Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

2 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
collapse section
 
  
  
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་དང་འབྲེལ་བའི་ཉམས་ལེན་མཁའ་སྤྱོད་གསང་ལམ་མཛེས་པར་བྱེད་པའི་རྒྱན།
  
  
  
  
  
  
  
  
  
  
  
  
 
  
  
  
  
  


2 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་དང་འབྲེལ་བའི་ཉམས་ལེན་མཁའ་སྤྱོད་གསང་ལམ་མཛེས་པར་བྱེད་པའི་རྒྱན། next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་དང་འབྲེལ་བའི་ཉམས་ལེན་མཁའ་སྤྱོད་གསང་ལམ་མཛེས་པར་བྱེད་པའི་རྒྱན།


JKT007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་དང་འབྲེལ་བའི་ཉམས་ལེན་མཁའ་སྤྱོད་གསང་ལམ་མཛེས་པར་བྱེད་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བདེ་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །བླ་མ་རྣལ་འབྱོར་མ་དཔལ་ལ། །བཏུད་ནས་བསྐྱེད་རྫོགས་མདོར་བསྡུས་དང་། །འབྲེལ་བའི་གསང་ལམ་མཛེས་རྒྱན་བསྐྲུན། །འདི་ལ་གསུམ། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གསུམ། ལྷ་བསྒོམ་པ། སྔགས་བཟླ་བ། བཤགས་བསྡམ་བྱ་བའོ། །དང་པོ་ནི། སྐྱབས་སེམས་ཀྱི་རྗེས། རང་གི་སྤྱི་བོར་པདྨ་དང་པདྨ་དཀར་པོའི་སྡོང་བུ་ཚངས་བུག་ལ་ཟུག་པ། ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། གཉིས་པ་ནི།


JKT007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཧཱུྃ་ལས་བདུད་རྩིའི་རྒྱུན་བབས། ཧེ་རུ་ཀའི་སྐུ་གང་། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང་། ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་སྲོག་ཆགས་མི་སྡུག་པའི་རྣམ་པས་བཤང་གཅི་གཉིས་དང་། རྐང་མཐིལ་གཉིས་ནས་ཐོན། ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར། ཞེས་བརྗོད་ཅིང་བསམས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏེ་ནོ་པ་ཏིཥྛ། དྲི་དྷོ་མེ་བྷ་ཝ། སུཏོ་ཁྱོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོ་བྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། བཛྲ་ཧེ་རུ་ཀ མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏཱ་ཨཱཿཧཱུྃ་ཕཊ། ཅེས་ཉེར་གཅིག་སོགས་ཅི་ནུས་བཟླ། གསུམ་པ་ནི། མཐར་ཐལ་མོ་སྦྱར་


JKT007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ་པས་ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར་པར་བསམ་མོ། །གཉིས་པ་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ལ་བཞི། ཚོགས་ཞིང་གསལ་གདབ་པ། གསོལ་བ་གདབ་པ། མཆོད་པ་འབུལ་བ། དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། མཐའ་སྐོར་དུ་མདུན་ནས་བརྩམས་ཏེ་པད་ཟླའི་གདན་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་དཔའ་བོ་


JKT007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་བདུད་རྩིས་བཀང་བ་དང་། གྲུ་མོ་གཡོན་ན་ཁ་ཊཾ་ག་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། གཙོ་འཁོར་ཐམས་ཅད་ཀྱང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། གཞོན་ནུ་ལང་ཚོ་དར་ལ་བབས་པའི་རྣམ་པ་ཅན། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། སྐྱབས་གནས་རེ་རེའང་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ནི། མོས་གུས་གདུང་ཤུགས་དྲག་པོས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། སྤྲོ་ན་བརྒྱུད་འདེབས་བྱ། གང་ལྟར་ཡང་། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཅི་ནུས་ཀྱི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་གདབ་བོ། །གསུམ་པ་ལ་གཉིས། ཞེན་པ་སྤང་བ་དང་། མཆོད་པ་དངོས་སོ། །


