Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
ས་གསུམ་པ་འོད་བྱེད་པ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་གསུམ་པ་འོད་བྱེད་པ་བཤད་པ།next

ས་གསུམ་པ་འོད་བྱེད་པ་བཤད་པ།


GLG012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་པ་འོད་བྱེད་པ་བཤད་པ།ཆོས་ཀྱི་གནས་ལུགས་ཟབ་དོན་རྒྱ་མཚོའི་དབུས། །སྔོན་མེད་ལེགས་བཤད་ནོར་བུས་གཙུག་མཛེས་པའི། །མཁས་གྲུབ་གདེངས་ཅན་དབང་པོ་ཙོང་ཁ་པ། །བསམས་ཀྱིན་ཁྱོད་ཀྱི་གསུང་ན་རྒྱལ་བའི་བཀའ། །འོན་ཀྱང་ཁྱེད་དང་ཁྱོད་ཀྱི་རྗེས་འབྲང་བའི། །ཙནྡན་ལྗོན་པ་ལྟ་བུའི་གྲལ་ཤུལ་དུ། །ཆུ་ཤིང་བཞིན་དུ་སྙིང་པོས་དབེན་པ་ཡི། །བསྟན་འཛིན་གཟུགས་བརྙན་འགའ་ཞིག་དེང་དུས་མཆིས། །རྒྱལ་ཁམས་ཆུ་ལྟར་ཉུལ་བའི་རྣམ་གཡེང་དང་། །ཆོས་བརྒྱད་བྱ་བས་ཉིན་མཚན་མ་འདས་པར། །ཡོངས་འཛིན་དམ་པའི་གསུང་བཞིན་གསུམ་པའི་ས། །ཞིབ་མོར་བཤད་དེ་ཤེས་ལྡན་རེ་བ་སྐོང་། །གསུམ་པ་ས་གསུམ་པ་འོད་བྱེད་པ་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག །ཁྱད་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ས་གསུམ་པ་དེ་ཆོས་ཅན། འོད་བྱེད་པ་ཞེས་བྱ་སྟེ། མཉམ་གཞག་ཏུ་ག །ཉིས་སྣང་གི་ཤེས་བྱའི་བུད་ཤིང་མ་ལུས་བསྲེག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར། ས་གསུམ་པ་ཐོབ་པ་དེའི་ཚེ། བདེ་བར་གཤེགས་པའི་སྲས་པོ་ཆོས་ཅན། རྗེས་ཐོབ་ཏུ་ཡེ་ཤེས་ཀྱི་སྣང་བ་


GLG012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་འབྱུང་སྟེ། ཉི་མ་འཆར་ཁའི་དུས་ལྟར་ཟངས་འོད་འདྲ་བའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་ཕྱིར། གཉིས་པ་ནི། སེམས་བསྐྱེད་འདིར་ས་གསུམ་པ་གཙོ་བོར་བཏོན་ནས་འཆད་ནས། དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན་ཡོད་དེ། ས་གསུམ་པར་ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་བ་ཐོབ་ཚུལ་ཡོད་དེ། རྗེས་ཐོབ་ཀྱི་སྐབས་སུ་སྒོམ་སྤང་ཉོན་མོངས་ཆེན་པོའི་འབྲིང་སྤོང་བའི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་གསོག །མཚན་མ་མཐོང་ནས་སྟོང་ཉིད་ལ་མཉམ་པར་བཞག་པས། ཆེན་པོའི་འབྲིང་གི་དངོས་གཉེན་དུ་སོང་བ་ན་ས་བཞི་པར་འཕོ་ནུས་པ་སོགས་ཡོད་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་འཕེལ་ཚུལ་ཡོད་དེ། ས་འདིར་སད་རྨི་གཉིས་ཀའ་ིགནས་སྐབས་སུ་ཁོང་ཁྲོའི་གོ་སྐབས་ཐམས་ཅད་བཅོམ་སྟེ། བཟོད་པའི་ཕར་ཕྱིན་ལྷག་པར་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། ལྷའི་དབང་པོ་བརྒྱ་བྱིན་དུ་སྐྱེ་བ་བླངས་ཏེ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། འོད་བྱེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མེས་བུད་ཤིང་གི་ཚོགས་སྲེག་པ་ལྟར་མཉམ་གཞག་ཏུ་གཉིས་སྣང་བཅོམ་པའི་ཡེ་ཤེས་ཀྱི་འོད་བྱུང་བས། རྗེས་ཐོབ་ཏུ་མཚམས་སྤྲིན་གྱི་ཐུན་མཚམས་ལྟ་བུའི་སྣང་བ་འཆར་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་གསུངས་པའི་ཕྱིར། ས་གསུམ་པ་འདིར་བཟོད་པའི་ཕར་ཕྱིན་གཙོ་བོར་བསྟན་ན་དེའི་ཕན་ཡོན་ཇི་ལྟ་བུ་ཞེ་ན། བཟོད་པ་ནི་ཁོང་ཁྲོའི་གཉེན་པོ་ཡིན་ལ། ཡུལ་ཁྱད་པར་དུ་གྱུར་པ་བྱང་ཆུབ་སེམས་དཔའ་ལ་དམིགས་ཏེ། ཁོང་ཁྲོ་


GLG012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་སྐད་ཅིག་མ་གཅིག་སྐྱེས་ན་ཡང་། དེའི་མཐུས་རང་གིས་དུས་ཡུན་རིང་པོ་ནས་བསགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་རྣམས་འཇོམས་པར་བྱེད་པའི་ཕྱིར་ཏེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ། །ཞེས་དང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་བྱས་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པའི་ཕྱིར། འོ་ན་ཡུལ་བྱང་སེམས་མ་ཡིན་པ་ལ་ཁོང་ཁྲོ་བྱས་ན་དགེ་རྩ་འཇོམས་མི་ནུས་སམ་སྙམ་ན། འཇོམས་པའི་ནུས་པ་ལ་ཆེ་ཆུང་མ་གཏོགས་འཇོམས་ཏེ། ཐམས་ཅད་ཡོད་སྨྲའི་ལུང་བསླབ་བཏུས་སུ་དྲངས་པ་ལྟར། ཚངས་པ་མཚུངས་པར་སྤྱོད་པ་ནང་ཕན་ཚུན་ཁྲོས་པས་ཀྱང་འཇོམས་པའི་ཕྱིར་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག་ཁོང་ཁྲོས་དགེ་བའི་རྣམ་སྨིན་ཡིད་འོང་འབྱིན་པའི་ནུས་པ་ཐག་བསྲིང་བ་ཡིན་གྱི། ནུས་པ་མེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤང་བྱའི་ས་བོན་ཟད་པར་བྱེད་མི་ནུས་ན། ཅིག་ཤོས་ལྟ་སྨོས་ཀྱང་ཅི་དགོས་


