Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
གདན་སར་ཕེཔས་ནས་རིག་བདག་རྣམ་གཉིས་གཙོས་ལྔ་རིག་སྨྲ་བ་དབང་ཆེན་འབུམ་དང་མཁས་གྲུབ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན་སོགས་ལས་ཐུན་མོང་ཐུན་མིན་གྱི་དབང་ལུང་གདམས་ཁྲིད། མཐོང་བརྒྱུད་ཕྱག་བཞེས། སྒྲ་རྩིས་སོགས་ཀྱིས་ཤེས་རབ་ཀྱི་ལུས་སྟོབས་རྒྱས་པ།
 
  
 
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousགདན་སར་ཕེཔས་ནས་རིག་བདག་རྣམ་གཉིས་གཙོས་ལྔ་རིག་སྨྲ་བ་དབང་ཆེན་འབུམ་དང་མཁས་གྲུབ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན་སོགས་ལས་ཐུན་མོང་ཐུན་མིན་གྱི་དབང་ལུང་གདམས་ཁྲིད། མཐོང་བརྒྱུད་ཕྱག་བཞེས། སྒྲ་རྩིས་སོགས་ཀྱིས་ཤེས་རབ་ཀྱི་ལུས་སྟོབས་རྒྱས་པ།next

གདན་སར་ཕེཔས་ནས་རིག་བདག་རྣམ་གཉིས་གཙོས་ལྔ་རིག་སྨྲ་བ་དབང་ཆེན་འབུམ་དང་མཁས་གྲུབ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན་སོགས་ལས་ཐུན་མོང་ཐུན་མིན་གྱི་དབང་ལུང་གདམས་ཁྲིད། མཐོང་བརྒྱུད་ཕྱག་བཞེས། སྒྲ་རྩིས་སོགས་ཀྱིས་ཤེས་རབ་ཀྱི་ལུས་སྟོབས་རྒྱས་པ།


GTN006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེ་དགོན་དང་ཉེ་ཕྱོགས་འབྲོག་རུའི་ནང་སླེབས་པ་དང་། སྤེས་རབ་སྐྱ་རིས་ཐར་ཚང་ཡབ་ཚང་དང་ཤགས་ཤེས་བཟང་རྩེད་ཆེ་བས་རྟ་ཁལ་ཆད་མཐུད་ཀྱིས་མཐུན་རྐྱེན་དགོས་རིགས་བསྒྲུབས་ཏེ། དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དང་ཡེ་མི་རིང་བར་སླེབ་པ་དང་། དུང་ཆེན་གྱི་སྒྲ་སྙན་བརྗིད་མིས་རྩོལ་བས་བྱས་པ་མ་ཡིན་པར་ཐམས་ཅད་ཀྱིས་ཐོས་པ། དགོན་གྱི་སྲུང་མ་རྣམས་དང་། ཡུལ་དེའི་གཉུག་མར་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་ཀྱིས་བསུ་བ་ཡིན་པར་ཀུན་ཡིད་ཆེས་སུ་གྱུར། དེ་ནས་དགོན་དུ་སླེབ་པ་དང་སེར་སྦྲེང་སྤོས་སྣ་སོགས་ཀྱིས་བསུས་ཏེ་བཞུགས་གདན་འཇགས་པར་མཛད།


