ལྷ་མོའི་ཀ་བསྟོད།
ཀ་ཡེ་གསོན་དང་དཔལ་ལྡན་དུད་སོལ་མ། །ཁ་གདངས་ང་རོ་འབྲུག་དང་དུང་གི་སྒྲ། །ག་ཤལ་མི་མགོའི་ཕྲེང་བའི་རྒྱན་ཆ་ཅན། །ང་ཡི་སྲུང་མར་མཆོག་ཏུ་ཁྱོད་བསྟེན་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོས་སྤྱན་འདྲེན་ནོ། །ཆ་ལུགས་བོང་བུ་ཆིབས་པའི་ལྷ་མོ་ལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་རྒྱས་པར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱོད་ཉིད་ཀྱིས། །ཐ་ན་བདག་གིས་བྲན་གཡོག་རྟ་ཕྱུགས་ཡན། །ད་ནི་བསྲུང་ཞིང་སྐྱབས་པའི་ཕྲིན་ལས་མཛོད། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་དེ་པུ་དེའི་ཁ་སྨྲས་གླེང་གཞི་དང་། །ཕ་རོལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ལྟར་བྱམས་པའི་ཐུགས་རྗེས་རྟག་ཏུ་སྐྱོངས། །རྩ་རླུང་བསྒོམ་པའི་གེགས་རྐྱེན་ཐམས་ཅད་སོལ། །ཚ་གྲང་འདུས་པའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །ཝ་ལེར་སྲིད་གསུམ་གཟིགས་པའི་ལྷ་མོ་ཁྱོད། །ཞྭ་ལྟར་བསྟན་དང་བསྟན་འཛིན་སྤྱི་བོར་བཀུར། །ཟ་བྱེད་སྲིན་མོའི་འཁོར་ཚོགས་དང་བཅས་པས། །འ་རེ་འུ་
རེའི་ཆོ་འཕྲུལ་དགྲ་ལ་ཐོངས། །ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་བྱིན། །ར་ཆེན་ཁྲི་ཕྲག་མང་པོའི་འཁོར་ཚོགས་བཅས། །ལ་ཆེན་མ་མོ་བྱེ་བ་འབུམ་སྡེ་ཡི། །ཤ་ཚ་སྙིང་ཉེ་མ་དང་སྲིང་མོ་ལྟར། །ས་ཆ་གང་དུ་འདུག་ཀྱང་སྲུང་སྐྱོབ་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་པས། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཞེས་པ་སྒེས་སྣ་བླ་མས་བསྐུལ་བ་ལ་བརྟེན་ནས་རཱ་ག་ཨ་སྱས་བྱུང་རྒྱལ་དུ་སྨྲས་སོ།། །།