GLG012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཟེར་ན། སྟོབས་བཞི་ཚང་བའི་བཤགས་པས་མི་དགེ་བའི་ས་བོན་སྤོང་ནུས་པར་ཐལ། དེས་མི་དགེ་བའི་རྣམ་སྨིན་གྱི་འབྲས་བུ་ཟད་པར་བྱེད་ནུས་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་རྫོགས་བྱང་དུ་བསྔོས་པའི་དགེ་བ་ཁོང་ཁྲོས་འཇོམས་མི་ནུས་པར་ཐལ། དེ་ལྟར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་ཕྱིར་ཟེར་བ་མི་འཐད་དེ། མདོ་དེའི་དོན་སྤྱིར་རྫོགས་བྱང་དུ་བསྔོས་པའི་དགེ་བའི་འབྲས་བུ་ལ་ལོངས་མི་ཟད་པར་སྤྱོད་པའི་དོན་ཡིན་པའི་ཕྱིར། ཁ་ཅིག །ཁོང་ཁྲོས་དགེ་རྩ་འཇོམས་པའི་གང་ཟག་ཡིན་ན་ལམ་མ་ཞུགས་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་ལམ་ཞུགས་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ་བྱང་སེམས་ཚོགས་ལམ་ཆེན་པོ་ནས་མྱུར་དུ་སྦྱོར་ལམ་ལ་འཕོ་ཐུབ་པ་ཞིག་གིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁྲོས་ན་ཁྲོས་པའི་སེམས་ཀྱི་སྐད་ཅིག་མའི་གྲངས་དེ་སྙེད་ཀྱི་བསྐལ་པར་ལམ་གོང་མར་འཕོ་མི་ཐུབ་པར་སླར་ལམ་ལ་སློབ་དགོས་པའི་ཕྱིར། དེར་ཐལ། མདོ་སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་རྩ་ཁོང་ཁྲོས་འཇོམས་མི་ནུས་ཟེར་ན། མི་འཐད་པར་ཐལ། བྱང་སེམས་ཚོགས་ལམ་ཆེན་པོ་བའི་དགེ་རྩ་ཁོང་ཁྲོས་འཇོམས་ནུས་པ་གང་ཞིག །དེའི་རྒྱུད་ཀྱི་དགེ་རྩ་ཡིན་ན་སྟོང་ཉིད་


GLG012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ཁོང་ཁྲོས་རང་གི་གཞོམ་བྱའི་དགེ་རྩའི་རྣམ་སྨིན་འབྱིན་པའི་ནུས་པ་གཏན་མེད་དུ་བྱས་པ་ཡིན་ནོ་ཟེར་ན། མི་འཐད་པར་ཐལ། རྣམ་བཤད་ལས། དགེ་བ་འཇོམས་པ་ཡང་ཁོང་ཁྲོ་སྐྱེས་མ་ཐག་རྒྱུད་ལ་དགེ་བ་མེད་པར་འགྲོ་བ་མིན་གྱི། འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱེད་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་བྱང་སེམས་སྦྱོར་ལམ་པས་མཐོང་ལམ་པ་ལ་ཁྲོས་ན་ཚོགས་ལམ་ནས་བསླབ་དགོས་པར་ཐལ། ཚོགས་ལམ་པ་ལ་དེའི་ཕྱིར་ཟེར་བ་ནི། ལྐུགས་མའི་རིགས་འགྲེ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ལ་དགེ་རྩ་འཇོམས་པའི་ཁོང་ཁྲོ་མི་འབྱུང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འབྱུང་བར་ཐལ། བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁྲོས་ན་བསྐལ་པ་བརྒྱར་བསགས་པའི་དགེ་རྩ་འཇོམས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ཁོང་ཁྲོས་དགེ་རྩའི་ས་བོན་འཇོམས་པར་ཐལ། དེའི་ས་བོན་མ་བཅོམ་ན་འབྲས་བུ་འབྱིན་པས་ཁྱབ་པའི་ཕྱིར། ཟེར་ན་སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའ་ལས་ཉོན་གྱིས་ངན་སོང་དུ་སྐྱེ་བ་ཡོད་པར་ཐལ། དེས་ངན་སོང་གི་ས་བོན་མ་སྤངས་པའི་ཕྱིར། ཁ་ཅིག །ཁོང་ཁྲོས་གཞོམ་བྱའི་དགེ་རྩ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་གཉིས་ཡོད་ཟེར་ན། མི་འཐད་པར་ཐལ། དེ་ཡིན་ན་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེ་ཙམ་གྱིས་ཀྱང་བསྐལ་པ་བརྒྱར་བསགས་པའི་བསོད་ནམས་ཀྱི་ཚོགས་སྔར་བསྟན་པའི་སྦྱིན་པ་དང་།ཚུལ་ཁྲིམས་ཀྱི་ཕ་རོལ་


GLG012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་བསྒོམས་པ་ལས་སྐྱེས་པ་འཇོམས་པར་འགྱུར་ན། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ས་འདིར་བཟོད་པ་ལྷག་པར་བསྟན་པ། བཟོད་པ་གཞན་ཇི་ལྟར་བསྟེན་པའི་ཚུལ། བཟོད་པའི་ཕར་ཕྱིན་གྱི་དབྱེ་བ། ས་འདིར་འབྱུང་བའི་དག་པའི་ཡོན་ཏན་གཞན་བསྟན་པ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། ས་གསུམ་པར་སྙིང་རྗེའི་སྒོ་ནས་བཟོད་པའི་ཕར་ཕྱིན་ལྷག་པ་ཡིན་ཏེ། གལ་ཏེ་ཁོང་ཁྲོ་བའི་གནས་མ་ཡིན་ཀྱང་། རྒྱུད་འཁྲུགས་པ་འགའ་ཡིས་བྱང་སེམས་དེའི་ལུས་ལས་ཤ་ནི་རུས་པ་དང་བཅས་པ་ཡུན་རིང་དུ་སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་བྱང་སེམས་དེའི་བཟོད་པ་ནི་ཤ་གཅོད་པར་བྱེད་པ་ལ་དམིགས་ནས་ལྷག་པར་སྐྱེ་བའི་ཕྱིར། སྙིང་རྗེ་ཙམ་དུ་མ་ཟད་ཤེས་རབ་ཀྱི་སྒོ་ནས་ཀྱང་ལྷག་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བདག་མེད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའི་ལུས་ལ་གཅོད་པ་པོ་གང་གིས་གཅད་བྱ་གང་ཞིག །དུས་གང་གི་ཚེ། ཚུལ་ཇི་ལྟར་དུ་གཅོད་པའི་ཆོས་ཀུན་བྱང་སེམས་དེ་ཡིས་གཟུགས་བརྙན་ལྟར་མངོན་སུམ་དུ་མཐོང་བ་དེས་ཀྱང་བྱང་སེམས་དེ་ཡིས་བཟོད་པར་འགྱུར་བའི་ཕྱིར། གཉིས་པ་ལ། ཁོང་ཁྲོ་བྱ་མི་རིགས་པ། བཟོད་པ་བསྟེན་རིགས་པ་གཉིས། དང་པོ་ལ་དགོས་པ་མེད་ཅིང་ཉེས་དམིགས་ཆེ་བས་ཁོང་ཁྲོ་མི་རིགས་པ། ཕྱིས་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་པ། སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་མི་རིགས་པ། མི་བཟོད་པའི་སྐྱོན་མང་པོ་བསམས་ནས་ཁོང་ཁྲོ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། དགྲ་བོ་དེ་ལ་གནོད་ལན་འཁོན་དུ་བཀོན་ཅིང་བྱེད་པ་ཚེ་འདིར་ངེས་པར་དོན་མེད་ཅིང་། འཇིག་རྟེན་


GLG012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་གྱི་དོན་དང་ཡང་ནི་འགལ་བར་འགྱུར་ཏེ། གལ་ཏེ་རང་ལ་གཞན་གྱིས་གནོད་པ་བྱས་པས་གནོད་བྱེད་དེར་འཁོན་དུ་བཀོན་ཅིང་གནོད་ལན་བྱེད་པ་ན། གནོད་བྱེད་དེ་ལ་འཁོན་དུ་བཀོན་པས་གནོད་པ་བྱས་ཟིན་ལྡོག་གམ་ཅི་སྟེ་མི་ལྡོག་ཅིང་། ཁོང་ཁྲོས་རྣམ་སྨིན་ཡིད་མི་འོང་འཕེན་པར་བྱེད་པ་དེའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཞན་ལ་གནོད་ལན་བྱེད་པ་དང་ནི་སླར་ཡང་ཁྲོ་བས་སྡུག་བསྔལ་ཕྱི་མའི་ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད་དེ་བྱེད་མི་རིགས་ཏེ། དགྲས་གནོད་པ་བྱས་པ་དེ་སྔོན་རང་གི་མི་དགེ་བའི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་གང་ཡིན་པ་ཟད་པར་བྱེད་པ་བརྗོད་པར་འདོད་པ་དེ་ཉིད་ཀོ་སྟེ་དེ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དགེ་བ་འཇོམས་པ་ལ་མི་བཟོད་པ་ཁོང་ཁྲོ་ལས་གཞན་པའི་སྡིག་པ་སྟོབས་ཆེ་བ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། རྒྱལ་སྲས་རང་ལས་སྟོབས་དམན་པའི་སེམས་དཔའ་རྣམས་ལ་ཁྲོས་པ་ཡི་སྐད་ཅིག་གཅིག་པོ་དེ་ཡིས་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་བསྐལ་པ་བརྒྱར་བསགས་པ་འཇོམས་པ་དེའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ཁོང་ཁྲོ་དགག་རིགས་ཏེ། མི་བཟོད་པ་ཁོང་ཁྲོ་ཡིས་མི་སྡུག་པའི་གཟུགས་སུ་བྱེད་ཅིང་། ཁོང་ཁྲོའི་དབང་གིས་བྱ་བ་ངན་པ་ལ་ཞུགས་པས་དམ་པ་ཡིན་པར་བཀྲི་བ་དང་། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང་། ཤི་བའི་འོག་ཏུ་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད་པའི་ཕྱིར། གཉིས་པ་ལ། བཟོད་པའི་ཡོན་ཏན་མང་པོ་བསམ་པ་དང་། དོན་བསྡུས་ཏེ་བཟོད་པ་བསྟེན་པར་གདམས་པ་དང་


