Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of དང་ཚ་ལ་དབང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
 
  
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ།
  
  
  
  
  
  
  


1 occurrence of དང་ཚ་ལ་དབང་
[Clear Hits]

 
previousདཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ།next

དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ།

དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ་ཞེས་བྱ་བ་བཞུགས་སོ། །གནམ་སྔོན་བསྐལ་པའི་མེ་བོས་བཅིངས་འདྲ་འཇིགས་སུ་རུང་བ་ཀུན་ཚོགས་པ། །ལྷ་ཆེན་སྤྱི་བོར་རྟག་ཏུ་རོལ་པས་ས་གསུམ་བགེགས་ལ་ཆེར་སྡང་བ། །རྒྱལ་བ་ཀུན་གྱི་གསང་བའི་བདག་པོ་ཕྱག་ན་མཐུ་སྟོབས་རྡོ་རྗེ་འཆང་། །རྗེ་བཙུན་བླ་མ་ཁྱོད་ལ་འདུད་དོ་བདག་སྙིང་ནུས་པས་གང་བར་མཛོད། །ཤམྦྷ་ལ་པའི་གསང་བ་གང་། །འཕགས་ཡུལ་གྲུབ་པས་གཏམ་དུ་བསྟན། །མཉན་པ་དེ་བཞིན་རས་ཆུང་ཞབས། །གསུང་འདི་གཏུམ་པོ་ཁྱུང་ཤམ་ཅན། །གང་ལ་པདྨ་འབྱུང་གནས་ཞེས། །གྲགས་པའི་གཏེར་མངའ་དེ་ལྟ་བུ། །སུ་ལའང་བྱེད་པའི་ཐབས་འདི་ཡིས། །གཉིས་པ་རྒྱལ་བའི་ཞལ་མ་ཐོན། །དེ་ཡང་དཔལ་ལྡན་འབྲུག་པ་ཞེས། །ཆོས་ཀྱི་སྙིང་པོའི་མཛོད་ཆེན་པོ། ཁོ་ནར་འདུག་གི་གཞན་གར་སྣང་། །ཤེས་པས་དཔྱད་ཀྱིན་བདག་ལུགས་དགེ །འདིར་གསང་བ་བསྟན་པའི་རྒྱུད་ལས་གསུངས་པ། བཅོམ་ལྡན་འདས་གསང་བའི་བདག་པོ་རིགས་ཐམས་ཅད་འདུས་པའི་དཀྱིལ་འཁོར་གྱི་རྒྱལ་པོ་འདི་ལ་བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ། དང་པོ་ལ། ཚོགས་བསག་པ་བསྲུང་འཁོར། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། བྱིན་བརླབ། གོ་ཆ། སྤྱན་འདྲེན། གཞུག་པ། དབང་བསྐུར་རྒྱས་བཏབ། བཟླས་པ། གཏོར་མ། ཐུན་བསྡུ་བ་བཅུ་གཉིས་ལས། དང་པོ་ནི། རྒྱུད་ནས་གསུངས་པའི་གནས་སུ་རྣལ་འབྱོར་གྱི་ཡོ་བྱད་བསགས་ལ་བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱས་ལ། རང་སྐད་ཅིག་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའི་སྙིང་གར་ཉི་མ་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔར་སྦྱངས། སླར་འོད་ཟེར་གྱི་ལྕགས་ཀྱུས་དེ་དག་དང་གདོད་ནས་གྲུབ་པའི་རྒྱལ་བའི་ཚོགས་ཐམས་ཅད་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་མདུན་གྱི་ནམ་མཁར་བྱོན་པ་ལ། ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །རང་བཞིན་ཡེ་ཤེས་ལྔ་ཡི་དངོས། །རྣམ་དག་དྲི་མེད་སྐུ་འཆང་བ། །འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་ཧཱུྃ་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་འདོད་པ་ཐམས་ཅད་ཀྱི་རྩེ་འཇོ་མཁན་རྣམས་ཀྱིས། ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ། དེ་དག་གིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་རྗེས་སུ་ཆགས་པ་ཞུས། ཨོཾ་བཛྭ་རཱ་ག་ར་ཏི་ཧཱུྃ་ཧཱུྃ་ཕཊ྄། དེ་དག་དང་ལྷ་གཉིས་སུ་མེད་པར་གྱུར། བདག་གིས་ཐོག་མ་མེད་དུས་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་སོ་སོར་བཤགས། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་ཅན། །དེ་རིགས་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །གསང་བའི་བདག་པོར་དབང་བསྐུར་བས། །གསང་སྔགས་འཁོར་ལོ་བསྐོར་བར་བསྐུལ། །མཐུ་ལྡན་སྐྱོན་བྲལ་ཁྱེད་རྣམས་ལ། །སྐྱེ་རྒ་ན་འཆི་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །མཐུན་འཇུག་མྱ་ངན་མི་འདའ་གསོལ། །དོན་དམ་རང་བཞིན་མཚན་མ་མེད། །རྣམ་པར་མི་རྟོག་ཆོས་སྐུ་ལ། །བདེ་གཤེགས་མཚན་དཔེས་བརྒྱན་སྣང་བ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །དུས་གསུམ་མགོན་པོ་ཐུགས་རྗེ་ཅན། །བྱམས་པའི་ཐུགས་ལས་མ་གཡོས་ཀྱང་། །དགོས་པའི་དབང་གིས་དྲག་སྤྲུལ་པ། །གསང་སྔགས་ཆོས་ལ་སྐྱབས་སུ་མཆི། །སྣ་ཚོགས་སྐུ་འཛིན་དོན་བསྒྲུབ་པ། །འཕགས་པ་གོས་སྔོན་སེམས་དཔའ་ནི། །རིན་ཆེན་སྐྱབས་མཆོག་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པའི། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །ཤེས་རབ་སྙིང་རྗེར་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་ལྟར། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་ནམ་ཡང་མི་གཏོང་ངོ་། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཚོགས་གཉིས་ལས་བྱུང་དགེ་བ་རྣམས། །འཁོར་བའི་སེམས་ཅན་མ་ལུས་དོན། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །ཚོགས་ཞིང་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །བསོད་ནམས་ཀྱི་ཚོགས་སོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཕྱི་གཟུང་བའི་ཡུལ་ཐམས་ཅད་སྟོང་པར་གྱུར། ཨོཾ་ཤུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ནང་འཛིན་པའི་སེམས་སྟོང་པ་ཉིད་དུ་གྱུར། ཡེ་ཤེས་ཀྱི་ཚོགས་སོ། །བསྲུང་འཁོར་ནི། སྟོང་པའི་ངང་ལས་ནམ་མཁའི་གནས་སུ་རང་གི་སེམས་ཡི་གེ་ཧཱུྃ་ལྔ་ལྡན་ལས་ཡི་གེ་ཙ་ཅིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་འབར་བའི་འཁོར་ལོ་ལྟེ་བ་མུ་ཁྱུད་སྟེང་འོག་དང་བཅས་པར་རྩིབས་བཅུ་པ། དེ་དག་གི་ནང་དུ་ཉི་གདན། ལྟེ་བར་ཧཱུྃ་དེ་ཞུགས་པ་ལས་རང་ཉིད་གནོད་མཛེས་རྒྱལ་པོ་མཐིང་ནག་གཡས་དཀར་གཡོན་དམར་རྒྱབ་ལྗང་བའི་ཞལ་བཞི་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ། ལྷག་མའི་གཡས་གཉིས་གྲི་གུག་དང་རྩེ་གསུམ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག ཁྲོ་བོའི་བྱིན་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བསྐལ་པ་འཇིག་པའི་དུས་ཀྱི་མཐའི་མེ་ལྟ་བུའི་འོད་ཟེར་འཕྲོ་བ། གཡས་བརྐྱང་གིས་བཞུགས་པ། དེའི་ཐུགས་ཀ་ནས་ཧཱུྃ་བཅུ་རྩིབས་སུ་སྤྲོས་པ་ལས། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོ་ནུབ་ཏུ་སྟོབས་པོ་ཆེ། ནུབ་བྱང་དུ་མི་གཡོ་བ། བྱང་ཤར་དུ་གཞན་གྱིས་མི་ཐུབ་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ། འོག་ཏུ་ཧཱུྃ་ཀ་ར། ཐམས་ཅད་ནག་པོ་ཕྱག་གཉིས་རྡོ་རྗེའི་ཐོ་བ་དང་ལྕགས་ཀྱུ། ཁྲོ་ཞིང་འཁྲུགས་པའི་ཞལ་ཡས་ཀྱི་མཆེ་བས་མ་མཆུ་མནན་པ། སྤྱན་གསུམ་དྲག་ཏུ་ཁོལ་ཞིང་གཟིར་བ། དཔའ་ཞིང་སྒེག་པ་མི་སྡུག་པའི་སྐུ། སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། གཡས་བརྐྱང་བས་མེའི་ཕུང་པོ་ཆེན་པོའི་ཁྲོད་དུ་ཉི་མ་ལ་བཞུགས་པ་ལ་གནོད་མཛེས་ཀྱིས