GTN006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐབས་སུ་རབ་འབྱམས་རིན་པོ་ཆེ་ལྷ་ལྡན་ལ་ཆིབས་སྐྱོད་གནང་ཤུལ་དུ་ཐུག ། ཞག་ཤས་མཚམས་གཟའ་སྐར་འཕྲོད་སྦྱོར་ལེགས་པ་དང་བསྟུན་རྡོ་རྗེ་འཆང་༧རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་མདུན་ལ་མཇལ་འཕྲད་མཛད། དེ་ཐོག་བདེ་གཤེགས་ཀུན་འདུས་ལས་བྱང་། བདག་འཇུག །དཀོན་མཆོག་སྤྱི་འདུས་ཆ་ཚང་། དམ་ཅན་གཏོར་བསྔོ། རྟ་མགྲིན་རྣམས་བློ་རྒྱུགས་ཕུལ། ཟླ་བ་གཉིས་ཙམ་ལ་པདྨ་བཀའ་ཐང་འབྲུ་དེད་བྱས། ཟླ་བ་ལྔ་པའི་སྨད་རྒྱལ་ཚབ་རིན་པོ་ཆེའི་ཞབས་ཕྱིར། རབ་འབྱམས་སྤྲུལ་པའི་སྐུ་ལྷ་ལྡན་ནས་དབུ་ཐོན་ལེགས་ལམ་གྱིས་ཕྱིར་བྱོན་པའི་ཆིབས་བསུར་བྱོན་པ། དྲེལ་གྱི་དཀར་མོ་ལེབ་དུ་མཇལ། སྡུད་ཤིང་སུམ་མདོར་སྒར་ཆེན་སླེབ། བསུ་བ་རྣམས་ཀྱིས་གསོལ་སྟོན་བྱས་པ་གྲོལ་འཕྲལ། རྒྱལ་ཚབ་མཆོག་ནས་གསུང་གིས་བསྐུལ་ཏེ། རབ་འབྱམས་རིན་པོ་ཆེའི་མདུན་ལ་ལྷོ་སིབ་སྤྲུལ་པའི་སྐུ་དང་། ཁོང་རྣམ་གཉིས་དཔེ་རྒྱུགས་འགྲན་དུ་བཅུག་པས་ཁོང་རང་ཆེས་ལྷག་པ་བྱུང་གསུངས། མེ་འབྲུག་ལོར་དབུ་མཛད་བསྟན་འཛིན་སློབ་དཔོན་དུ་བཞག་སྟེ་དགོན་གྱིས་བསྒྲིགས་འདོན་རིགས་སོགས་སྐྱོར་སྦྱང་མཛད། རྒྱུགས་དང་པོ། གཉིས་པ། གསུམ་པ་རྣམས་རྒྱལ་ཚབ་རིན་པོ་ཆེའི་མདུན་ལ་རིམ་པ་བཞིན་ཐོགས་མེད་དུ་ཕུལ། བཀའ་ཐང་སྦྲེལ་འདོན་ཚར་ལྔ་བཅུ་ཙམ་མཛད་དེ་ཀློག་འདོན་ཕུལ་དུ་ཕྱིན་པར་བྱུང་། དེ་ནས། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་


GTN006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པའི་དོན་རྣམས་སྐུ་ན་ཤིན་ཏུ་ཕྲ་བ་བྱིས་པའི་དུས་ནས་བཟུང་འདི་བར། གཞན་དོན་རླབས་ཆེན་སྤྱོད་པའི་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་དེ་དག་སྔར་ཡོད་པ་རྣམས་དགེ་བའི་བཤེས་གྲོགས་དང་འགྲོགས་པ་དང་། ཐེག་ཆེན་གྱི་མདོ་སྡེ་དང་བཀའ་ཐང་སོགས་ལ་ཐོས་སྦྱང་མཛད་པ་དང་། ཞེ་ཆེན་དགོན་དུ་མངའ་གསོལ་ཟིན་ནས་བརྟན་པ་དང་ཇེ་མངོན་ཇེ་གསལ་དུ་སོང་བ་མངོན་དུ་གྱུར་པས། གཞན་རང་གཞན་གཉིས་ཀྱི་ཡུལ་ན་གནས་པའི་སྐྱེ་བོ་ཕོ་མོ་རྣམ་དཔྱོད་ཞན་པ་མཆོག་དམན་ཀུན་གྱིས་བུས་པ་ན་ཕྲ་བས་སྟོབས་ཆུང་བ་དང་། སྐུ་སྤྱོད་ལམ་རྒོད་པས་བཟང་པོ་འོང་རེ་ཡེ་མི་བྱེད་ན་ཡང་། དཔལ་ཞེ་ཆེན་པའི་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་གནས་སྐབས་བྱིས་པའི་རྩེད་མོ་ཙམ་ལ་ངེས་པ་མེད་དེ། བདག་ཅག་གི་སྟོན་པས་ཀྱང་གཞོན་ནུ་རོལ་རྩེད་སྣ་ཚོགས་མཛད་པ་བཞིན་ལ། གང་ལྟར་ཡང་བཟང་པོའི་རིགས་ཀྱི་མཚན་མ་བྱ་ཁྱུང་སྒོང་རྒྱ་བྲལ་བ་ལྟར་དེ་མ་ཐག་མངོན་དུ་མ་གྱུར་རུང་། རྒྱན་ལས། ཟབ་ཅིང་རྒྱ་ཆེན་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་བསྒྲུབ་ལ་བཟོད། །ཅེས་པའི་དོན་རྣམས་ནི་ཇི་བཞིན་པ་ཐོག་ཏུ་ཁེལ་འདུག་པས། ངེས་པར་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་པ་ཞིག་འོང་བར་དགོངས་ནས། ཡོན་ཏན་གྱི་རྩ་བ་ཐོག་མར་འབྲི་འདོན་ལ་སྦྱོང་བ་གལ་ཆེ་བས། དྲུང་ཡིག་བསྟན་འཛིན་ཐོག་མར་ཡིག་བྲིས་ཀྱི་སློབ་དཔོན་


GTN006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞག་སྟེ་སྦྱང་རྩོལ་མཐར་ཕྱིན་ཏུ་བཅུག །དེ་ནས་རིམ་པར་མཁས་པ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན་གྱིས། སྐར་རྩིས་དང་། འབྱུང་རྩིས། སྙན་ངག་རྣམས་བསླབས། སྙན་ངག་ལེའུ་གསུམ་གའི་རྩོམ་རྒྱུགས་དང་། རྩ་བ་བློར་བླངས་ནས་རྒྱུགས་འབུལ་ཞུས་པས་མཆོག་སྤྲུལ་རྣམ་གཉིས་དང་། སློབ་དཔོན་ཕྱག་མཛོད་བཅས་ཐུགས་མཆོག་ཏུ་དགྱེས་པར་གྱུར། མེ་སྦྲུལ་ལོར་རབ་འབྱམས་རིན་པོ་ཆེ་ལྷོ་ཁོག་ཕྱོགས་སུ་གདུལ་བྱ་ལ་ཕེབས་པའི་བླ་མཆན་མཛད་དེ་བྱོན་པར། རང་ཡུལ་ཡིན་ཡང་ཆོས་དང་འཇིག་རྟེན་གང་ཐད་ནས་རྩིས་ཆེར་བྱེད་མཁན་ཡེ་སུ་མེད། རབ་འབྱམས་ཀེ་སྟོད་ཕྱོགས་ལ་ཕེབས་ཤུལ་དུ་ཨ་ཁུ་སློབ་དཔོན་གྲྭ་པ་ཞིག