Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

2 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
གནས་ལུགས་རྡོ་རྗེའི་ཚིག་རྐང་།
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་ལུགས་རྡོ་རྗེའི་ཚིག་རྐང་།next

གནས་ལུགས་རྡོ་རྗེའི་ཚིག་རྐང་།


JLAZ012_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༂ གནས་ལུགས་རྡོ་རྗེའི་ཚིག་རྐང་བཞུགསཿ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ གཞི་ཡི་གནས་ལུགས་སྤྲོས་དང་བྲལཿ གཞི་སྣང་རིག་པ་ཆོས་ཀྱི་སྐུཿ ལམ་ལ་བྱ་རྩོལ་ཡེ་ནས་དགཿ དེ་ཉིད་མངོན་གྱུར་གྲོལ་ས་ཆེཿ འབྲས་བུ་གུད་དུ་བཅད་མ་ཡིནཿ འབྲས་ཉིད་རྒྱུ་རུ་ཡོད་པའི་དུསཿ ཆམ་གྱིས་གནས་པ་ཞི་གནས་ཡིནཿ ཐོལ་གྱིས་ཤར་བ་རིག་པའི་གདངསཿ ཧྲིག་གིས་རིག་པ་ལྷག་མཐོང་ཡིནཿ ཅེར་གྱིས་ཡལ་བ་གདོད་མའི་ངངཿ གཉུག་མར་གནས་པ་ཆོས་ཀྱི་སྐུཿ ཤེས་བཞིན་འཆར་བ་ལོངས་སྤྱོད་རྫོགསཿ གནས་འགྱུ་གཉིས་མེད་སྤྲུལ་པའི་སྐུཿ སྐུ་གསུམ་རིག་པ་དེ་ལ་ཟེརཿ ལྷོད་དེ་གནས་ལ་དེར་འཛིན་མེདཿ ཧྲིག་གེར་འགྱུ་བ་ངོས་བཟུང་བྲལཿ ལྷང་ངེར་གྲོལ་ལ་རྗེས་ཤེས་མེདཿ སྐུ་གསུམ་ལྷུན་གྲུབ་དེ་ལ་ཟེརཿ ལྟ་བ་མེད་ལ་བྱིང་རྒོད་བྲལཿ སྒོམ་པ་མེད་ལ་ལྷུམས་སུ་ཞུགསཿ སྤྱོད་པ་མེད་ལ་གཟའ་གཏད་བྲལཿ རྣམ་འབྱོར་དབང་ཕྱུག་དེ་ལ་ཟེརཿ ཐོལ་གྱིས་ཤར་བའི་རྣམ་རྟོག་དེཿ རིག་ཅིང་དེ་ཁའི་རྒྱུན་སྐྱོང་ནཿ གཤིས་ལ་ཤོར་བའི་ལྷག་མཐོང་ཡིནཿ མིང་ལ་རྗེས་ཐོབ་འདོགས་ན་ཐོགསཿ རྣམ་རྟོག་ཆོས་སྐུར་གྲོལ་བ་མིནཿ ཐད་ཀར་རྩ་གདར་ཆོད་པ་དགོསཿ ཡེ་ནས་རིག་པ་སྤྲོས་བྲལ་ལཿ ལྟ་སྒོམ་སྤྱོད་པའི་ཐ་སྙད་དངཿ


JLAZ012_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཛིན་གཞི་རྩ་མེད་པར་སངསཿ བཟང་རྟོག་ངན་རྟོག་ལུང་མ་བསྟནཿ གང་གི་ཕྱོགས་སུ་མ་ལྷུང་ཞིངཿ ཤར་གྲོལ་དབྱེ་བའི་མཁན་པོ་མེདཿ ཤེས་རིག་རང་ཚུགས་མ་ཤོར་ནཿ འདི་ལས་ལྷག་པ་གཞན་མ་དགོསཿ མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོངཿ ལོ་པཎ་ཁྲི་དང་མན་ངག་འབུམཿ བསྟན་བཅོས་བྱེ་བ་ས་ཡ་དངཿ མཇལ་ཀྱང་ཐེ་ཚོམ་བཅད་མ་དགོསཿ ས་མ་ཡཿ དྷ་ཐིམཿ བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལཿ ཤེས་རིག་ཀུན་ཏུ་བཟང་པོ་ཡིས། །བྱིན་རླབས་དགོངས་བརྒྱུད་ཚུལ་དུ་གནངཿ ཀུན་ལ་མ་སྟོན་སྙིང་གར་སྦོསཿ དེ་སྐད་འོག་མིན་བྲག་ཕུག་ཏུཿ ཆོ་འཕྲུལ་ཟླ་བའི་ཉེར་དྲུག་གིཿ མུན་མཚམས་མཁའ་འགྲོ་འདུ་བའི་ཚེཿ རིན་ཆེན་ཤོག་སྐྱའི་ལོགས་སུ་ཕབཿ སྙན་བརྒྱུད་ཟབ་མོ་ཨ་ཐམ་རྒྱཿ འདི་ཁོ་ནའོཿ འདི་ཁོ་ནའོཿ འདིའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུངཿ ཿ


previousགནས་ལུགས་རྡོ་རྗེའི་ཚིག་རྐང་།next