ལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉི་ཀྱི་དོན་སྒོམ་པ་མངོན་པར་རྩོགས་པར་བྱང་ཆུབ་པ་ཞེས་བྱ་བ་མཐའ་དྲུག་གིས་བཤད་པའི་ས་བཅད་པ།
རིམ་པ་གཉིས་ལ་བསླབ་པ་ལ་ཞེས་པ་ལ་སོགས་པས་ལེའུ་སྐབས་སྟོན་པར་བྱེད་དོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་མོ་རྣམས་ཀྱིས་མཆོད་པ་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་བཤད་པར་བཅོམ་ལྡན་འདས་ལ་བསྐུལ་བ་ཡིན་ནོ། །ཨེ་མའོ་ཞེས་པ་ནི་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་ཡན་ལག་དྲུག་གི་སྦྱོར་བ་ལ་རྗེས་སུ་ཡི་རང་བའི་སྒོ་ནས། བཅོམ་ལྡན་འདས་ཆོས་
སྟོན་པ་ལ་འཁོར་རྣམས་ཀྱིས་སྤྲོ་བ་བསྐྱེད་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟོད་པས་ཞེས་པ་ནས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྡོ་རྗེའི་བཟླས་བ་བཤད་པར་བསྐུལ་བ་བསྟན་ཏོ། །གང་གི་ཕྱིར་ལས་ཀྱི་སྦྱོར་བ་ལ་ནི་བཟླས་པས་འགྲུབ་པ་ཡིན་ལ། དེའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རྡོ་རྗེ་བཟླས་པ་ལ་ནི་དེ་བཞིན་གཤེགས་པ་རྣམས་གུས་པ་ཆེར་མཛད་པ་སྟེ། དེ་ཁོ་ན་ཉིད་ཤེས་པ་ལ་ནི་གྲུབ་པ་ཐམས་ཅད་ལག་ན་ཡོད་པ་ཡིན་ནོ་ཞེས་པའི་རིགས་པས་སོ། །དེ་ནས་ནི་ཞེས་པ་ལས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། མཆོད་པའི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་བཅུ་བསྟན་ཏོ། །ཁ་ཅིག་ནི་མོས་པའི་བྱེ་བྲག་གིས་སོ་ཞེས་བཅད་དོ། །བདག་གི་བླ་མ་ནི་གོང་ནས་གོང་དུ་ཁྱད་པར་གྱི་གོ་འཕང་ཡིན་ནོ་ཞེས་འཆད་དོ། །དེ་ཉིད་ཀྱི་ཕྱི་མ་ནི་ཡི་གེ་བཟླས་པ་ཐ་མར་བཤད་དེ། དེ་ནི་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་བསམ་གཏན་ཞེས་པ་ནས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དག་གི་སྔགས་ཀྱི་རིམ་པས། ནད་ལ་སོགས་པ་ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་ཏོ། །འདི་ཉིད་ནི་ཆོ་གའི་ལྷག་མའི་ཞེས་པ་ནས་ལས་དང་པོ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་བསྒོམས་པས། དཀྱིལ་འཁོར་བཞི་ལས་བྱུང་བའི་འོད་ཟེར་དཀར་པོའི་ཚོགས་ཀྱིས། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་ཏོ། །རྡོ་རྗེ་བཞི་པོ་འདི་དག་ཉིད་ལ་ཞེས་བྱ་བ་ནས་གསང་བ་པོའི་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་དཀྱིལ་འཁོར་བཞིའི་སྤྲོས་པ་བསྟན་ཏོ། །ལས་རྣམ་པ་བཞིའི་ནང་ནས་ཞེས་པ་ནས་དེ་ཡོངས་སུ་གྱུར་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་སྔོན་དུ་འགྲོ་བས། ཁྲོ་བོའི་ཚོགས་སྤྲོས་པས་མངོན་སྤྱོད་ཀྱི་ལས་བསྟན་ཏོ། །འདིར་འབྲུ་མར་ནི་ཡུངས་མར་རོ། །དེའི་འཁོར་རྣམས་ཀྱིས་ཡང་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་
ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། ལྷ་མོ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྲོ་བོའམ། ཡང་ན་དེ་ལས་གྱུར་པའི་ཁྲོ་བོས་བཀའི་ཚོགས་སྤྲོས་པས་བསྟན་ཏོ། །ད་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་རྣལ་འབྱོར་པའི་མངོན་སྤྱོད་བསྟན་ཏོ། །རེངས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནས། སྦྱོར་བ་ཡང་དག་པར་བསྟན་པའོ་ཞེས་བྱ་བའི་བར་གྱིས་ནི། ཆུ་དང་གཞན་རྒོལ་བའི་ཚིག་དང་ཕ་རོལ་གྱི་དམག་ཚོགས་རྣམས་ལ་རིམ་པ་གཉིས་ཀྱི་རེངས་པ་བསྟན་ཏོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཏིང་ངེ་འཛིན་གང་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པ་བའི་བར་གྱིས་ནི་ཕུར་བུའི་ཆོ་ག་བསྟན་ཏོ། །དེ་ཡང་ཁྱབ་པའི་ཕྱིར། བགེགས་ལ་བྱ་བ་བཞིན་དུ་དགྲ་ལ་ཡང་བྱ་བ་ཡིན་ནོ། །བདུད་ལ་སོགས་པའི་རྣམ་པར་འཚེ་བ་ཞེས་པ་ནས་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་ཞི་བ་ཆེན་པོར་བསྟན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས། གང་དུ་དེ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་བགེགས་བསྐྲད་པ་བསྟན་ཏེ། སྔར་བཤད་པའི་སྤྲོས་པ་ཡིན་ནོ། །ཡང་ན་སྔར་བསྟན་པ་ནི་ཏིང་ངེ་འཛིན་གྱི་ཡུལ་ལོ། །འདི་ནི་དཀྱིལ་འཁོར་གྱི་ཡུལ་ལོ། །ཞི་བའི་ཞེས་བྱ་བ་ལ་སོགས་པ་ནས། དེ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བྱས་ལ་བསྒྲུབ་བྱ་བསྡུ་བ་སྔོན་དུ་བྱས་ནས། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་པ་ཡིན་ནོ། །གཞན་ཡང་སྔར་བཤད་པའི་ཁ་རྣམས་ཞེས་པ་ནས། ཏིང་ངེ་འཛིན་གྲངས་མེད་པ་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཞལ་དང༌། ཕྱག་ལ་སོགས་པའི་དབྱེ་བ་བསྟན་པ་ཡིན་ནོ། །ད་ནི་རྫོགས་པའི་རིམ་པའི་ལྷ་རྣམས་བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་རང་བྱིན་གྱིས་བརླབ་པའི་རིམ་པ་བསྐྱེད་པ་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རིམ་པར་བསྟན་ནས་ཞེས་པ་ནས་
ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རིམ་པ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུའོ་ཞེས་བྱ་བའི་བར་གྱིས་ནི། དོན་དང་ལྡན་པའི་ལེའུ་བསྟན་ཏོ། །ལེའུ་བཅུ་གསུམ་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །།