པའི་ཁྱད་པར་བསྟན་པར་བྱ་བ་ཡིན་ནོ། །དགོས་པ་ཡོད་ཀྱང་ཉིང་དགོས་འདོད་བྱ་མ་ཡིན་ན་ཡང་འཇུག་པར་མི་འགྱུར་ཏེ། དགོས་པ་ལ་སོགས་པ་ཚོལ་བ་ནི། མངོན་པར་འདོད་པའི་ཉིང་དགོས་དོན་དུ་གཉེར་བ་ལས་ཡིན་པའི་ཕྱིར་རོ། །དེས་ན་འདིའི་ཉིང་དགོས་བསྟན་པར་བྱ་བ་ཡིན་ནོ། །ཉིང་དགོས་ལ་ཡང་དགོས་པ་གཞན་བསྟན་དགོས་པ་མ་ཡིན་ཏེ། གཙོ་བོར་གྱུར་པའི་དགོས་པ་གྲུབ་པ་ན་འདོད་པ་ཡོངས་སུ་རྫོགས་པས། དེ་ལས་གོང་དུ་དགོས་པ་གཞན་མི་ཚོལ་བའི་ཕྱིར་རོ། །ཚིག་གིས་ལོག་རྟོག་མི་ལྡོག་སྟེ། ཚིག་དོན་ལ་འབྲེལ་བ་མེད་པས་སོ་ཞེ་ན། དེ་ལྟ་ན་ཡང་ལོག་རྟོག་དང་འཛིན་སྟངས་འགལ་བ་དགོས་སོགས་བཞི་ཡོད་ལ། ཤས་ཆེར་ཕྱོགས་པའི་ཐེ་ཚོམ་བསྐྱེད་པས་དེའི་ཕྱིར་མཐའ་གཞན་དུ་དགོས་པ་ལྡོག་གོ །ཐེ་ཚོམ་སྐྱེ་བ་ངག་ལ་མི་ལྟོས་ཏེ། རང་གི་རང་གིས་སྐྱེ་བས་སོ་སྙམ་ན་མ་ཡིན་ཏེ། ཐེ་ཚོམ་ཙམ་ངག་ལ་མི་ལྟོས་ཀྱང་། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་སོགས་བཞི་ལ་ཡོད་ལ། ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེ་བ་དགོས་འབྲེལ་གྱི་ངག་ལ་ལྟོས་པས་སོ། །གཉིས་པ་རྩ་བ་ལ་བསྡུས་དོན་དང་། ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཚིག་ལེའུར་བྱས་པ་རྣམ་པ་གཉིས་ཀྱིས་དགོས་པ་གཙོ་བོར་སྟོན་ལ། བརྗོད་བྱ་དང་ཉིང་དགོས་ནི། དགོས་པའི་ཁྱད་པར་བསྟན་པའི་ཕྱིར་སྨོས་པས་ཞར་བྱུང་ངམ། ཕལ་པའི་ཚུལ་དུ་བསྟན་ནོ། །དེས་ན་གཞན་དག་གིས་རྩ་འགྲེལ་དག་ལ་བརྗོད་བྱ་ཉིང་དགོས་དགོས་པ་གསུམ་གྱི་ས་བཅད་སོ་སོར་བཅད་ནས་བཤད་པས་ནི་ཚིག་དོན་ཡོངས་སུ་རྫོགས་པར་མི་འགྱུར་བས་འདིར་འབྲེལ་ཆགས་སུ་བཤད་དོ། །དེ་ལ་ཚིག་གང་གིས་གང་བསྟན་པ་ནི། རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱའི་ངོ་བོ། དེ་ནས་གཅིག་གིས་བརྗོད་བྱའི་ཁྱད་པར། དེ་ནས་གསུམ་གྱིས་ཉིང་དགོས་དང་། ཐ་མ་གཉིས་ཀྱིས་དགོས་པ་བསྟན་ཏོ། །གཉིས་པ་ནི། བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ་ཞེས་སྦྲེལ་ལོ། །གང་ན། བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པར་ཞེས་བྱ་བའོ། །གང་ཞིག་བདེ་བླག་ཏུ་རྟོགས་ཤེ་ན། སྟོན་པས་ཡུམ་རྒྱས་འབྲིང་བསྡུས་པ་འདི་ལས་བཤད་པ་གང་ཡིན་པ་གང་ཟག་དང་ཆོས་སུ་ལོག་པར་མངོན་པར་ཞེན་པའི་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