Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་། next

ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་།


DNG003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དུ་པ་སརྦ་གྷ་ན་སུ་ཀ་ནཱ་མ། བོད་སྐད་དུ། ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་པདྨ་དབང་གི་སྤྱན་སྔར་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཏུད་དེ་ཐལ་མོ་སྦྱར་ནས། རང་རང་གི་འཁོར་ལ་བོས་ཏེ། ཚོགས་ཆེན་པོའི་མཆོད་པ་འདི་སྨྲས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན། གང་དག་མི་ཡི་རིགས་རྣམས་ཀུན། །འཁོར་དང་ལོངས་སྤྱོད་ཉམས་པ་དང་། །ལོངས་སྤྱོད་ཆུང་བར་གྱུར་པ་དང་། །རྒྱུ་


DNG003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚོགས་ལ་བརྟེན་འདོད་ན། །བསོད་ནམས་སྐྱེ་བར་འདོད་པ་ཡིས། །ཚོགས་ཀྱི་མཆོད་པ་བཤམ་པར་བྱ། །ཕྱི་མཚམས་སྤྱི་བཤགས་རྫོགས་བྱས་ལ། །ཞི་བའི་དཀྱིལ་འཁོར་བཞེངས་སུ་གསོལ། །རྫས་དང་ཡོ་བྱད་ཅི་འབྱོར་བཤམས། །ཁ་ཟས་འབྱོར་བཤམས་སྣ་ཚོགས་པའོ། །དཀྱིལ་འཁོར་དེ་ཡི་དབུས་དག་ཏུ། །ཟངས་ཆེན་ནང་དུ་ཚོགས་ཀྱིས་བཀང་། །ཀ་ར་བུ་རམ་ལ་སོགས་པའི། །དཀར་དང་གཙང་མའི་གཏོར་མ་དང་། །བཤོས་ཟན་བརྒྱ་དང་རྩ་བརྒྱད་དང་། །ཞི་བའི་ལྷ་ཚོགས་མཉེས་པ་ཡི། །རྫས་ནི་སྣ་ཚོགས་གཞག་པར་བྱའོ། །དེ་ལྟར་སྔོན་འགྲོ་རྫོགས་ནས་ནི། །ཞི་བའི་ཕྲིན་ལས་རྫོགས་བྱ་ཞིང་། །མཆོད་པ་སྣ་ཚོགས་དབུལ་བར་བྱ། །བསྒྲུབ་པའི་རྫས་དེ་ཐམས་ཅད་ལ། །ཡི་གེ་འབྲུ་གསུམ་བྱིན་གྱིས་བརླབས། །བདག་ཉིད་ཏིང་འཛིན་ལྡན་བྱས་ལ། །ཞག་གསུམ་ཚོགས་ཀྱི་འཁོར་ལོ་བསྐོར། །དུས་བཞིར་ཚོགས་ཀྱི་རྒྱུན་མི་གཅད། །དེ་ལྟར་ཏིང་འཛིན་བྱིན་བརླབས་ནས། །ཚོགས་རྣམས་སྤྱན་དྲང་འདི་སྐད་དོ། །ལྕགས་ཀྱུའི་ཕྱག་རྒྱ་ཐུགས་ཀར་བཅའ། །ལྕགས་ཀྱུའི་བར་ནས་ཛཿའཕྲོས་པས། །ཞི་བའི་ལྷ་ཚོགས་སྤྱན་དྲངས་བསམ། །དེ་ནས་སྤྱན་དྲངས་འདི་སྐད་དོ། །ཧཱུཾ། བདེ་བར་གཤེགས་སོ་རིགས་ལྔའི་ཚོགས། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །སེམས་དཔའ་དང་ནི་སེམས་མ་དང་། །ཐུབ་དྲུག་ཀུན་བཟང་ཡབ་ཡུམ་དང་། །སྒོ་བ་ཡབ་ཡུམ་འཁོར་བཅས་དང་། །ཞི་བའི་ཕོ་བྲང་འཁོར་བཅས་རྣམས། །ཚོགས་ཀྱི་གནས་འདིར་གཤེགས་སུ་གསོལ། །ཚོགས་མཆོག་དཀྱིལ་འཁོར་སྤྱན་འདྲེན་གྱིས། །རིན་ཆེན་གར་དང་གཟི་མདངས་འཕྲོ་བའི་ཚུལ། །ཚོགས་ཀྱི་མཆོད་པ་རབ་འབྱམས་མ་ལུས་ཀུན། །ལོངས་སྤྱོད་ཚོགས་ཀྱི་གནས་འདིར་གཤེགས་སུ་གསོལ། །གཉིས་མེད་འཁྲིལ་སྦྱོར་ཡུམ་བཅས་གཤེགས་སུ་གསོལ། །དེ་ནས་ཚོགས་བསྒྲལ་བ་ནི། རལ་གྲིའི་ཕྱག་རྒྱ་བཅའ་ལ། ཚོགས་ནི་དུམ་བུར་གཏུབ་