GLG012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། བཟོད་པ་ཡོན་ཏན་དུ་མ་དང་ལྡན་ཏེ། བཟོད་པ་བསྒོམས་པས་སྔར་བཤད་ཟིན་གྱི་སྐྱོན་དང་འགལ་བའི་ཡོན་ཏན་རྣམས་སྐྱེད་པར་བྱེད་པའི་ཕྱིར། བསྐྱེད་ཚུལ་ཡོད་དེ། བཟོད་པས་གཟུགས་མཛེས་ཤིང་སྐྱེ་བོ་དམ་པ་རྣམས་ལ་ཕངས་པ་སྟེ་གཅེས་པ་དང་ལུགས་དང་ལུགས་མིན་པ་ཤེས་པ་ལ་མཁས་པར་འགྱུར་ཞིང་། ཤི་བའི་འོག་ཏུ་ལྷ་དང་མིར་སྐྱེ་བ་དང་སྡིག་པ་ཟད་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སོ་སོ་སྐྱེ་བོའི་ཁྲོ་བའི་སྐྱོན་དང་རྒྱལ་སྲས་ཀྱི་བཟོད་པའི་ཡོན་ཏན་རིག་པར་བྱས་ཏེ་མི་བཟོད་པ་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས་བསྔགས་པའི་བཟོད་པ་རྟག་ཏུ་མྱུར་དུ་བསྟེན་པར་བྱ་སྟེ། སྔར་བཤད་པའི་སྐྱོན་ཡོན་དེའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བཟོད་པའི་ཕར་ཕྱིན་ལ་གཉིས་སུ་ཡོད་དེ། རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱིར་བསྔོས་ཀྱང་བཟོད་པའི་འཁོར་གསུམ་དུ་བདེན་པར་དམིགས་པས་བཅིངས་པ་ཡོད་ན། དེ་ནི་འཇིག་རྟེན་པའི་བཟོད་པ་ཡིན་ལ། དེར་དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའི་ཕྱིར། བཞི་པ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ས་གསུམ་པ་དེར་གནས་པའི་རྒྱལ་སྲས་ཆོས་ཅན། ཡོངས་སུ་དག་པའི་ཡོན་ཏན་གཞན་ཡང་འབྱུང་སྟེ། བསམ་གཏན་གཟུགས་མེད་དང་། མངོན་པར་ཤེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཡོངས་སུ་བསྲབས་ཤིང་ཟད་པར་འགྱུར་བའི་ཕྱིར། ས་གསུམ་པ་བ་དེས་ཀྱང་ཆོས་ཅན། རྟག་ཏུ་འཇིག་རྟེན་པའི་འདོད་


GLG012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཇོམས་པར་ནུས་པར་འགྱུར་ཏེ། བརྒྱ་བྱིན་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར།གཉིས་པ་ནི། ས་གསུམ་པ་འདིར་ཡོན་ཏན་གཞན་ཇི་ལྟ་བུ་ཡོད་ཅེ་ན། གཞག་ཏུ་ཡོད་དེ། བཟོད་པའི་ཕར་ཕྱིན་ལྷག་པ་དེ་བཞིན་དུ། བསམ་གཏན་དང་པོ་ལ་སོགས་པའི་བསམ་གཏན་བཞི། ནམ་མཁའ་མཐའ་ཡས་ལ་སོགས་པའི་སྙོམས་འཇུག་བཞི། བྱམས་སོགས་ཚད་མེད་བཞི། མངོན་པར་ཤེས་པ་ལྔ་ལ་སོགས་པ་རྣམས་ཀྱང་ཐོབ་པར་འགྱུར་བ་ཡིན་པའི་ཕྱིར། བསམ་གཏན་གཟུགས་མེད་ལ་སྙོམས་པར་འཇུག་ལྡང་བྱེད་པའི་དབང་གིས་ཁམས་གོང་མར་སྐྱེ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་གཞན་དོན་རྒྱ་ཆེན་པོ་བསྒྲུབ་པའི་རྟེན་རྣམས་སུ་སྐྱེ་བའི་ཕྱིར། ཚད་མེད་པ་བཞི་པོ་དེ་གནས། དམིགས་པ། རྣམ་པ་ངོ་བོ་གྲོགས་ཏེ་ཁྱད་ཆོས་ལྔ་ཚང་བ་ཡིན་ཏེ། གནས་བསམ་གཏན་ལ་བརྟེན་པ། དམིགས་པ་སེམས་ཅན་ལ་དམིགས་པ། རྣམ་པ་བདེ་བ་དང་ལྡན་འདོད་སོགས་ཀྱི་རྣམ་པ་ཅན། ངོ་བོ་ཏིང་འཛིན་དང་ཤེས་རབ་གང་རུང་ཡིན་པ། གྲོགས་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་སྟེ་ཁྱད་ཆོས་ལྔ་ཡོད་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་ཤོག་ཅིག་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །


GLG012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཕྱིར། དྲངས་མ་ཐག་པར། བྱམས་པས་སེམས་ཅན་བདེ་བ་དང་ལྡན་འདོད། སྙིང་རྗེས་སྡུག་བསྔལ་དང་བྲལ་འདོད། དགའ་བས་བདེ་བ་དང་མི་འབྲལ་བར་འདོད་པ། བཏང་སྙོམས་ཀྱིས་ཀུན་ལ་ཉེ་རིང་མེད་པར་བཤད་ནས། ས་མཚམས་ནི་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་བསྟན་ཏེ། དེ་ཉིད་ལས། ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་བསྒྲུབ་ཅེ་ན། ཕྱི་རོལ་པའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པའང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ཏེ་ཚད་མེད་པ་རྣམས་མངོན་པར་བསྒྲུབ་བོ། །ཞེས་གསུངས་པའི་ཕྱིར། མངོན་ཤེས་དྲུག་གི་འཆད་ཚུལ་ཡང་ཡོད་དེ། རྟེན་གྱི་ཁྱད་པར། ལུས་རྟེན་ནི་དང་པོ་ལྔ་ཕྱི་རོལ་པའི་རྒྱུད་ལ་ཡང་ཡོད་ཅིང་། ཕྱི་མ་ནི་འཕགས་པ་ཁོ་ནའི་རྟེན་ཅན་དང་། སེམས་རྟེན་ནི་དང་པོ་ལྔ་བསམ་གཏན་བཞི་ལ་བརྟེན་པ་ཡོད་ཅིང་། དྲུག་པ་རབ་མཐའི་བསམ་གཏན་ལ་བརྟེན་པ་ཡིན་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། ཡོན་ཏན་ལྷག་མ་རྣམས་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། རབ་ཀྱིས་མཐར་ཕྱིན་པའི་བསམ་གཏན་བཞི་ལ་བརྟེན་ནས་མངོན་པར་བསྒྲུབ་བོ། །ཞེས་གསུངས་པའི་ཕྱིར། ངོ་བོ་གཞག་ཏུ་མོད་དེ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། སྣ་ཚོགས་སུ་སྤྲུལ་བསྒྱུར་སྟོན་པའི་བྱེད་ལས་ཀྱིས་ཁྱད་པར་དུ་བྱས་པའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་ངོ་བོ་