JKT007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། རང་གི་མདུན་དུ་ལོངས་སྤྱོད། གཡས་སུ་གཉེན། གཡོན་དུ་དགྲ། མཐའ་བསྐོར་དུ་བར་མའི་སེམས་ཅན་ཐམས་ཅད་འཁོད་པ། དེ་ཐམས་ཅད་ལྟོས་མེད་དུ་ལིང་གིས་ཕུལ་བར་བསམ་ལ། བདག་གི་ལུས་ལོངས་སྤྱོད་དགྲ་གཉེར་བར་མའི་འགྲོ་བ་དང་བཅས་པ་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་འབུལ་བར་བགྱིའོ། །བདག་ཆགས་སྡང་རྨོངས་གསུམ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བརྗོད། གཉིས་པ་ལ་དྲུག་ལས། དང་པོ་ཕྱི་མཆོད་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་མེ་ཏོག་ལ་སོགས་པས་མཆོད་པར་བསམ་ལ། ཨོཾ་བཛྲ་པུཊྚེ་ཨཱཿཧཱུྃ་ནས། ཤབྡའི་བར་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་། སླར་རང་ལ་བསྡུ། གཉིས་པ་ནང་མཆོད་ནི། ཡང་མཆོད་པའི་ལྷ་མོ་རྣམས་ཀྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་བདུད་རྩི་ཐོད་པའི་ནང་དུ་སྤྱན་དྲངས་ཏེ་རྩ་བརྒྱུད་ཀྱི་ཚེ་བླ་མ་རྣམས་ལ་རེ་རེ་བཞིན་ཕུལ། ལྗགས་འོད་ཟེར་གྱི་སྤུ་གུས་དྲངས་ཤིང་གསོལ། ཟག་མེད་ཀྱི་བདེ་བས་མཉེས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་རང་ལ་བསྡུ། གསུམ་པ་གསང་མཆོད་ནི། སླར་ཡང་སྤྲོས་པའི་ལྷ་མོ་རྣམས་ཀྱིས་སྙན་པའི་གླུ་ལེན། བདེ་བའི་གར་བསྒྱུར། མཐར་གཅིག་ལ་གཅིག་ཐིམ་སྟེ་རྡོ་རྗེ་རྣལ་འབྱོར་མར་གྱུར་པས་བླ་མ་རྣམས་ཀྱི་སྐུ་ལ་འཁྲིལ་ནས་ཟག་མེད་ཀྱི་བདེ་བས་མཉེས་པར་


JKT007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་མོས་པ་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དེ་ལྟ་བུའི་འཁོར་གསུམ་རང་བཞིན་མ་གྲུབ་པར་ཤེས་པའི་ངང་དུ་འཛིན་མེད་ལ་བློ་བཞག །ལྔ་པ་ཀུ་སཱ་ལིའི་ཚོགས་བསག་གི་མཆོད་པ་ནི། རང་གི་སྙིང་ག་ནས་རང་སེམས་ཀྱི་ངོ་བོ་རྣལ་འབྱོར་མ་མཐེབ་སོར་གྱི་ཚད་ཙམ་པ་རྩ་དབུ་མའི་ལམ་བརྒྱུད། ཚངས་བུག་ནས་ཐོན། ཕྱག་གཡས་པའི་གྲི་གུག་གིས་ཕུང་པོའི་སྨིན་མཚམས་སུ་རེག་པ་ཙམ་གྱིས་ལིང་གིས་གོག །ཐོད་པའི་སྒྱེད་པུ་ཆེན་པོ་རི་རབ་ཙམ་གསུམ་གྲུབ་པའི་སྟེང་དུ་བཞག་པས་སྟོང་གསུམ་གྱི་ཚད་དང་མཉམ་པར་གྱུར་པའི་ནང་དུ། ལུས་ཀྱི་རྐང་པ་གཡས་ནས་བརྩམས་ཏེ་དུམ་བུར་གཏུབ་ཅིང་བསྒྱུར་བས་ཤ་ཁྲག་རུས་པའི་ཕུང་པོ་ཟད་མི་ཤེས་པར་གྱུར། དེ་ཉིད་ལ་དམིགས་ཏེ། ཨོ་ཨཱཿཧཱུྃ་ཧ་ཧོ་ཧྲི་ཞེས་བརྗོད་པས། ཡེ་ཤེས་ཀྱི་མེ་འབར་བས་ཐོད་པ་དྲོས། རྫས་ཞུ་ཞིང་ཁོལ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རང་སེམས་རྣལ་འབྱོར་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། བདུད་རྩིའི་ཕུད་ཀྱིས་རྩ་བའི་བླ་མ་ལ་མཆོད་པར་བསམ་ལ། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཧཱུཾ། ལན་བདུན། དེ་བཞིན་དུ། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་