་དང་དཔོན་གཡོག་གསུམ་ཟུར་མང་བདུད་རྩི་མཐིལ་དུ་གསོལ་སྟོན་ཞུས། གཏེར་དྲུང་ཟུང་དང་ཞལ་ལྷན་རྒྱས་མཛད། བཀུར་བཟོས་རྒྱ་གང་ཆེ་མཛད། གོས་སྟོད་ཏྲཾ་རྒྱན་ཅན་དང་། འབྲོང་པ་ཚངས་དབྱངས་ཉི་མས་རྟ་རྐྱང་ངུ་འགྲོས་ལྡན་བཅས་ཀྱི་རྣམ་བཞག་དང་། སློབ་དཔོན་བསྟན་འཛིན་ལ་མཛོ་ཞིག་དང་། གྲྭ་པ་ལའང་དེ་བསྟུན་བསྙེན་བཀུར་མཛད། དེ་ནས་ཚུར་ཞེ་ཆེན་དུ་ཕེབས་ནས་སློབ་སྦྱོང་ནན་ཏུར་མཛད་སྐབས་ཞེ་ཆེན་མཆོག་སྤྲུལ་ཟུང་བརྩེ་གཟིགས་ཆེ་རུང་། གཉེར་ལས་བྱེད་ཀྱིས་སྤྲུལ་སྐུ་སྐུ་ན་ཆུང་བས་འཕྲལ་འཕྲལ་འབུལ་ནོད་སོགས་ལག་ཕོག་མེད་པས་མི་མ་རབས་སྤྱོད་པས་ཕུག་ལ་རྟོག་དཔྱོད་མི་ཤེས་སྟབས་ཀྱིས་གསོལ་ཆས་སོགས་བཀྲེན་ཉམས་དང་། སློབ་དཔོན་དགེ་རྒན་གྱིས་ཀྱང་སློབ་སྦྱང་གི་དོན་དུ་གྱུར་མ་གྱུར་ཀུན་ལ་རྡུང་རྡེག་


GTN006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱལ་ཚབ་མདུན་དབྱེན་ཞུ་མང་པོ་ཡང་བྱས་པས་ཐུགས་ལ་སྡུག་སྣང་ཆེ་བ་བྱུང་ཡང་རྐྱེན་སྣང་སྒྱུ་མར་གོ་ནས་དང་ལེན་ཡེ་མ་བྱས་གསུངས། ལར་ལྕགས་སྤྲེལ་བར་ལོ་དྲུག་ཏུ་ཞེ་ཆེན་བླ་བྲང་དུ་བཞུགས་སྐབས་མཆོག་སྤྲུལ་ཟུང་ནས་གཟིགས་པས་བསྐྱངས་ཀྱང་ལས་བྱེད་གཞན་གྱིས་བརྩེ་སྐྱོང་ཞན། ཡབ་ཡུམ་དང་ས་ཐག་རིང་། གཅེན་ཟུར་མང་སྤྲུལ་སྐུས་ཞེ་ཆེན་བླ་བྲང་དུ་སྐྱིད་པོར་མཛད་ནས་བཞུགས་ཡོད་སྙམ་གྱིས་གྲོ་སྐྱེལ་སོགས་མ་བྱུང་ཡང་ན་ཚོད་དང་ཡོན་ཏན་ལྷན་ཅིག་རྫོགས་པས་ཕྱི་ནང་ཀུན་ནས་བཀུར་སྟི་དང་སྙན་གྲགས་བཟང་པོ་འབྱུང་བའི་འགོ་ཚུགས་པ་ནི། ལེགས་པར་བཤད་པ་རིན་པོ་ཆེ་ལས། ཆེན་པོ་རེ་ཞིག་གུད་གྱུར་ཀྱང་། །དེ་ལ་གདུང་བ་བསྐྱེད་མི་དགོས། །ཟླ་བ་རེ་ཞིག་གཟས་ཟིན་ཀྱང་། །དེ་མ་ཐག་ཏུ་གྲོལ་བར་འགྱུར། །ཞེས་པ་ལྟར་རོ། །ཡང་དེ་ལས། སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །ཞེས་པ་ལྟར། མཆོག་སྤྲུལ་རྣམ་གཉིས་ཀྱིས་བསྟན་འཛིན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