GLG012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེས་མཚོན་ཏེ། སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་བརྟེན་པའི་དབང་དུ་བྱས་ཏེ། འཇིག་རྟེན་ཁམས་དུ་མའི་གཟུགས་ཕྲ་རགས། སྒྲ་ཕྲ་རགས། གཞན་སེམས་ཤེས་པ། ཚེ་སྔ་ཕྱི་ཤེས་པ་མཐོང་སྤང་སྒོམ་སྤང་སོགས་རང་རྒྱུད་ཀྱི་ཟག་པ་ལ་དེ་ལྟར་ཤེས་པ་རྣམས་རིམ་པ་བཞིན། མིག་གི་མངོན་ཤེས། རྣ་བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་སམ་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་རྣམས་རིམ་པ་བཞིན་ཡིན་པའི་ཕྱིར། ཁྱད་པར་ཡོད་དེ། ལུགས་འདིར་དེ་ཐམས་ཅད་ཡིད་མངོན་དང་དགེ་བ་ཡིན་ལ། མཛོད་པའི་ལུགས་ལ། དང་པོ་གཉིས་དབང་ཤེས་དང་། ལྷག་མ་བཞི་ཡིད་ཤེས། མིག་རྣའི་མངོན་ཤེས་གཉིས་ལུང་མ་བསྟན་དང་། ལྷག་མ་རྣམས་དགེ་བ་ཡིན་པའི་ཕྱིར་ཏེ། མཛོད་ལས། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་གསུངས་པའི་ཕྱིར། བྱེད་ལས་ཡོད་དེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་དེའི་མཐུ་ལ་བརྟེན་ནས་མ་དད་པ་ཟློག་པར་བྱེད། མིག་གིས་སྤྱོད་ཚུལ་ཤེས་ནས་དགེ་བ་ལ་སྦྱོར། རྣ་བས་གཞན་གྱི་ངང་ཚུལ་ཤེས་པའི་སྒོ་ནས་སྣོད་བརྟག །ལྷག་མ་གསུམ་གྱིས་བདག་ཏུ་ལྟ་བ་དང་། མཐའ་གཉིས་དང་བྲལ་བར་བྱེད། འཕགས་པ་རྣམས་དགྱེས་པ། ལྷ་རྣམས་ཀྱིས་མཆོད་པ། ལུང་བསྟན་ཐོབ་པ་སོགས་ཡོད་པའི་ཕྱིར་ཏེ། རྒྱན་ལས། འདབ་གཤོག་ཀུན་ཏུ་རྒྱལ་པོའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་ཐོབ། །སྐྱེ་དགུ་རྣམས་ལ་ཚིག་གཟུང་འོས་པར་གྱུར། །


GLG012_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡིས། གནས་པ་དཔེ་མེད་རྒྱ་ཆེན་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་རྣམས། ཡང་དག་མཆོད་བྱེད་རྣམ་པར་དག་པ་སྤྱོད། །ཅེས་གསུངས་པའི་ཕྱིར། འོ་ན་ས་གསུམ་པ་འདིར་ཤེས་སྒྲིབ་སྤོང་བར་བཤད་དམ་སྙམ་ན་མ་ཡིན་ཏེ། གཉིས་སྣང་འཁྲུལ་བའི་ཤེས་སྒྲིབ་ཀྱིས་བསླད་པ་མེད་པར་བསྟན་པ་ཡིན་གྱི། ཤེས་སྒྲིབ་ས་བརྒྱད་པ་ནས་སྤོང་བའི་འགོ་རྩོམ་པའི་ཕྱིར། སྐབས་འདིར་སྒྲིབ་གཉིས་ཀྱི་རྣམ་གཞག་བཤད་དུ་ཡོད་དེ། སྒྲིབ་པ་གང་ཞིག །གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཉོན་སྒྲིབ་དང་། སྒྲིབ་པ་གང་ཞིག །གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཤེས་སྒྲིབ་ཏུ་འཇོག་པའི་ཕྱིར། ཉོན་སྒྲིབ་ལ་དབྱེ་ཚུལ་ཡོད་དེ། ངོ་བོའི་སྒོ་ནས་དབྱེ་ན། དམིགས་རྣམ་མི་འཛིན་པའི་ཉོན་སྒྲིབ་ཕྲ་མོ་དང་། དམིགས་རྣམ་འཛིན་པའི་ཉོན་སྒྲིབ་མངོན་གྱུར་བ་གཉིས། རྒྱུའི་སྒོ་ནས་དབྱེ་ན་ཀུན་བརྟགས་དང་ལྷན་སྐྱེས་གཉིས། གཉེན་པོའི་སྒོ་ནས་དབྱེ་ན་མཐོང་སྤང་དང་སྒོམ་སྤང་གཉིས་རྣམས་སུ་ཡོད་པའི་ཕྱིར། ཕྲ་མོ་དང་མངོན་གྱུར་ཡང་གཞག་ཏུ་ཡོད་དེ། ཉོན་མོངས་སྔ་མས་བཞག་པའི་བག་ཆགས་ཉོན་མོངས་ཕྱི་མ་བསྐྱེད་པར་ནུས་པའི་ས་བོན་དེ་ཕྲ་མོ་དང་། ཉོན་སྒྲིབ་ཀྱང་ཡིན། དམིགས་རྣམ་འཛིན་པའི་བློ་ཡང་ཡིན་པའི་གཞི་མཐུན་པ་དེ་མངོན་གྱུར་ཡིན་པའི་ཕྱིར་དང་། གྲུབ་མཐས་རྒྱུད་བསླད་པའི་དབང་གིས་བྱུང་བའི་ཉོན་མོངས་པ་མཚུངས་ལྡན་དང་བཅས་པའམ། དེས་བསྐྱེད་པའི་ས་བོན་གང་རུང་གིས་བསྡུས་པ་དེ་


