Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོག་མའི་མགོན་པོ།
   
   


 
previousཐོག་མའི་མགོན་པོ།next

ཐོག་མའི་མགོན་པོ།

ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད། །ཁྱད་ཆོས་དྲུག་གི་མངོན་པར་བྱང་ཆུབ་ནས། །ཕྱི་གསལ་ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པའི་སྤྲིན། །ཆོས་གྱི་དབྱིངས་མཉམ་ཕ་མཐའི་བཟུང་མེད་པས། ༡།དོན་དམ་དབྱིངས་སུ་སྤྲོས་མཚན་ཀུན་བྲལ་ཡང་། །ཀུན་རྫོབ་སྣང་ངོར་གདུལ་བྱའི་བློ་རིམ་བཞིན། །གང་འདུལ་ཐེག་པའི་དབྱེ་སྒོ་བསྒྲངས་ཡས་པས། །མཐར་ཐུག་སྐྱེལ་སོ་ཐེག་གཅིག་འབྲས་བུར་བཟླུམ། ༢།བཀའ་གསང་རྨད་བྱུང་འོད་གསལ་རྫོགས་པ་ཆེ། །བདེ་གཤེགས་ཡེ་ཤེས་མངོན་སུམ་སྟོན་པའི་ལམ། །གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོའི་སྲོལ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། ༣།སྣང་སྲིད་ཆོས་ཀུན་མ་བཅོས་ཡེ་སངས་རྒྱས་པ་ལྟ་བའི་ལུང་། །ཀ་དག་ལྷུན་གྲུབ་ཟུང་འཇུག་སྣང་མེད་བྱང་ཆུབ་གྲུབ་པའི་མཐའ། །དབང་པོ་མཆོག་རྣམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ། །མིག་འཕྲུལ་བཞིན་དུ་བསྒྲོད་པར་བྱེད་པའི་མྱུར་ལམ་འདི་མིན་སུ། ༤།སྲིད་འབྱོར་འབུམ་གྱིས་ཁུག་མིན་དབང་རྒྱལ་མཆོག །ཟླ་བྲལ་མེས་པོའི་ནོར་སྐལ་ཡོད་བཞིན་ཀྱང་། །གཞན་ཟེར་འོལ་རྒྱུག་ཆིང་བུ་རིན་ཆེན་དུ། །རེ་བས་སྦྲན་གང་སྐལ་བ་དམན་པར་རིགས། ༥།ཇི་ལྟར་ཡིད་བཞིན་ནོར་བུའི་ཡང་། །ལྟ་མི་ཤེས་པས་མིག་མི་མགུ །རྟོགས་མཁས་དེད་དཔོན་ལ་ཡིན་བཞིན། །ཆོས་ཚུལ་འདིའི་ཀོ་དེ་ལྟར་རོ། ༦།དེང་སང་སྙིགས་མ་ལྔ་བདོས་གཞན་དབང་གིས། །ཅུང་ཟད་ཐོས་དང་བསམ་པར་བྱས་སོ་ལོའི། །ཐ་སྙད་བྱིས་པའི་རྩེད་མོ་ལ་གཡེངས་ནས། །བསྒྲུབ་པ་ཉམས་སུ་ལེན་པ་ཉིན་སྐར་ཙམ། ༧།དེ་བས་མཐའ་འབྲས་མངོན་དུ་གྱུར་པ་ཡི། །མ་འཛོལ་ཕྱི་ནང་རྟགས་ཚད་ཐོབ་པ་ཞིག །མང་པོར་མཐོང་དུ་མེད་པ་འདི་བྱུང་གི །གདམས་པས་བྱོལ་ནས་ཅི་ཞིག་ཚོལ་དུ་དགོས། ༨།ཟབ་བརླིང་དོན་ཆེན་མནོག་གིས་མི་མགུ་བར། །འཕྲད་ལེགས་ཐ་སྙད་རྒྱན་དང་སྡེབ་སྦྱོར་གྱིས། །མཁས་པ་དགྱེས་པར་དམིགས་པའི་བློ་རྩིངས་ངག །བརྟགས་གསུམ་རྟོན་པ་བཞི་ལས་ལོག་པར་འཁྱོགས། ༩།ལྟ་བའི་ཡང་རྩེ་རྟོགས་པའི་རྩལ་གསུམ་རྫོགས། །བློ་གྲོས་གཡུ་རལ་འཁྱིལ་བའི་གདོང་པ་ལྔའི། །འཇིགས་མེད་ངེས་གསང་ཐེག་པའི་སྒྲ་ཆེན་སྒྲོགས། །ཀུན༵་མཁྱེན༵་རྟོན་པ་བཞི་ལྡན་དགོངས་པའི་གསང་། ༡༠།ཟབ་དང་རྒྱ་ཆེ་མཐའ་ཡི་རྒྱ་མཚོའི་འཇིངས། །རྣམ་དཔྱོད་ཧུབ་སྟབས་གཅིག་གིས་ཉེར་དྲངས་ནས། །སྐལ་བཟང་ཐར་བའི་གསོས་སུ་སྦྱིན་པའི་མགོན། །ཨོ༵་རྒྱན༵་འཇིག༵ས་བྲལ༵་ཆོས༵་ཀྱི༵་དབང༵་པོ༵་ཆེས། ༡༡།ཁྱད་པར་འཕགས་པའི་རྡོ་རྗེའི་ཚི༵ག་གི་འཕྲེང་། །བརྒྱུད་གསུམ༵་ཐུགས་བཅུད་ཡེ་ཤེས་རོལ་བའི་མཚོན། །འཁྲུལ་རྩའི་གན༵ད་དུ་བརྡེག༵་པའི༵་མ༵ན་ང༵ག་གི༵ །སྤྱི༵་འགྲེལ༵་དེ༵་ཉིད༵་གས༵ལ་བ༵འི་རྒྱན༵་གཅིག་སྤྲོས། ༡༢།འཕགས་དང་མཁས་པའི་མཛད་པའི་གཞུང་བཟང་ལ། །མཐུན་པར་སྤོངས་དང་སྔགས་པར་བརྗོད་མིན་ཅིང་། །སྒྲོ་བསྐུར་དཔྱ་སེམས་ཕྱེད་ན་བདག་འདྲའི་ངག །སྨོད་ཅིང་གཞན་དོན་མི་འགྱུར་སྨོས་ཅི་དགོས། ༡༣།དེ་ཕྱིར་འདིར་ནི་སྡང་བའི་དབང་བྱས་དམ་པ་རྣམས་ལའང་སུན་ཅི་ཕྱིན། །རྒོལ་ཞིང་བདག་ཉིད་སྒྲོགས་ཕྱིར་དགགས་བཞག་ཉེས་པའི་ཁུར་ཆེན་རབ་ལྕིད་པོ། །ཡང་དག་པ་དང་ལོག་པར་འཁྱོགས་པའི་རྣམ་འབྱེད་ཤེས་རབ་མེད་བཞིན་དུ། །ཅུང་ཟད་ཐོས་པས་རྒྱུ་མཚན་བྱས་ནས་བསྐུར་བར་འདོད་པས་གང་དགར་མཛོད། ༡༤།བློ་གྲོས་འཆི་མེད་ལམ་ནས་རབ་ཐོན་ལེགས་བཤད་ཉིན་བྱེད་འོད་ཟེར་གྱིས། །དམ་ཆོས་རྫོགས་ཆེན་པད་ཚལ་ཡིད་འོང་ཀུན་ནས་བཞད་པ་ལས་བྱུང་བའི། །ཟབ་དང་རྒྱ་ཆེའི་རོ་མཆོག་ཞིམ་མངར་ཡིད་སིམ་སྦྲང་རྩིའི་དགའ་སྟོན་འདིའི། །སྐལ་བཟང་དོན་གཉེར་རྐང་དྲུག་ལྡན་རྣམས་ལུང་རྟོགས་ལུས་ཟུངས་བརྟས་གྱུར་ཅིག །༡༥།ཅི་བཞིན་བདེན་མཐོང་སྤྱན་རས་ཟུམ་པ་དང་། །བདག་བློ་རྨོངས་འདྲའི་འཁྲུལ༵་བ༵་ཡོད་པར་སྲིད༵། །བླ་མ་ལྷ་དང་དམ་ཅན་རྒྱ་མཚོ་ཡི། །གཟིགས་སྔར་མི་འཆབ་གནོང་འགྱོད་མཐོལ་ལོ་བཤགས། ༡༦།གང་ན་རིན་ཆེན་གསེར་གྱི་ཆ་ཤས་ཀྱང་། །དེ་མ་ཡིན་ཞེས་སྨད་པའི་གནས་མེད་བཞིན། །རྡོ་རྗེ་འཆང་གི་བཀའ་གསང་རང་རྒྱུད་དུ། །བརྩམས་པའི་གཞུང་ལ་དྲི་མ་མེད་ཕྱིར་དང་། ༡༧།དབང་ཕྱུག་མཆོག་གིས་གདམས་ངག་དངར་པོའི་སྐྱེས། །དགྱེས་བཞིན་བརྩལ་བའི་སྐལ་བཟང་ཐོབ་པའི་གཤིས། །རྗེས་བརྗོད་ཇི་ལྟ་བ་ལས་མ༵་འ༵ཁྲུལ་སྲི༵ད། །དེ་ལྟ་ན་ནི་དགེ་རྩ་འགྲོ་ལ་བསྔོ། ༡༨།ལེགས་པར་བྱས་པའི་གྲུ་ཆེན་འཇིགས་མེད་ཀྱིས། །མ་རྣམས་སྲིད་པའི་སྡུག་བསྔལ་རྒྱ་མཚོ་ལས། །བརྒལ་ནས་རྣམ་མཁྱེན་རིན་ཆེན་གླིང་ཕྱིན་ཏེ། །དོན་གཉིས་འདོད་པ་ཡིད་བཞིན་འཇོ་གྱུར་ཅིག །༡༩།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཀུན་བཟང་ཐུགས་ཀྱི་བསྟན་པའི་ཞབས་ཟིན་ནས། །དགོངས་དོན་རྟོགས་པའི་ཤེས་རབ་འོད་སྣང་གིས། །མ་རིག་མུན་སེལ་ཡེ་ཤེས་མཐར་རྒྱས་ཤོག །༢༠།

ཅེས་པ་འདི་ཡང་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྣམ་པར་རྒྱལ་བས་རིང་མོ་ཞིག་ནས་བྲི་གཞིའི་ཤོག་བུ་དང་བཅས་བསྐུལ་བ་ལ་བརྟེན་ནས་སྟོད་ཆའི་ཕ་རོལ་ཕྱིན་དྲུག་གི་མཚམས་དང་པོ་ཡན་གྲུབ་མཐར་བྱོལ་ནས་བྲི་མ་གྲུབ་པ་ལ། རྡོ་རྗེའི་མཆེད་པོ་མཁན་བསོད་ནམས་རྡོ་རྗེ་དང་། འཇམ་དབྱངས་འོད་ཟེར་སྣ་ཚོགས་སོགས་ཀྱིས་ཀྱང་བསྐུལ། ཁྱད་པར་རང་སློབ་དམ་པ་གནས་བརྟན་དོན་གྱི་དགེ་སློང་ཨཀྵ་ར་བཱི་ཛཱ་ཡ་དང་རཏྣའི་མིང་ཅན་གཉིས་ཀྱིས་ནན་ཆེར་བསྐུལ་བ་ལས། ཕྲན་ཨ་རིག་ཕྱོགས་སུ་འགྲོ་ཁར་སྨད་ཆ་དེ་བསྒྲིགས་མ་ཁོམ་པར་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ནང་ཚན་རྡོ་རྗེ་སེམས་དཔའི་དགོངས་ཉམས་ཀྱི་སྨད་དེ་བཏགས་བཏང་བ་ལ། དམ་སེལ་གྱིས་བརྡ་འཁྲུགས་ཀྱང་ཅུང་ཟད་རེ་བྱུང་བ་ལས་འབྱོར་མ་འབྲེལ་བའི་མཚམས་རྣམས་བརྩམས་ནས་སྦྱར་བ་དུས་གསུམ་དགེ་བའི་འཁྲི་ཤིང་དུ་གྱུར་ཅིག །ཡང་མཇུག་གི་སྨྲས་པ་འདི་ཡང་བྲེལ་ཚུབས་སུ་གྱུར་བས་མ་འབྲེལ་བར་གྱུར་བའང་འགའ་བྱུང་བ་སླར་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་གྲངས་ལྡན་དུ་འཆོས་ནས་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་རིགས་ཀྱི་མྱུ་གུར་སྐྱེ་སྲིད་ཐོབ་པ་ག་གཱ་ཨ་བྷྱེས་དག་པར་ཕབ་པའི་ཡི་གེ་པ་ནི་བཛྲ་དྷྭ་ཛ་ཡ་ཡིས་བྱས་པའོ། །

འདི་ནི་དོན་ལ་རྟོན་པའི་མན་ངག་ཡིན་པའི་ཕྱིར་ཚིག་ཅི་བྱུང་དུ་གོ་བདེ་བའི་བརྡ་ཡི་བསྐྱར་བཟློས་དང་ནན་ཏན་གྱི་བཤད་པའང་མང་པོ་ཡོད་ཀྱང་དོན་གྱི་འགལ་བ་མེད་ན་ཚིག་འབྲུ་ལ་མ་བརྟགས་པར་སྨྲས་ཀྱི་དེའི་ཁུང་ཡང་བདེ་མཆོག་སྟོད་འགྲེལ་ལས། ཚིག་འབྲུ་ལ་རབ་ཏུ་རྟོན་པ་ནི་བཅོམ་ལྡན་འདས་ཀྱིས་ཐེག་པ་གང་དུའང་མ་གསུངས་སོ། །ཞེས་དང་། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱོད་ཆེན་པོ་མེད། ཅེས་དང་། སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། །རྣལ་འབྱོར་ལྡན་པའི་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་ཏེ། །ངང་བས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །ཅེས་པ་དག་ལ་བསམ་ནས་ཚངས་པ་དང་ཁྱབ་འཇུག་དབང་ཕྱུག་གི་གྲུབ་མཐའ་གཙིགས་སུ་མ་བྱས་པར་བཤད་པའོ། །ཡང་བཀའ་རང་རྒྱུད་དུ་བརྩམས་པ་ལ་སྙད་ཞུགས་པར་རློམ་དུ་ཐང་ན། ཀུན་མཁྱེན་གྱི་ངལ་གསོ་དང་། ཆོས་དབྱིངས་མཛོད་སོགས་ཀྱང་བཀའ་རང་རྒྱུད་དུ་བཞག་པ་དང་། ཁྱད་པར་ཆོས་དབྱིངས་མཛོད་དེ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་རང་སོར་བརྩམས་པས་ཚིག་གཅིག་དོན་གཅིག་ལ་བཀའ་རྐུན་དུ་སྨོད་པར་མ་གྱུར་ཅིག །དེས་ན་བདག་གི་འདི་དག་ཀྱང་དེ་ལྟར་དོན་ལ་སེམས་པར་ཞུའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

འདི་མན་ཁ་མཚར་ཅེས་ཀྱང་རྙིང་སྔགས་རྒན་པོའི་རིགས་སྐྱེས་དུས་མཐའི་སྙན་ངག་ལ་མི་མོས་པ་ག་གཱ་བས་རྩེད་མོའི་དོན་དུ་སྨྲས་པ་འདི་ལ་ཧེ་རུ་ཀ་ཁྲོས་པས་བཀའ་བཀྱོན་གྱི་གད་རྒྱངས་དང་། ངག་དབང་ལྷ་མོ་དགྱེས་པའི་ཁ་ཤག་བཅས་སུ་འབྱུང་ཨི་ཐང་སྙམ་དུ་དོགས་པས་མ་བསྐུམ་པར་བག་བསྐྱངས་ནས་གླགས་སུ་བབས་པ་ན་ཕུལ་ལོ། །མངྒ་ལཾ།


previousཐོག་མའི་མགོན་པོ།next