་འོང་བར་དགོངས་ཏེ། རབ་འབྱམས་མཆོག་སྤྲུལ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ནས་ཡར་སྙན་ཞུས་མ་དགོས་པར་རང་བབ་ཀྱིས། སྨིན་གླིང་གཏེར་ཆེན་བཀའ་འབུམ་པོད་རྣམས་དང་། འདུས་པ་མདོ་དབང་ཆེན་མོ་རྩ་བ་ཡན་ལག་དང་བཅས་པ་དང་། བཀའ་བརྒྱད་རྣམ་གསུམ་སོགས་དང་། བཀའ་དྲིན་འཁོར་མེད་རྒྱལ་ཚབ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་


GTN006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོད་ཆེན་བརྒྱ་ཕྲག་ལྷག་དང་། ཀུན་མཁྱེན་རིན་པོ་ཆེའི་མཛོད་ཆེན་བདུན་སོགས་ཀྱི་ལུང་དང་། འདོད་འཇོའི་བུམ་བཟང་དང་། སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་དང་། དཀོན་མཆོག་སྤྱི་འདུས་སོགས་དབང་ལུང་ཁྲིད་བཅས་སྦྲགས་མའི་རིམ་པ་དང་། དེ་མཉམ་དུ་རྫོགས་ཆེན་པའི་མཁན་པོ་ཀུན་གཟིགས་དགེ་བའི་བཤེས་གཉེན་རིག་འཛིན་བཟང་པོ་ཞེ་ཆེན་དུ་ཕེབས། མཆོག་སྤྲུལ་རྣམ་གཉིས་དང་ཐུགས་དགོངས་ནང་གཤིན་གཅིག་འདྲེས་ཀྱིས་དབང་ལུང་གདམས་པ་དུ་མ་ཕར་གསན་ཚུར་གསན་མཛད་པ་ཐམས་ཅད་ལྷག་ལུས་མེད་པ་གསན་བཞེས་མཛད་པ་བཅས་ཞིབ་ཏུ་བྲིས་ན་ཡི་གེས་འཇིགས་ལ། དེར་མ་ཟད་དེང་སང་བླ་ཆེན་ཕལ་ཆེར། དང་པོ་དབང་ལུང་སོགས་ཐོབ་འདོད་དང་རྩོལ་སྒྲུབ་མེད་པ། སླད་ནས་ཞུ་མི་སུ་བྱུང་ལ་བླ་མ་གཞན་དང་གཞན་གྱིས་ཐོབ་ཡིག་འདི་ནང་ལྟར་ཁོ་བོས་ནོད་དོ་ཟེར་ནས་སྔར་ཐོབ་ཚུལ་ཇི་འདྲ་ཡིན་སྨོས་རྒྱུ་མེད་པ་དང་། ད་ལྟ་ཡང་སྔོན་དུ་དཔེ་ཆ་གང་བྱུང་གྱ་ཚོམ་དུ་བཀླགས་ལ་རིངས་པ། ཀུན་མཁྱེན་འཇིགས་མེད་གླིང་པས། བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་སྒོམ་པ་གནས་མིན་ཁྲུས་ལ་ཞུགས། །ཞེས་དང་། ཤིང་གི་རང་འཐག་ལྟ་བུ་དང་། ཁྲོན་པའི་ལག་འགྲོ་ལྟ་བུ་གསུངས་པ་སོགས་དང་ཚུལ་མཐུན་པ་དེ་འདྲ་ནི་མ་ཡིན་པས། ཐོག་མར་ཐོབ་ཚུལ་བརྒྱུད་པ་དང་བཅས་པ། དེ་ལྟར་ཐོབ་པའི་ཆོས་ཚན་གྱི་རྣམ་གྲངས། ཐ་ན་བརྒྱུད་པ་འདྲ་མིན་རེ་དང་། ཆོས་ཚན་སྣ་རེ་ལུང་ཡོད་མེད་ཀྱི་དབྱེ་གསལ་བཅས། གསན་