GLG012_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བརྟགས་དང་། གྲུབ་མཐས་རྒྱུད་བསླད་པའི་དབང་གིས་བྱུང་བ་མ་ཡིན་པར་རང་རྒྱུ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་བྱུང་བའི་ཉོན་མོངས་པ་མཚུངས་ལྡན་དང་བཅས་པའམ། དེས་བསྐྱེད་པའི་ས་བོན་གང་རུང་གིས་བསྡུས་པ་ཉོན་སྒྲིབ་ལྷན་སྐྱེས་སུ་འཇོག་པའི་ཕྱིར། ཤེས་སྒྲིབ་ལ་དབྱེ་ཚུལ་ཡོད་དེ། བདེན་འཛིན་མ་ལུས་པར་སྤངས་པའི་འཕགས་པ་སློབ་པའི་རྒྱུད་ལ་འབྱུང་བའི་སྒྲིབ་པའི་རིགས་སུ་གནས་པ་གང་ཞིག །རང་ཡུལ་གཟུགས་སོགས་བདེན་གྲུབ་ཏུ་སྣང་བའི་གཉིས་སྣང་འཁྲུལ་པའི་ཆ་དེ་ཤེས་སྒྲིབ་མངོན་གྱུར་དང་། རང་གི་རྒྱུར་གྱུར་འི་བདེན་འཛིན་གྱིས་ཐུན་མོང་མ་ཡིན་པའི་ལག་རྗེས་བཞག་པ་ལས་བྱུང་ཞིང་། རང་གི་འབྲས་བུར་གྱུར་པའི་གཉིས་སྣང་འཁྲུལ་པའི་ཉེར་ལེན་གང་ཞིག །བདེན་འཛིན་མ་ལུས་པར་སྤངས་པའི་འཕགས་པ་སློབ་པའི་རྒྱུད་ལ་འབྱུང་བའི་སྒྲིབ་པའི་རིགས་སུ་གནས་པ་དེ་ཤེས་སྒྲིབ་ཕྲ་མོར་འཇོག་པ་ཡིན་པའི་ཕྱིར། སྒྲིབ་གཉིས་སྤོང་ཚུལ་ཡང་གཞག་ཏུ་ཡོད་དེ། ཐེག་དམན་པ་རྣམས་རང་རང་གི་ཚོགས་ལམ་ནས་ཉོན་སྒྲིབ་ཀྱི་ས་བོན་སྤོང་བའི་འགོ་རྩོམ། རང་རང་གི་དགྲ་བཅོམ་ཐོབ་ནས་སྤངས་པར་འཇོག་པའི་ཕྱིར། དམན་ལམ་སྔོན་མ་སོང་རྣམས་ཐེག་ཆེན་གྱི་མཐོང་ལམ་ནས་དངོས་སུ་སྤོང་པའི་འགོ་རྩོམ། ས་བརྒྱད་པ་ཐོབ་པ་དང་སྤངས་པ་དུས་མཉམ། ས་བརྒྱད་པ་ནས་ཤེས་སྒྲིབ་སྤོང་བའི་འགོ་རྩོམ། རྣམ་མཁྱེན་ཐོབ་པ་དང་སྤངས་ཟིན་པ་དུས་མཉམ་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པ་ཡིན་ལ།


GLG012_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སོགས་པའི་བག་ཆགས་ཡོད་པ་ནི་ལུས་དང་ངག་དག་གི་འཇུག་པ་རྣམ་པ་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ། མ་རིག་པ་དང་འདོད་ཆགས་ལ་སོགས་པའི་བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ལ་ལྡོག་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག །ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེས། རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ཤེས་སྒྲིབ་སྤོང་ཟེར་ན། དེ་ལ་གནས་པའི་གང་ཟག་དེས་བསྐལ་ཆེན་གྲངས་མེད་གཉིས་ཀྱི་ཚོགས་བསགས་ཟིན་པར་ཐལ། དེ་འདྲ་བའི་ལམ་དེ་རང་གི་ངོ་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པའི་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གི་སྤང་བྱར་གྱུར་པའི་སྒྲིབ་པ་མེད་པར་ཐལ། དེ་འདྲའི་ཉོན་སྒྲིབ་མེད་པ་གང་ཞིག །ཤེས་སྒྲིབ་ཀྱང་མེད་པའི་ཕྱིར་ཟེར་བར་ལན་འདེབས་པ་ཁ་ཅིག །དེ་ཡོད་དེ། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཡིན་ཟེར་ན། ཤེར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་དེ། ས་དྲུག་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་དེའི་བར་ཆད་མེད་ལམ་པ་དེ་ཤེར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པའི་གང་ཟག་མ་ཡིན་པར་ཐལ་ལོ། །འདོད་མི་ནུས། ཁ་ཅིག་དེ་ཡོད་པར་ཐལ།


GLG012_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྙོམས་འཇུག་གི་སྒྲིབ་པ་ཡོད་པའི་ཕྱིར། ཟེར་ན། སྙོམས་འཇུག་གི་སྒྲིབ་པས་སྒྲིབ་པའི་གོ་ཆོད་པར་ཐལ། ཁྱོད་ཀྱི་ཁས་བླངས་འཐད་པའི་ཕྱིར། འདོད་ན། ལས་སྒྲིབ་ཀྱིས་སྒྲིབ་པའི་གོ་ཆོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་བུའི་ཕུང་ཁམས་སྐྱེ་མཆེད་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། དམན་པའི་སྒྲིབ་པ་ཡིན་ན་སྒྲིབ་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ས་བརྒྱད་པའི་བར་ཆད་མེད་ལམ་དེས་བདེན་འཛིན་ཆུང་ངུ་དང་ཤེས་སྒྲིབ་གཉིས་ཀའི་དངོས་གཉེན་བྱེད་ཟེར་ན། མི་འཐད་པར་ཐལ། ཉོན་སྒྲིབ་མ་ཟད་ཀྱི་བར་དུ་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། ཉོན་མོངས་ཐམས་ཅད་མ་ཟད་བར་དུ་ཤེས་སྒྲིབ་མི་སྤོང་བའི་ཕྱིར། ཤེས་སྒྲིབ་ནི་དག་པ་ས་གསུམ་གྱི་གནས་སྐབས་སུ་སྤོང་ངོ་། །ཞེས་གསུངས་པའི་ཕྱིར། ཁ་ཅིག་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་རྟོགས་པ་དེ་གང་ཟག་གི་བདག་མེད་རྟོགས་པ་ཡིན་ཟེར་ན། དེ་འདྲའི་གང་ཟག་ལ་ཁྱབ་མཐའ་དེ་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་རང་རྒྱུད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གང་ཟག་རང་བཞིན་མེད་པར་རྟོགས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་དམན་ལམ་སྔོན་མ་སོང་གི་བྱང་སེམས་ས་བརྒྱད་པ་བ་དེ་དགྲ་བཅོམ་པ་ཡིན་ཟེར་