JKT007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ནོར་ལྷ་དམ་ཅན་གཏེར་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུཾ། གནོད་བྱེད་གདོན་བགེགས་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདུད་རྩིས་ཚིམ་སྟེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཞེས་བྱིན་པས་ཐམས་ཅད་སེམས་རྟོག་མེད་ཆོས་སྐུ་དང་། ལུས་ཟག་མེད་རྣལ་འབྱོར་མའི་སྐུར་གྱུར། ལྷ་མོ་རྣམས་རང་ལ་ཐིམ། རང་གི་ལུས་སྔར་བཞིན་གྱུར་ཅིང་། ཐོད་པ་སོགས་མི་དམིགས་པར་བསམ། དྲུག་པ་མཎྜལ་གྱི་མཆོད་པ་ནི། ཁྲིད་དང་བསྙེན་པ་སོགས་ཀྱི་སྐབས་མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་ཕུལ། སྤྲོ་ན་སོ་བདུན་མའང་བྱ། བཞི་པ་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ནི། རྩ་བའི་བླ་མ་ལ་དམིགས་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། ། བདག་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། རྩ་བའི་བླ་མས་བརྒྱུད་པའི་བླ་མ་རྣམས་ལ་སྤྱན་ཆེར་གཟིགས་ཏེ། དབང་བཞི་བསྐུར་མི་བསྐུར་གྱི་གནང་བ་ཞུས་པས། བརྒྱུད་པའི་བླ་མ་རྣམས་ཀྱིས་རྩ་བའི་བླ་མ་ལ་སྤྱན་ཆེར་གཟིགས་ནས་དེ་བཞིན་བགྱི། ཞེས་གནང་བ་སྦྱིན་པའི་ཚུལ་གྱིས་བླ་མ་བརྒྱུད་པ་རྣམས་གཡས་སྐོར་གྱི་མས་ཡས་རིམ་བཞིན་ཐིམ་


JKT007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྡོ་རྗེ་འཆང་ཡང་རྩ་བའི་བླ་མ་ལ་ཐིམ། བླ་མའི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུའི་བྱིན་རླབས་ཞུགས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལཱི་བསྒོམ་པ་ལ་དབང་། གསུང་གི་བྱིན་རླབས་ཞུགས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཐུགས་ཀྱི་བྱིན་རླབས་ཞུགས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་བསམ་ལ་སོ་སོའི་མཐར་དབང་དོན་ལ་བློ་བཞག །དེ་ནས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ་


JKT007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ཅིང་གསོལ་བ་བཏབ་ལ་བླ་མ་དེ་ཉིད་དབུའི་གཙུག་ཏོར་ནས་མར་འོད་དུ་ཞུ། གདན་སེང་ཁྲི་ནས་ཡར་འོད་དུ་ཞུ་བ་ཐུགས་ཀའི་ཐད་དུ་འོད་དམར་སེར་ལི་ཁྲིའི་མདོག་ཅན་སྣུམ་ལ་འདྲིལ་བ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དེ་ཉིད་བདེ་ཧྲིལ་གྱིས་བྱུང་ནས་རང་གི་སྤྱི་གཙུག་ནས་ཞུགས། སྙིང་གའི་པཾ་ཡིག་དམར་པོ་དེ་ཉིད་ལ་སིམ་སྟེ་ཐིམ་པས་བཾ་ཡིག་དེ་ཉིད་ཇེ་ཆེར་སོང་ནས་འཇའ་ཡལ་བ་ལྟ་བུར་གྱུར་པར་བསམ་ལ་རིག་པ་བརྗོད་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ནས་རང་གི་སྙིང་གར་ཨེ་ཨེ་ལས་སོགས་བདག་ལྷར་བསྐྱེད་པའི་རྣལ་འབྱོར་ལ་འཇུག་གོ། །འདིའི་སྐབས་སུ་མཆོད་པ་བསྡུ་ན་ཀུ་སཱ་ལའི་ཚོགས་བསག་ཁོ་ནས་ཀྱང་རུང་གསུངས། གསུམ་པ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་ལ་གཉིས། །སྔོན་འགྲོ་རྩ་ལམ་སྦྱང་བ་དང་། དངོས་གཞི་བསམ་མི་ཁྱབ་ཀྱི་འོད་གསལ་ལ་འཇུག་པའོ། །དང་པོ་ནི། ཞར་བྱུང་གི་རྫོགས་རིམ་གྱི་མཇུག་ཏུ་ལུས་གནད་བསྲང་། རླུང་རོ་བསལ། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར། ནང་དམར་སྦོམ་ཕྲ་སྲིན་མཛུབ་ཙམ། ཡར་སྣ་སྤྱི་གཙུག་ཏུ་ཐུག་པ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ། གཉིས་ཀའང་དབུ་མ་ལས་སུམ་འགྱུར་གྱིས་ཕྲ་བ། ཡར་སྣ་སྤྱི་གཙུག་ནས་གུག་སྟེ་སྣ་བུག་གཉིས་


JKT007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟུག་པ། གསུམ་ཀའི་མར་སྣ་ལྟེ་འོག་སོར་བཞིའི་ཐད་སྦུབས་གཅིག་ཏུ་གྱུར་པའི་དབུས་སུ་བཾ་ཡིག་དང་རང་སེམས་དབྱེར་མེད་པའི་ངོ་བོ་རྣལ་འབྱོར་མ་མཐེབ་སོར་གྱི་ཚད་ཙམ་གསལ་བཏབ། དེ་ལ་སེམས་གཏད་པས་ཐུགས་ཀ་ནས་སྐུ་ཆུང་ངུ་ཞིག་ནར་གྱིས་ཆད། རླུང་ཕྱིར་རྒྱུ་བ་དང་ལྷན་ཅིག་རྩ་གཡས་རོ་མའི་ནང་ནས་ཡར་དམར་ཁྱུག་གིས་བྱོན། སྣ་གཡས་པའི་སྒོར་སླེབས་པ་དང་། དེ་ལས་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ། འཕགས་པ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཤིང་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། རླུང་ནང་དུ་རྔུབས་པ་དང་སྣ་གཡོན་པའི་བུ་ག་ནས་ཞུགས། རྐྱང་མའི་ལམ་བརྒྱུད་ལྟེ་བའི་རྣལ་འབྱོར་མ་ལ་ཐིམ་པར་བསམ་ཞིང་རླུང་ཅི་ཐུབ་ཏུ་བཟུང་ངོ་། །དེ་ལྟ་བུ་ལན་བདུན་སོགས་ཅི་ནུས་སུ་བྱ། གཉིས་པ་ནི། ནང་གི་རྣལ་འབྱོར་མ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་ཁྱབ། ཡན་ལག་ཐམས་ཅད་འོད་དུ་ཞུ་ནས་ཁོག་པ་ལ་ཐིམ། དེ་ཉིད་ཀྱང་འོད་དམར་པོའི་ཕུང་པོར་གྱུར། ལྟེ་བའི་རྣལ་འབྱོར་མ་མཁའ་སྤྱོད་དུ་འབྱོན་པ་ལ་རིང་བས་ཡར་བྱོན། རིམ་བཞིན་དབུ་མ་དབུ་གཙུག་དང་རོ་རྐྱང་གཉིས་ཀྱང་ཞབས་མཐིལ་ལ་ཐིམ་པས་ཇེ་ཐུང་དུ་གྱུར་ཅིང་། ཕྱི་དབྱིབས་ཀྱི་ལུས་ཀྱང་རིམ་པར་ཐིམ། སྤྱི་གཙུག་


JKT007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱོན་པ་དང་རྩ་དང་ལུས་ལྷག་མ་མ་ལུས་པར་ཐིམ། དེའི་རྐྱེན་གྱི་རང་སེམས་རྣལ་འབྱོར་མ་རྩལ་པོ་ཆེས་མདའ་ནམ་མཁའ་ལ་འཕང་བ་བཞིན་མཁའ་སྤྱོད་དུ་གཤེགས་ཏེ། འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ། གསལ་སྟོང་ཟུང་འཇུག་གི་དབྱིངས་སུ་མཉམ་པར་བཞག །སླར་ནམ་མཁའ་ནས་རང་སེམས་རྣལ་འབྱོར་མར་གསལ་བ་དེ་ཉིད་ཐོལ་གྱིས་བྱུང་། རང་གནས་སུ་ཕེབས་པ་དང་ཕྱིའི་ལུས་དང་རྩ་སོགས་ཀྱང་སྔར་བཞིན་དུ་གྲུབ་པར་བསམ། དེ་ལྟ་བུ་ཚར་ཉེར་གཅིག་གམ། བདུན་ནམ། གསུམ་སོགས་སྐབས་དང་སྦྱར་ལ་བྱ། ཐུན་བསྡུ་བ་ན། རང་ཉིད་ཕྱི་དབྱིབས་ཀྱི་རྣལ་འབྱོར་མར་གསལ་བའི་སྐུ་ལ་གོ་ཆ་དགོད་པ་སོགས་སྒྲུབ་ཐབས་ཀྱི་དཀྱུས་བཞིན་བྱའོ། །དེ་ལྟར་བླ་མའི་རྣལ་འབྱོར་དང་། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་འདི་དག་སོ་སོའི་མན་ངག་ཐོབ་པས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །མཁའ་སྤྱོད་བགྲོད་པའི་གསང་བའི་ལམ། །མཛེས་བྱེད་མན་ངག་འདི་སྦྱར་བའི། །དགེ་བས་ཡིད་ཅན་ཐམས་ཅད་ཀུན། །བདེ་བ་ཆེ་ལ་རོལ་པར་ཤོག །ཅེས་པའང་རང་ཉིད་ཀྱིས་སྔར་བགྱིས་པའི་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་པ་མཁའ་སྤྱོད་བགྲོད་པའི་གསང་ལམ་གྱི་ལྷན་ཐབས་སུ། དོན་དུ་གཉེར་བ་འགའ་ལ་སྨན་པའི་བསམ་པས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་ཏེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་དང་འབྲེལ་བའི་ཉམས་ལེན་མཁའ་སྤྱོད་གསང་ལམ་མཛེས་པར་བྱེད་པའི་རྒྱན། next