GTN006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བཻ་ཌཱུརྱའི་བུམ་བཟང་ཁ་སྐོང་ལེ་ཚན་རྣམས་བཅས་སྐུ་དངོས་ཞལ་བཞུགས་པའི་ཚེ་ཞིབ་ལ་གཙང་དག་ཁྲིགས་སུ་བཏབ་སྟེ་བཀོད་པའི་ནང་དུ་ལེགས་པར་གསལ་བས། སླར་ཡང་འདིར་བྲིས་པ་ན་ཟློས་པའི་སྐྱོན་ལས་དགོས་པ་ཆུང་བར་སེམས་ཏེ་ཆེ་ལོངས་ཙམ་ལས་ཐོག་མཐའ་ཀུན་ཏུ་བཀོད་པར་མ་བྱས་སོ། །རྒྱལ་ཚབ་རིན་པོ་ཆེས་འདོད་བུམ་གནང་སྐབས། མ་ཏིའི་འཇམ་དཀར་དང་། དབྱངས་ཅན་མའི་དབང་མཛད་པ་དང་། གཟའ་སྐར་ལེགས་པ་གུང་བསྒྲིགས་ཏེ། ལྔ་རིག་སྨྲ་བ་བླ་མ་སངས་རྒྱས་ཆོས་འཕགས་སམ་དབང་ཆེན་འབུམ་གྱི་མདུན་ནས་གོ་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སྒྲ་ཀ་ལཱ་པའི་རི་མོ་སྦྱང་རྩོལ་གྱི་དབུ་བཙུགས། མཚམས་སྦྱོར་ལྔ་པ་དང་། མིང་ལེའི་རི་མོ་རྣམས་སློབ་དཔོན་བླ་མ་ཐུགས་གཏུམ་ཞིང་རུ་ངར་བས་རྒྱུགས་ལེན་སོགས་ནན་ཏུར་ཆེར་མཛད་པས་དཔྱིས་ཕྱིན་པར་ཐུགས་སུ་ཆུབ། དེ་མཉམ་ཡིད་བཞིན་མཛོད་རྩ་བ་དང་། སྡོམ་གསུམ་རྩ་བ་སྤྲུལ་སྐུ་རྣམ་གཉིས་མདུན་ལ་བློ་རྒྱུགས་ཕུལ། ས་རྟ་དགུང་གྲངས་བཅུ་གཉིས་བཞེས་ཐོག་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལྡན་ར་ཁོ་དཔོན་ཚང་ལ་འཁྲུངས་པ། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་སྔ་འགྱུར་བསྟན་པའི་གསལ་བྱེད་ཉི་ཟླའི་མཆེད་པོར་དགོན་ཡར་མར་གྱི་ཆེ་དགུ་རྣམས་དང་། གཞན་དགོན་ལག་ཏུ་གཏོགས་རིགས། བསྟན་པའི་སྦྱིན་བདག་སྡེ་གླིང་གཙོས་ཐམས་ཅད་ཀྱིས་མངའ་གསོལ་བའི་ཡོ་ལངས་རྔམ་ཆེན་བྱེད་སྐབས། ཞེ་ཆེན་ནས་མཆོག་སྤྲུལ་རྣམ་གཉིས་བྱོན་ཏེ་འཆི་མེད་


