Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་ཆེན་གྱི་གདམས་ངག་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
  expand section
  expand section
  expand section
  expand section


 
previousཐེག་ཆེན་གྱི་གདམས་ངག་བཤད་པ།next

ཐེག་ཆེན་གྱི་གདམས་ངག་བཤད་པ།


GLG013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་གདམས་ངག་བཤད་པ། གཉིས་པ་དམ་བཅའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ་ལ་གཉིས། དངོས་དང་། གདམས་ངག་གི་དོན་བསྒོམ་པས་སྟོང་ཉིད་ལ་དམིགས་པའི་བསྒོམ་བྱུང་སྐྱེ་བའི་ཐོག་མ་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ་དང་། དོན་བཤད་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་གདམས་ངག་འཆད་ཚུལ་ཡོད་དེ། སེམས་བསྐྱེད་ཀྱི་དབྱེ་བ་དཀྱུས་མའི་འཕྲོས་དོན་ཡིན་པས་མཚན་ཉིད་དང་དམིགས་པ་སྟོན་པའི་ཞར་ལ་བརྗོད་ནས། དེའི་རྗེས་སུ་གདམས་ངག་འཆད་པར་བྱེད་པའི་ཕྱིར། སྔར་བཤད་པ་དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་གསུམ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཅན། མཆོག་གི་སྤྲུལ་སྐུས་ཐེག་ཆེན་གྱི་གདམས་ངག་འདོམས་པ་ལ་ནི་དགོས་པ་དང་བཅས་པ་ཡིན་ཏེ། སྔར་མ་ཐོབ་པའི་བྱང་ཆུབ་ཀྱི་སེམས་གསར་དུ་བསྐྱེད་པ་དང་། དེས་འཕངས་པའི་ཆོས་སྦྱོར་བ་ཕུན་ཚོགས་ཀྱིས་བསྡུས་པའི་ཞི་ལྷག་སོགས་འགྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། སྔར་ཡོན་ཏན་ཐོབ་པ་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་གྱི་ཆེད་ཀྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གདམས་ངག་ནོད་པ་པོའི་ཁྱད་པར་ཡོད་དེ། གདམས་ངག་ཉན་པའི་དུས་ཇི་ལྟ་བ་བཞིན་དུ་གཉེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས་


GLG013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། ཁ་ཅིགཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་སྟོན་པའི་སངས་རྒྱས་ཀྱི་གསུང་དེ་ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ཟེར་ན། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བསྟན་བཅོས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་མགོན་སེམས་ཅན་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དེ་སྤྱིར་གདམས་ངག་གི་མཚན་ཉིད་ཟེར་ན། སངས་རྒྱས་ཀྱི་བཀའ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་དམན་གྱི་མདོ་དེ་ཁྱོད་ཡིན་པའི་ཕྱིར། ཁ་ཅིག །ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་རྫོགས་པའི་བྱང་ཆུབ་སྒྲུབ་བའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དེ་ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ཟེར་ན། གཞན་དབང་བདེན་གྲུབ་ཏུ་སྟོན་པའི་སེམས་ཙམ་པའི་བསྟན་བཅོས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བསྟན་བཅོས་ཡིན་པའི་ཕྱིར། འདོད་ན། གཞན་དབང་བདེན་པར་གྲུབ་པར་ཐལ་ལོ། །ཁ་ཅིག །མཆོག་གི་སྤྲུལ་སྐུ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས་ཟེར་ན། མི་འཐད་པར་ཐལ། དེ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། ལམ་ཤེས་ཀྱི་མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་


GLG013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མི་འཐད་པར་ཐལ། དེ་འདྲའི་ཐེག་ཆེན་ཚོགས་ལམ་ཆུང་ངུ་ལ་གནས་པའི་སེམས་དཔའ་ཡོད་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། ཞེས་གསུངས་པའི་ཕྱིར། ཁ་ཅིག །སྲིད་པ་ཐ་མ་པའི་བྱང་སེམས་ཡིན་ན། ཐེག་ཆེན་གྱི་གདམས་ངག་མི་ཉན་པས་ཁྱབ་སྟེ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་མི་འཐད་པར་ཐལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་ཐེག་ཆེན་གྱི་མདོ་ཉན་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་གདམས་ངག་ཉན་པའི་ས་མཚམས་ཀྱི་ཡ་མཐའ་རྒྱུན་མཐའི་བར་དུ་འཇོག་ཟེར་ན། མི་འཐད་པར་ཐལ། སངས་རྒྱས་ཀྱི་ས་ན་ཐེག་ཆེན་གྱི་གདམས་ངག་ཉན་པ་ཡོད་པའི་ཕྱིར། དེར་ཐལ། དེ་ན་དེ་ཉན་པའི་ཉན་ཤེས་ཡོད་པའི་ཕྱིར། དེར་ཐལ། དེ་ན་དེ་ཐོས་པའི་ཉན་ཤེས་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་སྟོན་པའི་ཐེག་ཆེན་གྱི་ངག་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་གྱི་འདོམས་པའི་གདམས་ངག་དང་། རྗེས་བསྟན་གྱི་གདམས་ངག་གཉིས། ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་པའི་ཕྱིར་དུ་འདོམས་པའི་


GLG013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་ངག་དེ་དང་པོའི་མཚན་ཉིད། སྔར་མ་ཐོབ་པའི་ཡོན་ཏན་ཐོབ་ཕྱིར་དུ་འདོམས་པའི་ཐེག་ཆེན་གྱི་ངག་དེ་གཉིས་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཤཱ་རི་བུས་དྲི་ལན་གྱི་ཚུལ་གྱིས་ཞུས་པའི་ཡུམ་གྱི་མདོ་ཚིག་ཆོས་ཅན། ཐེག་ཆེན་གྱི་ངག་ཡིན་པར་ཐལ། ཐེག་ཆེན་གྱི་གདམས་ངག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་ངག་ཡིན་པའི་ཕྱིར། འོ་ན། སྟོན་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་ཐེག་དམན་གྱི་མདོ་ཆོས་ཆན། ཐེག་ཆེན་གྱི་བཀའ་ཡིན་པར་ཐལ། སྟོན་པའི་བཀའ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་མདོ་ཡིན་པའི་ཕྱིར། ཁོ་ན་རེ། སྒྲ་མེད་དུ་གདམས་ངག་སྟོན་པ་མེད་པར་ཐལ། གདམས་ངག་ཡིན་ན་ངག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་མེད་དུ་ཆོས་སྟོན་པ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་ལྗོན་ཤིང་རླུང་གིས་བསྐུལ་བ་ལ་བརྟེན་ནས་བྱུང་བའི་འདུས་བྱས་མི་རྟག་ཅེས་པའི་སྒྲ་ཆོས་ཅན། ངག་ཡིན་པར་ཐལ། གདམས་ངག་ཡིན་པའི་ཕྱིར། འདོད་ན་རང་རྒྱུ་སྐྱེས་བུའི་བརྗོད་པ་ལྕེ་རྐན་ལས་བྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་བོ། །གཉིས་པ་ལ་གཉིས། སྤྱིའི་དབྱེ་བ་དང་། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྩ་བ། འགྲེལ་པ། དོན་བསྡུ་བ་གསུམ་ལས། དང་པོ་ནི། ཐེག་ཆེན་གྱི་གདམས་ངག་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། སྒྲུབ་པ་རང་གི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་འདོམས་ཟིན་པའི་གདམས་ངག །སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་རྣམས་དང་ནི། སྒྲུབ་པའི་རྟེན་སངས་རྒྱས་དཀོན་
མཆོག་ལ་སོགས་པས་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པ་བསྟན་པའི་རྒྱུ་ལ་གདམས་པ་བྱ་བ་ངན་པ་ལ་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པ་དང་། སྒྲུབ་པ་འཕེལ་བའི་རྒྱུ་ལ་གདམས་པ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པ་མི་ཉམས་པའི་རྒྱུ་ལ་གདམས་པ་ཐེག་ཆེན་གྱི་ལམ་ནི་ཡོངས་སུ་འཛིན་པ་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་སྤྱན་ལྔ་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པའི་འབྲས་བུ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ་འདོམས་པའི་གདམས་ངག་དང་། སྤང་བྱའི་ས་བོན་སེལ་བ་མཐོང་ལམ་དང་སྒོམ་ལམ་ཞེས་བྱ་བ་ལ་འདོམས་པའི་གདམས་ངག་རྣམས་སུ་ཡོད་པའི་ཕྱིར།


previousཐེག་ཆེན་གྱི་གདམས་ངག་བཤད་པ།next