DNG003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། །བསྒྲལ་བའི་མཆོད་པ་འདི་སྐད་དོ། །ཧཱུཾ། ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །སློབ་དཔོན་འཁོར་བཅས་དགོངས་སུ་གསོལ། །གཉིས་མེད་དབྱིངས་ལས་བསྐྱེད་པ་ཡི། །ཞི་བའི་ལྷ་ཚོགས་དགོངས་སུ་གསོལ། །བདག་ཉིད་དཔའ་བོའི་སྟོབས་དག་གིས། །ཐབས་མཁས་ཐུགས་རྗེའི་བྱིན་རླབས་ལས། །བཟའ་བཏུང་རྒྱུ་འདི་བསྒྲལ་བར་བྱ། །ཚོགས་ཀྱི་རྒྱུན་ནི་བྱང་ཆུབ་སེམས། །བྱང་ཆུབ་རྒྱུ་ནི་སྟོང་བདག་མེད། །རིག་པ་མེད་པས་རིག་ལས་འདས། །མཚན་མའི་ཡུལ་མེད་མངོན་སངས་རྒྱས། །བསྒྲལ་བའི་རྒྱུ་མེད་དབྱིངས་སུ་བསྒྲལ། །སརྦ་པྲ་པ་ན་ཧཱུཾ་ཁཱ་ཧི་ཁཱ་ཧི། དེ་ནས་མཆོད་པ་ནི་འདི་སྐད་དོ། །ཧཱུཾ། རྣམ་པར་སྣང་མཛད་བཀྲ་ཤིས་འབྱུང་བའི་གཏེར། །ཡིད་བཞིན་འཛུམ་པའི་སེམས་ཀྱིས་ཚོགས་འདི་བསྔོ། །བཟའ་བཅའ་དང་ནི་ལོངས་སྤྱོད་ཐམས་ཅད་བསྔོ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་དཀྱིལ་འཁོར་ནས། །རྒྱལ་བའི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་། །འགྲོ་བའི་དོན་ལ་དགོངས་པས་ཚོགས་འདི་བཞེས། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ལ། །བྱང་ཆུབ་སེམས་དང་གཉིས་མེད་ཕྱིར། །དག་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་སྣ་ཚོགས་ཅིར་ཡང་སྤྲུལ། །འཁོར་དང་ལོངས་སྤྱོད་བཅས་ཏེ་འབུལ་ལགས་ན། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །སྣང་བ་མཐའ་ཡས་སྤྲུལ་སྐུ་བྱང་ཆུབ་སེམས། །སེམས་ཅན་དོན་ལ་དགོངས་པའི་ཐུགས་རྗེ་ཅན། །རིག་པ་གཉིས་མེད་ཚུལ་གྱིས་ཁྱབ་མཛད་པ། །མཱང་ས་དང་ནི་རོ་མཆོག་ཚོགས་འདི་ནི། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དོན་ཡོད་གྲུབ་པ་གཉིས་མེད་གར་བསྒྱུར་ཞིང་། །


DNG003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འབྲལ་མེད་པའི་ཚུལ་དུ་ཡབ་ཡུམ་སྦྱོར། །ལོངས་སྤྱོད་མ་ལུས་འདུས་པའི་རྫས་ཆེན་འདི། །བདག་ཉིད་མཉམ་པར་བཞག་པའི་ཚུལ་འདིས་འབུལ་ལགས་ན། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །བྱང་ཤར་འཁོར་ལོའི་རྩིབས་སྟེང་ན། །རྡོ་རྗེ་སེམས་དཔའ་གཉིས་མེད་གྱུར་པའི་ཚུལ། །ཕྱག་ན་རྡོ་རྗེ་དཔའ་བོའི་ཚུལ་གྱིས་བསྟན། །སྤྱན་རས་གཟིགས་དབང་འགྲོ་བ་སྟོབས་ཀྱིས་འདུལ། །སྐུ་མདོག་འོད་ཟེར་ལྔ་ཡི་ཕྲེང་བ་ཅན། །དགྱེས་ཏེ་འཛུམ་པའི་ཚུལ་གྱིས་གླུ་བླངས་པས། །སེམས་དཔའི་ཚོགས་ལ་གཉིས་མེད་མཆོད་པར་འབུལ། །པི་ཝང་སྒྲ་དང་གླིང་བུའི་སྒྲ་འབྱིན་པ། །སྣ་ཚོགས་སྒྲ་ཡི་མཆོད་པ་དམ་པ་འབུལ། །རྫས་དང་ལོངས་སྤྱོད་ཐམས་ཅད་མཆོད་པའི་མཐུས། །སེམས་དཔའ་སེམས་མ་རྣམས་ལ་མཆོད་པར་འབུལ། །རིན་ཆེན་སེམས་དཔའ་པད་མའི་སེམས་དཔའ་དང་། །ཆོས་ཀྱི་སེམས་དཔའ་ལས་ཀྱི་སེམས་དཔའ་ལ། །གཉིས་མེད་མཐུན་སྦྱོར་ཚོགས་མཆོད་དམ་པ་འབུལ། །ཕྱོགས་སྐྱོང་ཡབ་ཡུམ་དང་ནི་ཐུབ་པ་དྲུག །ཞི་བའི་ལྷ་ཚོགས་ཀུན་ལ་མཆོད་པར་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །འདོད་ཡོན་ལྔ་ལྡན་མཆོད་པར་འབུལ། །ཨ་ལི་ཨུ་ལི་ཧཱ་ལི་ཏ་པ་ལི། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཞི་བའི་ཚོགས་བསྒྲལ་བའི་ལེའུ་སྟེ་བཅུ་གསུམ་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། བུཌྜྷ་ལིར་ཀྲོ་ཏ་སུ་ཀ་ནཱ་མ། བོད་སྐད་དུ། ཁྲོ་བོའི་རང་བཞིན་དུ་ཚོགས་བསྒྲལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པད་མ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་རང་རང་འདུས་པའི་ཚོགས་རྣམས་ཉོན། །གང་ཞིག་ལོངས་སྤྱོད་འཕེལ་འདོད་པས། །སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པ་བཤམ། །ཁྲོ་བོའི་དཀྱིལ་འཁོར་བཞེངས་སུ་གསོལ། །
ཁྲོ་བོའི་རྫས་དང་ལོངས་སྤྱོད་བསགས། །ཁྲོ་བོའི་ཕྲིན་ལས་རྫོགས་པར་བྱའོ། །གསང་སྔགས་བྱིན་བརླབ་ལྡན་པར་བྱ། །བསྒྲལ་བའི་མཆོད་པ་འདི་སྐད་དོ། །ཧཱུཾ། བདག་ཉིད་པད་མ་གར་ལྡན་པས། །ཐབས་མཁས་པདྨ་དབང་ཆེན་གྱིས། །འགྱིངས་པའི་སྟབས་ཀྱིས་གར་བྱས་པས། །བསྒྲལ་བའི་རྒྱུ་རྣམས་དབྱིངས་སུ་བསྒྲལ། །བསྒྲལ་བའི་རྒྱུ་ལ་བསམ་ཡས་ཀྱང་། །སྲོག་ཅན་དང་ནི་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་པས། །གིང་ཆེན་ཤེས་རབ་ཐབས་ལྡན་པས། །གཟུང་འཛིན་རྐང་པ་བསྣོལ་ནས་ནི། །གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ། །པྲ་བེ་ཤ་ཡ་ཧཱུཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཕཊ་ཕཊ། དེ་ལྟར་ཚོགས་དེ་བསྒྲལ་བྱས་ལ། །ཆ་གསུམ་དག་ཏུ་གཅད་པར་བྱ། །རྡོ་རྗེ་རྒྱལ་པོས་ལས་ཀྱི་དྲི་ཆབ་ཀྱིས། །ཚོགས་དེ་བསངས་ཤིང་མཆོད་པར་བྱ། །དང་པོ་དཔའ་བོ་སྒེགས་པས་མཆོད། །གཉིས་པ་དྲི་མེད་དྲི་ཆེན་འཁོར་ལོས་མཆོག །གསུམ་པ་གཉིས་མེད་བཤགས་པས་མཆོད། །དེ་ལྟར་ཁྲོ་བོའི་མཆོད་རྫོགས་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཁྲོ་བོ་རང་བཞིན་གྱི་ཚོགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། །རྫོགས་སོའོ།། །།


previousཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་། next