པ་གཞན་གྱིས་ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་མ་མྱོང་བ་དེའོ། །དེ་ཡང་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་བསྐྱེད་ལ་སོགས་པ་རྣམ་མཁྱེན་གྱི་ཆོས་བཅུ་ཡིན་ལ། དེ་ནི་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ཡིན་ལ། དེས་མངོན་རྟོགས་ལྷག་མ་རྣམས་ཀྱང་མཚོན་པས་ཏེ། མདོར་ན་མངོན་རྟོགས་བརྒྱད་པོ་མཐའ་དག་གོ །བདེ་བླག་ཏུ་རྟོགས་པ་བསྟན་བཅོས་ཀྱིས་བསྒྲུབ་པར་བྱ་བའི་དགོས་པ་ཡིན་ནོ། །དེ་ཉིད་གང་གི་ཕྱིར་དུ་ཡིན་ཞེ་ན། མཐོང་བ་སྟེ་མངོན་དུ་གྱུར་པར་བྱ་བའི་ཕྱིར་དུའོ། །དོན་གང་གིས་ཤེ་ན། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ལམ་ཅེས་པ་སོགས་རྐང་པ་གསུམ་གྱི་དོན་དེའོ། །སུ་ཞིག་གིས་ན། བློ་དང་ལྡན་པ་བྱང་ཆུབ་སེམས་དཔའོ། །ཐབས་གང་གིས་ན། རྒྱས་འབྲིང་བསྡུས་གསུམ་གྱི་མདོའི་དོན་མ་ལུས་པ་ཉམས་སུ་མྱོང་བ་གསལ་པོས་བཞག་པའི་བག་ཆགས་ལས་བྱུང་བའི་དྲན་པ་ལ་བཞག་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་རིམ་གྱིས་མངོན་དུ་བྱས་ཏེའོ། །མདོའི་དོན་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དང་། སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའི་བདག་ཉིད་དོ། །ཤནྟི་པས་ཡི་གེ་འབྲི་མཆོད་སོགས་ལ་བཤད་པ་དང་། གཞན་གྱིས་དགེ་བ་བཅུ་ལ་བཤད་པ་སོགས་ནི་སློབ་དཔོན་དང་མི་མཐུན་པའི་ཕྱིར་འདིར་དོར་བར་བྱ་བ་ཡིན་ནོ། །གསུམ་པ་འགྲེལ་པ་ནི། བདེ་བླག་ཏུ་རྟོགས་པ་ནི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩོམ་པའི་དགོས་པ་ཡིན་ནོ་ཞེས་སྦྲེལ། གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྨོན་པ་བྱང་ཆུབ་ཀྱི་སེམས་འཇུག་པའི་སྤྱོད་པ་དང་། སྦྱིན་སོགས་ཕར་ཕྱིན་བཅུ་སྒྲུབ་པའི་སྤྱོད་པ་དང་། སོགས་པས་ཆོས་སྐུ་ཕྲིན་ལས་དང་བཅས་པ་གྲུབ་པའི་སྤྱོད་པའི་མཚན་ཉིད་རྣམས་སོ། །སུ་ཞིག་གི་ཞེ་ན། ཕྱིས་འཇུག་གི་གདུལ་བྱ་དབང་པོ་རྟུལ་པོ་རྣམས་ཀྱིས་སོ། །བདེ་བླག་ཏུ་རྟོགས་པའི་དགོས་པ་དེ་ཉིད་གང་གི་ཆེད་དུ་ཡིན་ཅེ་ན། ཉིང་དགོས་སྟོན་པ་ནི། རྒྱན་གྱི་བརྗོད་བྱ་རྣམ་པར་ཐམས་ཅད་མངོན་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་དགོས་པའི་ཡང་དགོས་པའི་ཆེད་དུ་མངོན་པར་འདོད་ཅེས་སྦྱར་རོ། །གང་མངོན་དུ་བྱ་བའི་རྒྱན་གྱི་བརྗོད་བྱ་དེ་ཡང་གང་ཞེ་ན། འདི་ལ་གསུམ། བརྗོད་བྱའི་ངོ་བོ། ཁྱད་པར། ཞར་ལ་འབྲེལ་བ་བསྟན་པའོ། །དང་པོ་ནི། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་རྒྱན་གྱི་ཡང་བརྗོད་བྱ་ཡིན་ནོ། །གང་གིས་བསྟན་པ་ཞེ་ན། བཅོམ་ལྡན་འདས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མ་དད་པ་དད་པར་བྱེད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་ཤེས་པར་མཛད། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བསམ་པ་བཞིན་འདོམས་པའི་སྒོ་ནས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ཐར་ལམ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །རྒྱལ་བའི་ཡུམ་གསུམ་ལས་བསྟན་པ་དེ་ཡང་གང་ཞེ་ན། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་བསྐྱེད་ལ་སོགས་པ་བཅུ་ཡིན་ལ་དེ་དག་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ། དེར་མངོན་རྟོགས་གཞན་དག་ཀྱང་འདུས་པས་རྩ་བར་དེ་འབའ་ཞིག་སྨོས་པ་ནི། མངོན་རྟོགས་བརྒྱད་པོ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་ནོ། །

གཉིས་པ་ནི། ཅི་སྟེ་དེ་གཞན་གྱིས་ཀྱང་མངོན་དུ་བྱེད་ན་བསྟན་བཅོས་ཀྱི་ཉིང་དགོས་ཁྱད་པར་བར་མི་འགྱུར་རོ་སྙམ་ན། ཆོས་འདི་ལས་ཕྱི་རོལ་པ་དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པ་དང་། དེ་ལས་གཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པར་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་དང་སོགས་པས་བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་པས་ཐོག་མཐའ་བར་གསུམ་དུ་རིམ་གྱིས་མ་མྱངས་པ་ཞིག་སྟེ། དབུ་མ་རྒྱན་དུ། ཁྱབ་དང་དབང་ལ་སོགས་མ་མྱོང་། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །མྱོང་བར་གྱུར་པ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །དེ་བཞིན་གཤེགས་པ་མ་གཏོགས་པ། །གཞན་གྱིས་ལོངས་སྤྱོད་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། འབྲེལ་བར་མཛད། གང་ན་རྗོད་བྱེད་རྒྱན་དང་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་པོ་དེ་དག་གོ། ཇི་ལྟར་ན། བསྟན་བཅོས་ཐབས་དང་བརྗོད་བྱ་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་སོ། །སུ་ཞིག་གིས་ན། རྗེ་བཙུན་གྱིས་སོ། །བརྗོད་བྱ་དེ་ལྟ་བུ་དེ་སུ་ཞིག་གིས་མངོན་དུ་བྱེད་པར་འགྱུར་ཅེ་ན། བྱང་སེམས་དང་གཞན་གྱི་དོན་ཕུན་ཚོགས་སྒྲུབ་པ་ལ་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་ཤིང་། གཞན་གྱི་དྲིང་མི་འཇོག་པས་ན་ཅི་ལ་ཡང་མ་དག་པར་ཆད་པ་དག་ཁོ་ནས་སོ། །ཐབས་གང་གིས་མངོན་དུ་བྱེད་པར་འགྱུར་ཞེ་ན། འདི་ལ་རིང་བའི་རྒྱུ་དང་། ཉེ་བའི་རྒྱུ་གཉིས་ཀྱི་དང་པོ་ནི། བཞག་ནས་ཞེས་སྦྲེལ་ལོ། །གང་ལ་ན། སྔར་མྱོང་བ་མི་བརྗེད་པའི་དྲན་པའི་ཤེས་པ་ལས་སོ། །ཇི་ལྟ་བུ་ན། མདོའི་དོན་ཉམས་སུ་མྱོང་བའི་ཐོས་བསམ་གྱི་ཤེས་པ་ཤིན་ཏུ་གསལ་བ་དང་སེམས་རྒྱུད་ལ་བཞག་པའི་བག་ཆགས་འབྱུང་བའོ། །གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་གསུམ་གྱི་མདོའི་དོན་མ་ལུས་པའོ། །དེ་ཡང་གང་ན། མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཡིན་ལ། དེ་དག་ཉམས་སུ་ལེན་པ་ན། སྨོན་པ་བྱང་ཆུབ་ཀྱི་སེམས་འཇུག་པའི་སྤྱོད་པ་དང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པའི་སྤྱོད་པ་རྣམས་སུ་འདུ་བས་རྩ་བར་ཆོས་སྤྱོད་བཅུའི་བདག་ཉིད་ཅེས་སྨོས་པའོ། །སྔ་རབས་པ་དག་ཆོས་སྤྱོད་བཅུ་ནི། རྣམ་མཁྱེན་གྱི་ཆོས་བཅུ་ཡིན་ཏེ། དེ་ཡང་འགྲེལ་པར། བྱང་ཆུབ་ཀྱི་སེམས་དང་ཞེས་པས་དང་པོ་བཟུང་ལ། སྦྱིན་པ་ལ་སོགས་པས་ནི། ཐ་མ་སྒྲུབ་པ་བཟུང་སྟེ། ཕར་ཕྱིན་དྲུག་གི་ངོ་བོ་ཡིན་པས་སོ་ཞེས་འཆད་དོ། །ཚུལ་ཇི་ལྟར་ཞེ་ན། ལེགས་པར་སྟེ། ཚེ་རབས་གཞན་དུ་ཡང་མི་བརྗེད་པར་རྗེས་སུ་འབྲང་བའི་ཚུལ་དུའོ། །གཉིས་པ་ནི། དེ་ལྟར་དྲན་ཤེས་ལ་ལེགས་པར་བཞག་ནས་ཡང་དང་ཡང་དུ་གོམས་པར་བྱས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་སྟེ། ཆོས་ཀྱི་དབྱིངས་གཟུགས་སོགས་ཆེན་པོ་རྣམས་ལ་ཀུན་ཏུ་འགྲོ་བར་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་དང་སོགས་པས་ཆོས་ཀྱི་སྤྲིན་གྱི་བར་རྟོགས་ཤིང་མངོན་དུ་བྱེད་པའི་རིམ་པས་སོ། །

གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པ་ལ་གསུམ། རྒྱས་པ་ལ་དད་པ་ལ་མངོན་རྟོགས་བརྒྱད་དུ་ཕྱེ། བར་མ་ལ་དད་པ་ལ་དྲུག་ཏུ་བསྡུ། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་བསྡུས་དོན་ལུས་རྣམ་གཞག །ཚིག་དོན་ཡན་ལག་རྒྱས་བཤད་གཉིས་ཀྱི་དང་པོ་ལ་གཉིས་ཀྱི་མཚམས་སྦྱར་བ་ནི། དེ་ལྟར་འཇུག་པའི་ཡན་ལག་འབྲེལ་བ་ལ་སོགས་པ་བསྙད་ནས་དེའི་འོག་དུ་ཤེར་ཕྱིར་གྱི་ལུས་རྣམ་གཞག་གསུངས་སོ། །ཞེས་སྦྱར་རོ། །

གཉིས་པ་དེ་བཤད་པ་ལ་ལྔ། དགོས་དོན། བསྡུས་དོན། དེ་ངག་ཉེ་བར་དགོད་པ། བསྡུས་ཏེ་བཤད་པ། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། ལུས་རྣམ་གཞག་གི་དགོས་པ་ནི་གཉིས་ཏེ། ཉན་པ་པོས་བཟུང་སླ་བ་དང་། འཆད་པ་པོས་བཤད་སླ་བའོ། །དང་པོ་ནི། གདུལ་བྱ་རྣམས་ཀྱིས་བསྟན་བཅོས་ཀྱི་དོན་མཐའ་དག་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། དཀྱུ་ས་བསྟན་པའི་རྟ་ཐོགས་པ་མེད་པར་རྒྱུག་པ་ལྟར། ཕྱིས་ཡན་ལག་རྒྱས་བཤད་ཀྱི་དོན་རྣམས་གོ་རིམ་མ་འཁྲུགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཉིས་པ་ནི། བསྟན་བཅོས་ཀྱི་དོན་ལུས་རྣམ་གཞག་དུ་རྣམ་པར་དབྱེ་བ་བྱས་པ་ཡང་། དེ་དང་མཐུན་པར་གོ་རིམ་མ་མཛིངས་པ་ཉིད་ཀྱི་ཡན་ལག་རྒྱས་བཤད་དུ། བཤད་པར་བྱ་བ་སླ་བར་གཟིགས་ནས་ཏེ། དཀྱུ་ས་མཐོང་བའི་ཁ་ལོ་བ་སེམས་སྟོབས་ཆེ་ཞིང་རྟ་ཚར་གཅོད་ནུས་པ་བཞིན་ནོ། །གཉིས་པ་ནི། ཚིག་ལེའུར་བྱས་པ་བཅོ་ལྔས་མདོ་དང་རྒྱས་པར་བསྟན་པས་ཞེས་སོ། །གསུམ་པ་ལ། ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། བཤད་བྱ་འཆད་བྱེད་མདོར་བསྟན། འཆད་བྱེད་ཀྱི་རྐང་གྲངས་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཤེས་པར་བྱ་བའི་དངོས་པོ་དངོས་བཏགས་མ་ཕྱེ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ནི། ཤེས་པར་བྱ་བའི་དོན་མངོན་རྟོགས་བརྒྱད་ཀྱི་རང་བཞིན་གྱི་དངོས་པོ་བརྒྱད་ཀྱི་ཡང་དག་སྟེ། ཕྱིན་ཅི་མ་ལོག་པའམ། ཡོངས་སུ་རྫོགས་པར་བསྙད་དོ། །ཡང་ན་རྒྱས་འབྲིང་བསྡུས་གསུམ་གྱི་རང་བཞིན་གྱི་ཤེས་ཕྱིན་ནི་ཞེས་བཤད་དོ། །འདིར་ཤེར་ཕྱིན་ནི་དོན་བཞིས་ཤེས་པར་བྱ་སྟེ། དབྱེ་བ་དང་། མཚན་ཉིད་དང་། དངོས་བཏགས་ཀྱི་ཁྱད་པར་དང་། དེ་ལུང་དང་སྦྱར་བའོ། །དང་པོ་ནི། ཤེར་ཕྱིན་ནི་གསུམ་སྟེ། འབྲས་བུ། ལམ། གཞུང་རྣམས་ཏེ། གསུམ་ཀ་ལ་ཡང་མདོ་ལས་ཤེར་ཕྱིན་གྱི་སྒྲས་བསྟན་པའི་ཕྱིར་རོ། །དང་པོ་ནི་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ཆོས་ཀྱི་སྐུའི་མིང་ཅན་ནོ། །དེའི་ཕྱིར་རྣམ་པར་མི་རྟོག་པ་ལ་བསྟོད་པར། འཕགས་མ་ཡོན་ཏན་ཕྱུག་ཁྱེད་དང་། །སངས་རྒྱས་འགྲོ་བའི་བླ་མ་རྣམས། ཁྱད་པར་ཡོད་པར་མ་ཁུམས་ཏེ། །ཟླ་བ་དང་ནི་ཟླ་འོད་བཞིན། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་སྦྱོར་མཐོང་སྒོམ་གསུམ་གྱིས་བསྡུས་པ་རྣམས་སོ། །གསུམ་པ་ནི་འབྲས་བུ་ཤེར་ཕྱིན་དེ་ཐོབ་པའི་ཐབས་སྟོན་པར་བྱེད་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞུང་གི་ཚོགས་རྣམས་སོ། །ཆོས་བཤེས་ཀྱིས་རང་བཞིན་གྱི་ཤེར་ཕྱིན་དེ་བཞིན་ཉིད་ལ་བཤད་ཀྱང་། སློབ་དཔོན་གྱི་གཞུང་གང་དུ་ཡང་མི་འབྱུང་ངོ་། །གཉིས་པ་ནི། ཆོས་རབ་ཏུ་རྣམ་འབྱེད་སྲིད་ཞིའི་མུ་མཐར་སོན་པ་སྟེ། འགྲེལ་ཆེན་ལས། དེ་ལྟར་དང་པོ་ཐོས་པ་དང་། བསམ་པ་དང་། སྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །ལམ་དང་གཞུང་ལ་ནི། མཚན་ཉིད་དེ་མི་འཇུག་པས། དེ་དག་ལ་གོ་རིམ་བཞིན་དུ། འབྲས་ཡུམ་གྱི་རྒྱུར་གྱུར་པའི་ཆོས་རབ་ཏུ་རྣམ་འབྱེད་ཅེས་དང་། དེ་ཐོབ་པའི་ཐབས་སྟོན་བྱེད་ཀྱི་ཚོགས་ཞེས་སྦྱར་རོ། །གང་དག་ཐེག་པ་གསུམ་གྱི་ལམ་ལྔ་ག་དངོས་བཏགས་མ་ཕྱེ་བའི་ཤེར་ཕྱིན་དུ་འཆད་པ་ནི་མི་རིགས་ཏེ། ཉན་རང་རང་རྒྱུད་པའི་ལམ་རྣམས་ནི་ཤེར་ཕྱིན་གྱི་གཟུགས་བརྙན་ཡིན་པས་བཏགས་པ་ཙམ་དུའང་མི་རུང་སྟེ། དེ་དག་གིས་འབྲས་ཡུམ་མི་སྐྱེ་བས་འདོགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གསུམ་པ་ནི། འབྲས་བུ་ནི་དངོས་ཡིན་ལ། གཞན་གཉིས་ལ་དེའི་མིང་གིས་བཏགས་པའོ། །འདོགས་པའི་རྒྱུ་མཚན་ནི། ལམ་ནི་དེའི་རྒྱུ་ཡིན་པའི་ཕྱིར་དང་། གཞུང་ནི་དེ་བརྗོད་བྱར་ཡོད་པའི་ཕྱིར་རོ། །གནོད་བྱེད་ནི། ལམ་ནི་མུ་མཐར་སོན་པ་མ་ཡིན་པ་དང་། གཞུང་ནི་ཤེས་རབ་ཙམ་དུ་ཡང་མེད་པས་མཚན་ཉིད་དང་མི་ལྡན་པས་སོ། །དགོས་པ་ནི། དེ་དོན་དུ་གཉེར་བས་ལམ་སྒོམ་པར་བྱ་ཞིང་གཞུང་ལ་ཐོས་སོགས་ཀྱིས་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་ཤིང་། འགྲེལ་ཆེན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན། ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་། མཐོང་བ་ལ་སོགས་པའི་ལམ་ལ་ཡང་ཤེར་ཕྱིན་ཞེས་བྱ་བ་ནི་བཏགས་པའོ་ཞེས་སོ། །


previousདགོས་འགྲེལ་བཤད་པ། next