Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག།
   


 
previousབླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག།next

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བཞུགས།

ན་མོ་གུ་རུ། སྐྱབས་གནས་ཐམས་ཅད་གཅིག་ཏུ་བསྡུས་པའི་བླ་མའི་རྣལ་འབྱོར་ཁྱད་པར་ཅན་བསྒོམས་པར་འདོད་ན། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྒོ་ནས་སྐྱབས་སེམས་སྔོན་དུ་བཏང་ནས། ཆོས་དབྱིངས་ངང་ལས་མདུན་གྱི་ནམ་མཁའ་རུ། །སེང་ཁྲི་པདྨ་ཉིན་ཟླའི་གདན་སྟེང་དུ། །དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་དང་། །ཐུགས་རྗེ་བདག་ཉིད་རྩ་བའི་བླ་མ་ནི། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ཆོས་འཆད་གཡོན་གྱིས་གླེགས་བམ་བསྣམས། །ཆོས་གོས་གསུམ་དང་གསེར་མདོག་པཎ་ཞྭ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱེས་ཀླུང་གིས་བཞུགས་པའི། །གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་བླ་མ་ལ། །སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས། །ཡོངས་བསྐོར་སྤྱན་དྲངས་ཛ༔ཧཱུཾ་བཾ་ཧོཿཐིམ། སྐྱབས་གནས་ཀུན་འདུས་བདག་ཉིད་ཅན་དུ་གྱུར། །མཆོག་གསུམ་ཀུན་གྱི་ངོ་བོ་བླ་མ་ལ། །གྲངས་མེད་ལུས་སྤྲུལ་ཕྱག་འཚལ་མཆོད་པ་འབུལ། །རང་གཞན་རྣམས་ཀྱི་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །སྐྱེ་འཕགས་ཀུན་གྱི་བསྐྲུན་པའི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །ཟབ་དང་རྒྱ་ཆེའི་མདོ་སྔགས་ཆོས་ཀྱི་ཚུལ། །མཐའ་ཡས་འགྲོ་བའི་དོན་དུ་ལེགས་བསྐོར་གསོལ། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་པར་བཞུགས། དགེ་ཀུན་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །དོན་གཉིས་མཐར་ཕྱིན་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་དབྱེར་མེད་འགོག་ལམ་དམ་པའི་ཆོས། ། རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་ཏེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲིན་ལས་རྣམས། །གཅིག་བསྡུད་བཤེས་གཉེན་གར་གྱི་རྣམ་རོལ་བ། །རྒྱལ་བའི་གདུང་མཆོག་ངུར་སྨྲིག་འཛིན་པའི་གཙོ། །རྗེ་བཙུན་བླ་མས་ཞབས་ལ་གསོལ་བ་འདེབས། །གང་ལ་མཆོད་ཅིང་གུས་པའི་བསོད་ནམས་ཀྱིས། །ཕྱོགས་བཅུའི་རྒྱལ་བ་མཆོད་པའི་ལེགས་ཚོགས་ཀྱང་། །ཟིལ་གྱིས་གནོན་པར་གསུངས་པའི་ཕུལ་བྱུང་ཞིང་། །སྐྱབས་གནས་དམ་པའི་ཞབས་ལ་གསོལ་བ་འདེབས། །དེ་སླད་སྐྱབས་མགོན་མཆོག་ཏུ་ལེགས་བཟུང་ནས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་བརླབས་ཏེ། །གནས་སྐབས་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་ཐམས་ཅད་ཆོས་བཞིན་འགྲུབ་པར་གསོལ། །དེ་ནས་སྐྱེ་ཀུན་དགེ་བའི་བཤེས་གཉེན་གྱིས། །དགྱེས་བཞིན་རྗེས་སུ་བཟུང་སྟེ་དམ་ཆོས་ཀུན། །ཐོས་བསམ་བསྒོམས་པའི་ཚུལ་གྱིས་རབ་འཛིན་ཅིང་། །མཐར་ཐུག་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་ལྟར་གསོལ་བས་བླ་མ་བདག་ཉིད་ཀྱི། །སྤྱི་བོར་བྱོན་ནས་འོད་ཀྱི་རྣམ་པར་ཞུ། །རང་གི་སེམས་དང་དབྱེར་མེད་བཞུགས་གྱུར་ནས། །འབྲལ་མེད་རྗེས་བཟུང་བྱིན་གྱིས་རླབས་པར་གྱུར། །ཅེས་པ་འདི་ཡང་ཆོས་གྲགས་ཞེས་བགྱི་བའི་རི་ཁྲོད་པས་སྙན་ཚིག་གི་ལམ་ནས་དྲངས་པའི་གསུང་གིས་བསྐུལ་བའི་ཚེ། བཤད་སྒྲུབ་མིང་ཅན་གྱིས་མྱུར་བར་སྦྱར་བའོ།། །།


previousབླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག།next