GLG012_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན། མ་ཡིན་པར་ཐལ། དེ་ཐེག་ཆེན་དགྲ་བཅོམ་པ་ཡང་མ་ཡིན། ཐེག་དམན་དགྲ་བཅོམ་པ་ཡང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། སངས་འཕགས་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཐར་པ་ཐོབ་པའི་གང་ཟག་ཡིན་ཟེར་ན། མ་ཡིན་པར་ཐལ། དེ་ཐེག་ཆེན་གྱི་ཐར་པ་ཐོབ་པའི་གང་ཟག་ཀྱང་མ་ཡིན། ཐེག་དམན་གྱི་ཐར་པ་ཐོབ་པའི་གང་ཟག་ཀྱང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེས་ཐེག་ཆེན་གྱི་བྱང་ཆུབ་མ་ཐོབ་པའི་ཕྱིར། དེར་ཐལ། དེ་སངས་རྒྱས་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེར་ཐར་པ་ཐོབ་པར་ཐལ། དེས་དེ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར། དེར་ཐལ། དེས་ཉོན་སྒྲིབ་སྤངས་པའི་ཕྱིར་ན་མ་ཁྱབ། འོ་ན་བྱང་སེམས་དེ་ཆོས་ཅན། ཉན་ཐོས་ཀྱི་ཐར་པ་ཐོབ་པ་ཐལ། དེ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། དེ་ཐར་པ་ཐོབ་པའི་སློབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དམན་ལམ་སྔོན་མ་སོང་གི་བྱང་སེམས་ཡིན་པའི་ཕྱིར། ཁ་ཅིག །དམན་ལམ་སྔོན་དུ་མ་སོང་བའི་ས་བདུན་པའི་སྐད་ཅིག་ཐ་མའི་ཡེ་ཤེས་དེ་ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་དང་། དེ་ལྟ་བུའི་ས་བརྒྱད་པ་ཐོབ་མ་ཐག་པའི་ཡེ་ཤེས་དེ་ཉོན་སྒྲིབ་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་ལམ་དང་། རང་གི་ངོ་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་གྱི་གཞི་མཐུན་དང་། དེ་ཉིད་ས་བདུན་པའི་ཐ་མའི་རྣམ་གྲོལ་ལམ་ཡིན་ཟེར་ན། ས་བརྒྱད་པའི་ཡེ་ཤེས་སྐད་ཅིག་དང་པོ་ཆོས་ཅན། ས་བདུན་པའི་རྣམ་གྲོལ་ལམ་ཡིན་


GLG012_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། འདོད་པའི་ཕྱིར། འདོད་ན། ས་བདུན་པའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་དེ་རྒྱུན་མཐའི་རྣམ་གྲོལ་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྒྱུན་མཐའི་ལམ་ཡིན་པར་ཐལ། རྒྱུན་མཐའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། འདོད་མི་ནུས། ཁ་ཅིག་ཐེག་ཆེན་གྱི་སྒོམ་སྤང་ཉོན་མོངས་ཆུང་ངུ་སྐོར་གསུམ་ཡོད་པར་ཐལ། ས་བདུན་པའི་བར་ཆད་མེད་ལམ་དེ་དེའི་དངོས་གཉེན་ཡིན་པའི་ཕྱིར། དེར་ཐལ། ས་བརྒྱད་པའི་ཡེ་ཤེས་དེས་དེའི་བདེན་འཛིན་ཆུང་ངུ་སྐོར་གསུམ་སྤངས་པའི་ཕྱིར། དེར་ཐལ། དེའི་བདེན་འཛིན་ཆུང་ངུ་སྐོར་གསུམ་ཡོད་པ་གང་ཞིག །དེས་བདེན་འཛིན་མ་ལུས་པར་སྤངས་པའི་ཕྱིར། དང་པོ་དེར་ཐལ། ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོ་སྐོར་གསུམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་ཆུང་ངུ་སྐོར་གསུམ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་ཆེན་པོ་སྐོར་གསུམ་དུ་འབྱེད་རིགས་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་སྒོམ་ལམ་དགུ་དང་སྒོམ་སྤང་དགུ་སྤང་གཉེན་སྦྱོར་རིགས་པའི་ཕྱིར། ཟེར་ན། ས་བདུན་པའི་བར་ཆད་མེད་ལམ་དེ་ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོ་སྐོར་གསུམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་ཆུང་ངུ་སྐོར་གསུམ་གྱི་དངོས་གཉེན་ཡིན་པར་ཐལ། དེས་དེ་སྤངས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ས་བདུན་པའི་བར་ཆད་མེད་ལམ་དེས་དེ་ལ་གནོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་བར་ཆད་མེད་ལམ་གྱིས་ཉན་


