Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིག་བདུན་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚིག་བདུན་གསོལ་འདེབས།next

ཚིག་བདུན་གསོལ་འདེབས།


JSD002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བདུན་གསོལ་འདེབས་ནི། ཧཱུྂ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ གསོལ་འདེབས་བླ་མ་སྐུ་གསུམ་ནི། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང་༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་


JSD002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོནཿ༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གསོལ་འདེབས་ལེའུ་བདུན་མ་ལས། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ ཤྲཱི་སིདྷའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྫོགས་ཆེན་


JSD002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གསོལ་འདེབས་ལེའུ་བདུན་མ་ལས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔ གཟུང འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་རྣ་བའི་ཡུལ་དུ་གྲག་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔ གྲག་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲག་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་༔ གྲག་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་


JSD002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔ་རྟོག་པ་ཅི་ཤར་ཡང་༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱི་ལྟར་གཟུང བའི་ཡུང་སྣང་དག་པ་དང་༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཀློང་ཆེན་སྙིང་ཐིག་བླ་མ་བརྒྱུད་པའི་རིམ་པ་རྣམས་ལ་གསོལ་བ་འདེབས་པ་ནི། ཀུན བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །པདྨ་ཀཱ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་


JSD002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་རྗེས། །ཟབ་གཏེར་བདག་པོ་མངའ་གསོལ་འཁོར་ལོས་བསྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་


JSD002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་སྤལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་ཝ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི དབང་པོར་གསོལ་བ་འདེབས། །ཆོས་བརྒྱད་མདུད་པ་རོ་སྙོམས་ངང་དུ་ཞིག །བློས་བྱས་རི་མོ་ཀ་དག་དབྱིངས་སུ་ཡལ། །རྫོགས་པ་ཆེན་པོའི་


JSD002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་མངོན་སུམ་གཟིགས། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། །ས་མཆོག་དཀྱིལ་འཁོར་མངོན་གྱུར་བི་མ་ལ། །ཀུན་བཟང་ཆོས་སྐུའི་སྟོན་པ་ཀློང་ཆེན་པ། །དབྱེར་མེད་ངག་གི་དབང་པོར་གསོལ་བ་འདེབས། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །མཆོག་གི་བླ་མ་རྣམས་ཀྱིས་རྒྱལ་ཚབ་ཏུ། །དབང་བསྐུར་ལུང་ཟིན་ཕྱོགས་མེད་གཞན་དོན་སྤྱོད། །སྦས་པའི་རྣལ་འབྱོར་ཀུན་སྤངས་རྫོགས་ཆེན་པ། །སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །འདི་


JSD002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་མགོན་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །རྡོ་རྗེ་ཐེག་པའི་རིང་ལུགས་མ་ནོར་བའི། །ཆོས་དང་བླ་མ་དམ་པ་མཇལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།


previousཚིག་བདུན་གསོལ་འདེབས།next