GTN006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙིང་གི་སྒོ་ནས་སྐུ་ཚེ་མི་འགྱུར་བའི་ཞབས་བརྟན་དང་། དེ་མཉམ་ཁྲི་འབུལ་རྒྱ་ཆེན་བསྟབས་པའི་སྐབས། ཁྲོམ་སྐྱ་སེར་མཆོག་དམན་ཁྲི་ལྷག་ཙམ་གྱི་དབུས་སུ་ཁྲིའུ་ཆུང་ཞིག་གི་སྟེང་དུ་བཞེངས་ཏེ། ཁྲིའུ་དེ་ཞེ་ཆེན་གྲྭ་པ་འགས་བརྟེན་ནས། ཕུན་སུམ་ཚོགས་པ་ལྔ་དང་། མདོ་སྔགས་ཀྱི་ཆོས་ཀྱི་བབ་ཚུལ། མཎྜལ་གྱི་རྣམ་བཤད། དེ་མཉམ་འཇིག་རྟེན་སྐྱེ་བོ་ཡ་རབས་ཀྱི་རྣམ་བཞག །གཞན་བརྗོད་འོས་རིགས་གང་ལ་གང་དགོས་ཀྱི་འབེལ་བའི་གཏམ་མཁས་པ་དགྱེས་པའི་ལེགས་བཤད་ཁྱད་ཐོན་པར་མཛད་པས། སྡེ་དགེ་གཉེར་པ་སྟག་རྒྱས་ནས་དཔའ་དར་ལ་ནང་མཛོད་ཉིན་བདེ་མ་ཞིག་ཕུལ་བ་སོགས་ཀྱིས་སྙན་གྲགས་ད་ལྟའི་བར་དུ་འདི་ཕྱོགས་ཀྱི་སྐྱེ་བོ་རྣམས་ཀྱིས་གླེང་བ་ནི། ཁྱད་པར་འཕགས་བསྟོད་ལས། ཁྱོད་ཀྱིས་འབྲས་བུ་མཆོག་བརྙེས་པའི། །གྲགས་པ་བརྒྱ་བྱིན་སྒྲོགས་པར་གྱུར། །ཅེས་པའི་དཔེ་ལྟར་སོང་། ས་ལུག་དགུང་ལོ་བཅུ་གསུམ་བཞེས་ཚེ་ཕྱག་མཛོད་མཁས་གྲུབ་ཆེན་པོ་པདྨ་དོན་ལྡན་སྐུ་གཤེགས་སོང་བས། དེ་ཕྱིན་རིག་གནས་སློབ་སྦྱོང་དུ་ཀཿ ཐོག་ཏུ་བྱོན་ན་མ་གཏོགས་སྤྲུལ་སྐུ་འདི་སྐུ་ཡོན་ལེགས་པར་འབྱོང་ཐབས་ཤིག་དཀའ་འདུག་པས་དེ་ལྟར་བྱ་དགོས་ཟེར་སྤྲུལ་སྐུ་རྣམ་གཉིས་བཅས་ཀྱིས་ཐུགས་ཐག་བཅད། དེ་སྐབས་ནས་བཟུང་སློབ་དཔོན་བསྟན་འཛིན་གྱིས་བྱམས་སྐྱོང་ཕ་མའི་དོད་ཐུབ་ངེས་ཡོད་པ་དང་། གཉེར་པ་ཨ་གྲོ་དར་རྒྱས་གཉིས་ཀྱང་ཡོན་མཆོད་ནང་གཤིན་བཟང་སྟབས་གྲོས་བསྟུན་གྱིས་ཁོང་ལའང་མཆོག་སྤྲུལ་རྣམ་གཉིས་
དང་ཕྱོགས་མཐུན་གྱི་བསྙེན་བཀུར་ལེགས་པར་སྦྱར་བས་ཞེ་ཆེན་གྱི་སྐུ་ངོ་ཞིག་གི་རྣམ་འགྱུར་དོད་པར་བྱུང་གསུངས། འདི་ལོ་དགུན་ཁར་རྫ་རྒྱུད་ལ་སྤྲུལ་སྐུ་ངོ་གསར་གྱིས་ནས་བསོད་ལ་བྱོན་པས་འབྲུ་ལྡོམ་སོགས་ལེགས་པར་བྱུང་།


previousགདན་སར་ཕེཔས་ནས་རིག་བདག་རྣམ་གཉིས་གཙོས་ལྔ་རིག་སྨྲ་བ་དབང་ཆེན་འབུམ་དང་མཁས་གྲུབ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན་སོགས་ལས་ཐུན་མོང་ཐུན་མིན་གྱི་དབང་ལུང་གདམས་ཁྲིད། མཐོང་བརྒྱུད་ཕྱག་བཞེས། སྒྲ་རྩིས་སོགས་ཀྱིས་ཤེས་རབ་ཀྱི་ལུས་སྟོབས་རྒྱས་པ།next