GLG012_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་བར་ཆད་མེད་ལམ་གྱི་སྤང་བྱར་གནོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷས་སྦྱིན་གྱི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེས་མཆོད་སྦྱིན་གྱི་རྒྱུད་ཀྱི་བདག་འཛིན་ལ་གནོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷས་མཆོད་གཉིས་པོ་རྒྱུད་གཅིག་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཐེག་ཆེན་གྱི་སྒོམ་སྤང་བདེན་འཛིན་ཆུང་ངུ་སྐོར་གསུམ་ཡོད་པར་ཐལ། དེའི་སྒོམ་སྤང་ཆུང་ངུ་སྐོར་གསུམ་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། དེར་ཐལ། དེའི་སྒོམ་སྤང་བདེན་འཛིན་ཆེ་འབྲིང་དྲུག་ཉོན་སྒྲིབ་ཀྱིས་བསྡུས་ཤིང་དེའི་སྒོམ་སྤང་ཆུང་ངུ་སྐོར་གསུམ་བདེན་འཛིན་གྱི་བག་ཆགས་ཤེས་སྒྲིབ་ཀྱི་བསྡུས་པར་འཇོག་དགོས་པའི་ཕྱིར་དང་། རྣམ་བཤད་དུ། དེ་ཡང་སྒོམ་སྤང་ཀྱི་ཉོན་མོངས་ལྷན་སྐྱེས་ཆེ་འབྲིང་དྲུག་ཅེས་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། ཁ་ཅིག་ཐེག་དམན་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བས་ས་དང་པོ་ནས་ཤེས་སྒྲིབ་སྤོང་བའི་འགོ་རྩོམ་པར་ཐལ། དེས་སྒྲིབ་པ་ཞིག་སྤོང་བ་གང་ཞིག །ཉོན་སྒྲིབ་སྤངས་ཟིན་པའི་ཕྱིར། ཟེར་ན། དེ་འདྲའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་མ་དག་ས་བདུན་གྱི་གནས་སྐབས་སུ་བར་ཆད་མེད་ལམ་མི་འབྱུང་བའི་ཕྱིར། གསུམ་པ་ནི། སྦྱིན་པ་དང་སོགས་ཀྱི་སྒྲས་ཚུལ་ཁྲིམས་བཟོད་པའི་ཆོས་གསུམ་པོ་དེ་དག་ཆོས་ཅན། ཕལ་མོ་ཆེར་བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས་ཏེ། དེས་བསྒྲུབ་སླ་བའི་ཕྱིར། དེ་དག་ཉིད་ཆོས་ཅན། བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་ཡིན་ལ། སངས་རྒྱས་ཀྱི་གཟུགས་


GLG012_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་ཉིད་ཀྱི་སྐུའི་རྒྱུའི་གཙོ་བོ་ཡིན་ཏེ། གཟུགས་སྐུའི་ཉེར་ལེན་ཡིིན་པའི་ཕྱིར། ཀྵ་མུ་བཟོད་པ་ལའོ་ཞེས་པའི་བྱིངས་ལ། རྗེས་འབྲེལ་དབྱེ་བ་དང་། བུད་མེད་ལ་ཀྟིའོ་ཞེས་པས་ཀྟིའི་རྐྱེན་བྱིན། ཀ་ལ་ཡན་བཞིན་སོགས་ཀྱིས་ཕྱིས། སྡེ་པ་ལ་སྡེ་པའི་མཐའ་བྱས་པས། ཀྵནྟི་ཞེས་འགྲུབ་པ་བཟོད་པ་ཡིན་ནོ། །བཞི་པ་ནི། རྒྱལ་བའི་སྲས་པོ་ཉི་མ་དང་འདྲ་བའི་རྒྱུད་ལ་གནས་པའི་ས་གསུམ་པ་འོད་བྱེད་པ་དེ་ནི་ཆོས་ཅན། རང་གཞན་གྱི་མུན་པ་སེལ་བ་ཡིན་ཏེ། རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་དུ་གཏོགས་པའི་མུན་པ་རྣམས་དང་པོར་ཡང་དག་པར་བསལ་བར་བྱས་ནས་འགྲོ་བའི་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་པ་ཡིན་པའི་ཕྱིར། ས་གསུམ་པ་འདིར་གནས་པའི་བྱང་སེམས་ཆོས་ཅན། གཞན་གྱི་ཉོན་མོངས་པ་རྣམ་པར་འཇོམས་པ་ལ་བློ་གྲོས་ཤིན་ཏུ་རྣོ་བར་གྱུར་ཀྱང་། སྐྱོན་ལྡན་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལྷག་པར་བསྒོམས་ཤིང་སྙིང་རྗེས་རྒྱུད་སྣུམ་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་གསུམ་པ་གཏན་ལ་ཕབ་པ་ཡིན་ཏེ། ས་གསུམ་པའི་ཡོན་ཏན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། རིང་ནས་མི་ཕྱེད་མཛའ་གཙུགས་ཀྱིས་བཅིངས་པའི། མ་སྨད་བཟོད་པའི་གོ་ཆ་བཙན་པོ་ཡིས། །ལོག་བསྒྲུབ་འཚོ་བའི་མཚོན་གྱིས་འཇོམས་མིན་པའི། །བསྲ་བརྟན་ཕ་རོལ་ཕྱིན་འདི་ཐར་པའི་སྲོག །བསམ་གཏན་སྙོམས་འཇུག་ཚད་མེད་མངོན་ཤེས་
སོགས། །གྲངས་མེད་ཡོན་ཏན་དུ་མས་རབ་གང་ཡང་། །བསྙེངས་པའི་ངལ་བ་མེད་པའི་རྣམ་ཐར་འདི། །རྒྱལ་བའི་སྲས་ཀྱི་མཛད་པ་ལས་གཞན་ཅི། །སྔར་བསགས་དགེ་བ་ཁོང་ཁྲོས་ལྷག་མར་བྱས། །ཕྱིན་ཆད་བསྒྲུབ་པའི་ཚུལ་ལ་རྒྱབ་ཀྱིས་ཕྱོགས། །སྡིག་པའི་ཕུང་པོ་ཁུར་ནས་ངན་སོང་དུ། །ཆོས་པའི་རང་ཅག་འགྲོ་རྣམས་སྨྱོན་པར་ངེས། །བཟོད་པའི་རྣམ་གཞག་རྣམ་པ་དུ་མའི་སྒོས། །ལེགས་པར་དཔྱད་དེ་དཔྱད་གསུམ་དག་པའི་དབྱངས། །བླངས་ཏེ་བློ་ལྡན་བློ་ཡི་དགའ་སྟོན་དུ། །སྤེལ་ཚེ་ཁོང་ནས་ཁོང་ཁྲོའི་རང་མཚང་མཐོང་། །བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས། སེམས་བསྐྱེད་པ་གསུམ་པའི་ཚིག་དོན། སྤྱི་དོན། མཐའ་དཔྱོད་རྣམས་བཤད་ཟིན་ཏོ། །


previousས་གསུམ་པ་འོད་བྱེད་པ་བཤད་པ།next