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་པ་ཡ་གྲྀ་་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྒོ་བས་ཁྲོ་བོ་བཅུས་ཕྱོགས་བཅུའི་གདོན་བགེགས་ལོག་འདྲེན་བར་དུ་གཅོད་པར་བྱེད་པ་ཐམས་ཅད་བཟུང་ནས་གན་རྐྱལ་དུ་བསྒྱེལ་བའི་ཁར་རང་རང་སྟོད་ཁྲོ་བོ་སྨད་ཕུར་བུ་དབལ་མེའི་དོང་ནས་འཐོན་མ་ཐག་པ་ལྟ་བུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུ་ན་བིགྷྣཱ་ན་ཧཱུྃ་ཕཊ྄། ཀཱི་ལི་ཀཱི་ལཱ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ྄། བཛྭ་དྷཱ་ར་ཨཱ་ཛྙྱཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཕུར་བུ་དེ་དག་བགེགས་རྣམས་ལ་བཏབ་པ། གནོད་མཛེས་ཀྱི་ཕྱག་གི་རྡོ་རྗེ་ཐོ་བར་གྱུར་ནས། ཨོཾ་བཛྭ་མུངྒ་ར་བཛྭ་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ྄། དེ་དག་གི་མགོ་ནས་བརྡུངས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་བཏབ་ཅིང་མེ་འབར་བས་ཐལ་བ་ཙམ་ཡང་མི་དམིགས་པར་བསྲེགས་ནས་རང་གི་ལག་པ་གཡས་གཡོན་ཁ་དང་གསང་བར་ཕྱོགས་དཔུང་པ་དང་པུས་མོ་ལ་མཚམས། སྤྱི་བོ་དང་རྐང་མཐིལ་ལ་སྟེང་འོག་གི་ཁྲོ་བོ་རྣམས་ཞུགས་པར་གྱུར། མཐར་མི་དམིགས་པ་སྟོང་པར་གྱུར། ཨོཾ་མེ་དཱི་ནི་བཛྭཱི་བྷ་ཝ་བཛྭ་བནྡྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྭ་པཉྩྨ་ར་ཧཱུྃ་ལཾ་ཧཱུྃ། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྭ་ཤ་ར་ཛྷ་ལ་ཧཱུཾ་སཾ་ཏྲཱཾ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་རཾ་ཧཱུྃ། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མི་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའ་ཁྱབ་པའི་ནང་དུ། རྟེན་གཞལ་ཡས་ཁང་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། དེའི་སྟེང་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་ཙ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བ་ལ་བྷྲུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ། རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་བ་གམ་ཛམྦཱུ་ན་དཱི། ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ། སྟེང་རྩིག་པའི་ཐད་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་སུམ་བརྩེགས་ཀྱི་དབུས་ཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར་གདུགས་ཀྱིས་ཕུག་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ་བཀྲ་བ་བལྟ་ན་སྡུག་པ། ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ། རྒྱ་དང་ཁྱོན་བློས་མི་འཁྱུད་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་གི་དབུས་སུ་ས་ལས་བརྡོལ་བའི་རིན་པོ་ཆེའི་པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་བརྟེན་པ་ལྷ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཡ་ར་ལ་ཝ་ཌ་ཌྷྜྷ་གཉིས་ལས་དཔེ་བྱད་བརྒྱད་ཅུ་མཚན་པ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཉི་མ། དེའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཉིས་ལས་མཚན་སོ་གཉིས་མཚོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཟླ་བ། དེ་གཉིས་ཀྱི་བར་དུ་ཧཱུྃ་དང་ཨཾ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད། ཨཾ་ལས་པདྨ་ལི་ཁྲིའི་མདོག་ཅན་ཨཾ་གིས་མཚན་པ་ལ་ཕྱེད་ཙམ་དིམ་པའི་ཧཱུྃ་ལས་རྡོ་རྗེ་མཐིང་ཤུན་གྱི་མདོག་ཅན་ཧཱུྃ་གིས་མཚན་པ། པདྨ་དེ་ལས་འོད་ཟེར་དམར་པོ་དང་རྡོ་རྗེ་ལས་སྔོན་པོ་འཕྲོས་གསུང་དང་ཐུགས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་སོ་སོར་ཐིམ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད། དེ་རྣམས་གཉིས་སུ་མེད་པར་ཞུ་བ་དངུལ་ཆུའི་རྣམ་པ་ལྟ་བུའི་འོད་ཀྱིས་སྐུའི་རིགས་ཐམས་ཅད་བསྡུས་ཏེ་ཐིམ་པ་ལས། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས་ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་དྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཐོད་སྐམ་དང་རྡོ་རྗེ་རིན་པོ་ཆེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པས། ཡུམ་ལ་འཁྱུད་པ། ཁྲག་འཛག་པའི་མགོ་བོའི་ག་ཤ་ཀླུ་ཆེན་བརྒྱད་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་སྤྲས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡོན་ལྷ་དབང་ཕྱུག་ཆེན་པོ་ལག་པ་སྟོང་གིས་རང་གི་གདོང་སྟོང་འཚོག་པ་དེའི་དཔྲལ་བ་མནན་ཞིང་། གཡས་བསྐུམ་པས་ཨུ་མ་དེ་ཝིའི་སྙིང་ག་བརྫིས་ཏེ་ཉིན་མོར་བྱེད་པ་ལ་བཞུགས་པའི་ཕང་དུ་དཔའ་མོ་བདེ་མ་ལྗང་ཁུ་བཅུ་དྲུག་པའི་ལང་ཚོ་ཆགས་པ་མི་ཟད་པར་བདོ་བས་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་བཅོམ་ལྡན་འདས་ཀྱི་མགུལ་འཁྱུད་ཅིང་ཞབས་གཡོན་འཁྲིལ་བ་དང་གཡས་ལྷན་ཅིག་བརྐྱང་པས་པདྨར་རྡོ་རྗེ་ཐིམ་པའི་དགའ་བས་ངོམས་པ་མེད་པར་སྲུབ་པ་དང་སྲུབ་པའི་བྱ་བ་ལ་བརྩོན་པ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་གཉིས་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད། དེ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ལྷ་ཚོགས་བསྐུལ་ནས་ཞུ་བའི་བྱང་ཆུབ་སེམས་ཀྱི་རྣམ་པར་མཁའ་གསང་དུ་བྱོན་པ་ཆ་བཅུ་གཉིས་སུ་ཆད་དེ་ཕྱིར་འཐོན། དཀྱིལ་འཁོར་ཆེན་པོའི་ལྷ་གནས་སོ་སོར་ཐིག་ལེའི་རྣམ་པར་ཞུགས་པ་རྣམས་ཕྱོགས་སུ་ཧཱུྃ་ཧཱུྃ་ཧཱུྃ་ཀྵཿ གྲྭར། ཨོཾ་ཏྲཱཾ་སྲཱིཿཨཿ སྒོར་ཧཱུྃ་གི་ཡིག་གཟུགས་དེ་དག་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་ཚད་མེད་པའི་བདག་ཉིད་ཀྱི་ཁྲོ་བོ་བཞིའི་དང་པོ་ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོར་དྲིལ། ལྷག་མ་གཉིས་རྩེ་གསུམ་དང་བེ་ཅོན་བསྣམས་པ། འབྱུང་པོ་དང་པདྨའི་གདན་ལ་བཞུགས་པ། ལྷོར་ཧཱུྃ་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་སྲིན་པོའི་གཟུགས་ཅན། རང་གི་ཤ་ལ་ཟ་བ་ཙམ་དུ་གཏུམ་པ། གད་རྒྱངས་དང་བཅས་པའི་མཆུ་ལས་ཁྲག་འཛག་ཅིང་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་ཐོད་འཕྲེང་གིས་བཅིངས་པ་ཕྱག་གཡས་འབར་བའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བཟུང་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་དགྲ་བོ་བསྒྲལ་བའི་བཾ་དང་པད་ཉི་ལ་བཞུགས་པ། ནུབ་ཏུ་བདུད་རྩི་འཁྱིལ་བ་ལྗང་ཁུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་དབྱུག་ཐོ། ལྷག་མ་གཉིས་མཁའ་ལྡིང་ཨ་ནཱི་ལ་དང་ཕུར་བུ་བསྣམས་པ། ཀླུ་ཆེན་བརྒྱད་ཀྱི་གདན་དང་པད་ཉི་ལ་བཞུགས་པ། བྱང་དུ་འཕགས་པ་ཛམ་བྷ་ལའི་དབང་པོ་གསེར་མདོག་གནོད་སྦྱིན་གྱི་བྱིན་མི་བཟད་པ་ཞལ་གཅིག་ཕྱག་གཉིས་གཡས་ནོར་བུའི་རྒྱལ་མཚན་དང་། གཡོན་དབུལ་བ་སེལ་བའི་ནེའུ་ལེ་འཛིན་པ། ལྷའི་ན་བཟའ་དང་རྒྱན་ཅན་ནོར་བུ་འབོ་བཞིན་པའི་གཏེར་བུམ་བརྒྱད་དང་པད་ཟླ་ལ་བཞུགས་པ། མཚམས་ལ་བུམ་པ་བདུད་རྩིས་གང་བའོ། །ཤར་ལྷོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་གཡོན་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། ལྷོ་ནུབ་ཏུ་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་གཡོན་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ནུབ་བྱང་དུ་པདྨའི་ཁྱུང་དམར་པོ་གཡས་པདྨ་གཡོན་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། བྱང་ཤར་དུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་གཡོན་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། ཐམས་ཅད་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན་ཉི་མའི་འོད་དང་མཚུངས་པ་སྤྱན་གསུམ་པ། ཤིན་ཏུ་གཏུམ་པ། ཀླུ་རིགས་བཞི་སོ་སོའི་གདན་དང་པདྨ་ལ་བཞུགས་པ། ཤར་སྒོར་ཐུགས་ཀྱི་ཁྲོ་བོ་སྟོབས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་རྡོ་རྗེས་ཐོད་ཁྲག་དཀྲུག་པ། ཁྱབ་འཇུག་གི་གདན་དང་པད་ཉི་ལ་བཞུགས་པ། ལྷོ་སྒོར་སྐུའི་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་གདོང་ཅན་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང་གཅེར་བུ་རྒྱན་མེད་ལིངྒ་གྱེན་དུ་བསྒྲེང་བ། འཆི་བདག་གཤིན་རྗེ་གདན་དང་པད་ཉི་ལ་བཞུགས་པ། ནུབ་སྒོར་གསུང་གི་ཁྲོ་བོ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དབང་ཕྱུག་གི་གདན་དང་པད་ཉི་ལ་བཞུགས་པ། བྱང་སྒོར་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་རྡོ་རྗེ་ཕུར་བུ་བསྒྲིལ་བ། ཚངས་པའི་གདན་དང་པད་ཉི་ལ་བཞུགས་པ། ཁྲོ་བོའི་དབང་པོ་དྲུག་ཀའང་མི་སྡུག་པའི་གཟུགས་ཅན་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་འབར་བ་འཇིགས་སུ་རུང་ཞིང་གེལ་ལ་བརྗིད་པ། རལ་པ་བཤོར་པོ་སྦྲུལ་གྱི་རྒྱན་དང་ལྔ་ལ་དར་གྱི་ལྷུབས་གོན་དང་སྟག་ཤམ་གྱིས་སྤྲས་ཏེ་གཡས་བརྐྱང་བས་ཚ་ཟེར་ཅན་ལ་བཞུགས་པ་མེའི་པ་ཏྲས་བསྐོར་བ། མགོ་བོའི་འཕྲེང་བ་ལ་སོགས་པས་ཀྱང་བརྒྱན་པའོ། །དཀྱིལ་འཁོར་གྱི་མཐའི་ཁོར་ཡུག་ཏུ་གོས་སྔོན་ཅན་ལྔ་བརྒྱ། ཀླུ་ཆེན་བརྒྱད་ལ་སོགས་པའི་ཀླུ། ལྷ་མ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའོ། །བྱིན་བརླབ་ནི། ལྷ་ཚོགས་དེ་ཐམས་ཅད་ཀྱི་ལུས་ལ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་བརླབས་བསྡུས། དེ་ལ་ཐིམ་པས་ལུས་གསང་བ་བསམ་གྱིས་མི་ཁྱབ་པའི་སྐུ་རྡོ་རྗེའི་རང་བཞིན་ངག་ལ་ཨཱཿ དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས་ཏེ་ཐིམ་པས་ངག་གསང་བ་བསམ་གྱིས་མི་ཁྱབ་པའི་གསུང་རྡོ་རྗེ། སེམས་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་བརླབས་བསྡུས་ཏེ་ཐིམ་པས་ཡིད་གསང་བ་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། གཙོ་བོ་དང་འཁོར་ཐམས་ཅད་ཀྱི་དཔྲལ་བར་སྒྲིབ་པ་རྣམ་སེལ་སེར་པོ་རྔ་ཡབ། མིག་ཏུ་སའི་སྙིང་པོ་སེར་པོ་ཤིང་གི་ཡལ་འདབ། རྣ་བར་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ་ལྗང་ཁུ་ནོར་བུ། ལྕེ་ལ་འཇིག་རྟེན་དབང་ཕྱུག་དཀར་པོ་པདྨ། སྙིང་གར་ཀུན་ཏུ་བཟང་པོ་སྔོན་པོ་རལ་གྲི། ཡུམ་གྱི་དཔྲལ་བར་རེག་བྱ་རྡོ་རྗེ་མ་གོས་ཟུང་། མིག་ཏུ་གཟུགས་རྡོ་རྗེ་མ་མེ་ལོང་། རྣ་བར་སྒྲ་རྡོ་རྗེ་མ་པི་ཝང་། སྣ་ལ་དྲི་རྡོ་རྗེ་མ་སྤོས་སྣོད། ལྕེ་ལ་རོ་རྡོ་རྗེ་མ་རོ་སྣོད། སྙིང་གར་ཆོས་ཀྱི་རྡོ་རྗེ་མ་འཁྱུད་སྟངས་མཛད་པ། ཐམས་ཅད་ཀྱང་ཁྲོ་བོ་དང་བཅས་པས་ཡབ་གཡོན་ཡུམ་གཡས་བརྐྱང་སྟེ་པད་ཟླ་ལ་གནས་པ། གོ་ཆ་ནི། ཡབ་ཀྱི་སྤྱི་བོར་ཨོཾ་ལས་བུདྡྷ་ཧེ་རུ་ཀ་དཀར་པོ། མགྲིན་པར་སྲཱིཿལས་པདྨ་ཧེ་རུ་ཀ་དམར་པོ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧེ་རུ་ཀ་སྔོན་པོ། ལྟེ་བར་ཏྲཱཾ་ལས་རིན་ཆེན་ཧེ་རུ་ཀ་སེར་པོ། གསང་གནས་སུ་ཨ་ལས་ཀརྨ་ཧེ་རུ་ཀ་ལྗང་ཁུ་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ་རལ་གྲི །གཡོན་སྡིགས་མཛུབ་མཛད་པ། ཧེ་རུ་ཀའི་ཆས་ཅན་གཡོན་བརྐྱང་། ལག་པ་གཡས་པ་རྣམ་རྒྱལ། གཡོན་པ་གཤིན་རྗེ་གཤེད། ཁ་ལ་རྟ་མགྲིན། གསང་བར་བདུད་རྩི་འཁྱིལ་བ། དཔུང་པ་གཡས་སུ་མི་གཡོ་བ། གཡོན་དུ་གཞན་གྱིས་མི་ཐུབ་པ། པུས་མོ་གཡས་པར་དབྱུག་སྔོན་ཅན། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་པ་གཉིས་ལ་གནོད་མཛེས་རྒྱལ་པོ། དེ་ཐམས་ཅད་ཀྱང་ཕྱག་གཉིས་ནས་བསྲུང་འཁོར་བཞིན་ཉི་མ་ལ་བཞུགས་པ། ཡུམ་གྱི་སྤྱི་བོར་སངས་རྒྱས་སྤྱན་མ་སེར་མོ་མགྲིན་པར་གོས་དཀར་དམར་མོ། སྙིང་གར་མཱ་མ་ཀཱི་སྔོན་མོ། ལྟེ་བར་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་སེར་མོ། གསང་གནས་སུ་སྒྲོལ་མ་ལྗང་ཁུ། ཐམས་ཅད་ཀྱང་ཁྲོ་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་གཡོན་གཡས། ཞལ་དང་གསང་བ་དཔུང་པ་གཡོན་གཡས། པུས་མོ་གཉིས་དང་། སྤྱི་བོ་དང་རྐང་པར་རིམ་པ་བཞིན། རྡོ་རྗེ་རོ་ལངས་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། གཞན་གྱིས་མི་ཐུབ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། ཁྲོ་གཉེར་ཅན་མ་དང་། སྣ་ཚོགས་པདྨ་དང་། རལ་གཅིག་མ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། ས་འཛིན་མ་སྟེ་ཁྲོ་མོ་བཅུ་གྲི་གུག་དང་ཐོད་ཁྲག་འཛིན་པ། བཅོ་ལྔ་པོ་གཡས་བརྐྱང་གིས་བཞུགས་པ། སྙིང་གར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ། དེའི་ལྟེ་བར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ། སྤྱན་འདྲེན་ནི། དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྭ་ས་མཱ་ཛཿ ཧཱུྃ། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས། གཉིས་མེད་སྟོང་པའི་རང་བཞིན་ལས། །སྨོན་ལམ་སྙིང་རྗེའི་མཐུ་སྟོབས་ཀྱིས། །བསམ་གྱིས་མི་ཁྱབ་དཀྱིལ་འཁོར་ཆེ། །བདེ་གཤེགས་གཙོ་བོ་གཏུམ་པོ་དང་། །ལྷ་རྣམས་ཕྱོགས་སུ་འཁོད་པ་དག །བདག་དང་སེམས་ཅན་རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ལ། མཆོད་བསྟོད་ནི། བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་ཁྱབ་པར་སྤྲོས་པ་རྣམས་ཀྱིས། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །སོགས་ཀྱིས་མཆོད། ཧཱུྃ ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །རང་བཞིན་ཡེ་ཤེས་ལྔ་ཡི་དངོས། །རྣམ་དག་དྲི་མེད་སྐུ་འཆང་བ། །འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྐུ་ལ་གཉིས་མེད་འཁྱུད། །སྟོང་པ་ཉིད་ཀྱི་བདེ་སྟེར་མ། །དམར་ལྗང་གྲི་གུག་ཐོད་པ་འཛིན། །དཔའ་མོ་བདེ་མ་ཕྱག་འཚལ་ལོ། །ཡབ་ཡུམ་གཉིས་མེད་སྦྱོར་བའི་ཐབས། །བྱང་སེམས་ལས་བྱུང་ཁྲོ་བོའི་ཚོགས། །འཕྲིན་ལས་དོན་ལ་མངའ་བརྙེས་པ། །ཕྱོགས་མཚམས་སྒོར་བཞུགས་རྣམས་ལ་བསྟོད། །གཞུག་པ་ནི། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་རྒྱས་བཏབ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། དེ་རྣམས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ལྷ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱུན་གྱིས་སྤྱི་བོ་གང་། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་གང་། ངག་གི་དྲི་མ་དག གསང་དབང་ཐོབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་ནས་གྱེན་དུ་གཤེགས་པས་རྣམ་ཤེས་ཀྱི་ཆ་དག དབང་བཞི་པ་ཐོབ་པས་སངས་རྒྱས་ལྔ་ཐོད་པའི་ཕོ་བྲང་དང་རྡོ་རྗེ་སེམས་དཔའ་གཙུག་ཏུ་བཞུགས་ཤིང་། འཁོར་རྣམས་ལ་རང་རིགས་ཀྱི་སངས་རྒྱས་ཞི་བའི་ཚུལ་ཅན་གྱིས་རྒྱས་གདབ། དེ་ལྟ་བུའི་འཁོར་ལོ་ཅི་ཙམ་ནུས་ཀྱི་བར་དུ་བསྒོམ་མོ། །བཟླས་བརྗོད་དང་གཏོར་མ་བྱ་བ་ནི། སྔགས་ཀྱི་འཕྲེང་བ་ལ་དམིགས་ནས། ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄། སྐུའི་སྙིང་པོ། ཨོཾ་བཛྭ་ཀྲོ་དྷ་ནཱི་ལཾ་བ་ར་དྷཱ་ར་བཛྭ་པཱ་ཎི་ཧཱུྃ་ཕཊ྄། གསུང་གི་སྙིང་པོ། ཨོཾ་བཛྭ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཐུགས་ཀྱི་སྙིང་པོ། ཨོཾ་བཛྭ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་ཨ་མྲྀ་ཏ་ནཱ་ག་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་ཀུ་བེ་རཱ་ཛ་ཧཱུྃ་ཕཊ྄། ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་བཛྭ་སརྦ་དུཥྜུ་ན་ཧཱུྃ་ཕཊ྄། ཨོཾ་ཡ་མ་རཱ་ཛ་ཧཱུྃ་ཕཊ྄། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། འཁོར་སྔགས་སོ། །དམིགས་པ་མན་ངག་བཞིན་ནོ། །གཙོ་བོ་འབུམ་ལ་འཁོར་ཁྲི་བཟླའོ། །མཚན་ཉི་ཤུ་རྩ་གཅིག་པས་བསྟོད་པ་ཡང་མང་དུ་བྱའོ། །དེས་པདྨ་འབྱུང་གནས་ལྟ་བུའི་ནུས་པ་ཐོབ་པར་འགྱུར་རོ། །ཐུན་མཚམས་གཏོར་མ་ནི། བཟའ་བ་དང་བཅའ་བར་སྨོས་པ་ཐམས་ཅད་ཀྱི་གཏོར་མ་དང་། མྱོས་བྱེད་ཀྱི་བཏུང་བའི་སྣོད་བསངས་སྦྱངས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ་གཡོ་བ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་དེའི་ཟུར་གསུམ་དུ་ཧཱུྃ་ལས་རྡོ་རྗེ་ལངས་པ། དེའི་སྟེང་དུ་ཨཱཿལས་པདྨའི་སྣོད་ཆེན་པོ་སྟོང་གསུམ་ཁྱབ་པ་ཙམ་ཕྱི་དཀར་ལ་ནང་དམར་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དེའི་སྟེང་དུ་སུ་ར་མ་ཧཱུྃ་ཨ་ལས་བདུད་རྩི་ལྔ། སྟེང་དུ་བྷྲཱུཾ་ཨཾ་ཛྭཱིཾ་ཁཾ་ཧཱུྃ་སངས་རྒྱས་ལྔའི་རང་བཞིན་ཅན་གནས་པ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། སྟེང་དུ་མཾ་ལཾ་པཾ་ཏཾ་བཾ་ཡུམ་ལྔའི་རང་བཞིན། ཉི་མ་དམར་པོས་ཁ་བཅད་པའི་སྟེང་དུ་རྡོ་རྗེ་དཀར་པོ། ལག་པ་གཡས་པ་བཀབ། ཨོཾ་ལས་རྫས་དེ་ཐམས་ཅད་ཀྱི་མ་དག་པ་སྦྱངས། གཡོན་བཀབ། ཨཱཿམང་པོར་སྤེལ། སྙིམ་པ་བཀབ། ཧཱུྃ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་དངོས་པོར་སྦར། ཁའི་ཉི་མ་ཞུ་བས་ཐམས་ཅད་ཟངས་ཀྱི་ཞུན་མར་ལྟ་བུར་ཁོལ་བ་ཤེས་རབ། རྡོ་རྗེ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་དངུལ་ཆུའི་རྣམ་པ་ལྟ་བུ་བབས་པའི་ཐབས་གཉིས་རོ་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། མདུན་གྱི་ནམ་མཁར་པཾ་ལས་པདྨའི་སྡོང་པོ་ཆེན་པོར་རང་གི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སོགས་ཀྱིས་ངག་ཏུ། ཕེཾ། ལག་པ་འབར་བའི་ཕྱག་རྒྱ་བསྐོར། རྐང་པ་གཡོན་གྱིས་གཡས་མནན། ཚོགས་ཞིང་བཞིན་མཆོད། དེ་རྣམས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་སྦུ་གུ་ཅན་གྱི་རྩེ་གཏོར་སྣོད་དུ་བཙུགས། གཙོ་བོ་ལ་སོགས་པ་ལ་སྙིང་པོའི་མཐར། ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། ཁོར་ཡུག་པ་རྣམས་ལ། ཨོཾ་ཨིནྡྲ། ཡ་མ། ཛ་ལ། ཡཀྵ་བྷཱུ་ཏ། པ་ནི། ཝཱ་ཡུ། རཱཀྴ་ས། ཙནྡྲ། སུརྻ། མཱ་ཏ། པཀྵྼུ། ཏ་ལ། པ་ཏཱ་ལ། ཨུཥྚ། སདྱཱ་སྭཱཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛི་ག པུཥྤེ། དྷཱུ་པེ། མཱཾ་ས། བིངྒ། ཨཱཏྨ། སརྦ་ཀཉྫྱ་སྭཱཧཱ། ཁནྟི། ཁུཏི། ཕེ་ད། ག་ཏོ། ཕྱོགས་སྐྱོང་ཞིང་སྐྱོང་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ྄་སྭཱཧཱ། འབྱུང་བ་ཐམས་ཅད་ལ་སྦྱིན་ནོ། །སྔར་བཞིན་བསྟོད། འདོད་པའི་དོན་གསོལ། ཧཱུྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་གི་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་སྤྱན་དྲངས་ཚེ་ན་བྱོན། །ཨོཾ་བཛྭ་ས་མ་ཡ་མུཿ གཤེགས་སོ། །ཕན་ཡོན། མཆོད་སྦྱིན་འདི་དང་མ་བྲལ་ན། །ཞི་སོགས་གྲུབ་པ་བརྒྱད་གང་ཡིན། །མཆོག་གི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །དཀྱིལ་འཁོར་བསྡུ་བ་ནི། བཛྭ་མུཿ འཁོར་རྣམས་རང་རང་གི་གནས་སོ་སོར་བསྡུས། ཡུམ་རང་དང་། རང་སྤྱི་བོ་ནས་ཡས་ཞུ། རྐང་མཐིལ་ནས་མས་ཞུ། སྙིང་གའི་ཡེ་ཤེས་སེམས་དཔའ་དེ་རིམ་གྱིས་ཡལ་བས་སྟོང་ཉིད་ལ་བཞག དེ་ནས་སྐད་ཅིག་གིས་དཔའ་བོ་གཅིག་པའི་ཚུལ་དུ་ལངས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་ཀྱིས་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །གཉིས་པ་བསྒྲུབ་པ་ལ། ནུབ་དང་པོ་ས་ཆོག ནུབ་གཉིས་པ་སྟ་གོན། ནུབ་གསུམ་པ་དཀྱིལ་འཁོར་བསྒྲུབ་པ། དབང་བསྐུར་བ་བཞི་ལས། དང་པོ་ལ། བསླང་བརྟག་སྦྱང་གཟུང་བ་བཞི། དང་པོ་རྒྱུད་ནས་གསུངས་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྙེན་པ་ལེགས་པར་ཐེམས་པ་ལ་རྡོ་རྗེ་གཏུམ་པོའི་སྒོར་འཇུག་པར་འདོད་པའི་སློབ་མས་གསོལ་བ་གདབ་ལ། སློབ་དཔོན་དེས་ཀྱང་བདག་བསྐྱེད་བཟླས་པའི་བར་བྱས་གཏོར་མ་སྦྱིན་ལ། མདུན་དུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་མཐའ་མཆོད་གཏོར་བཀོད་པ། མདུན་དུ་ལཾ་ལས་སའི་ལྷ་མོ་ནས། དེ་ཉིད་དུ་ཐིམ་པར་གྱུར་སྤྱི་མཐུན་ས་བསླང་བའོ། །དེ་ནས་ས་གསར་པ་སྟེགས་བུ་བྱ་དགོས་པ་ཡོད་ན་ལྟོ་འཕྱེ་བརྟགས་ལ་བརྐོ། །རོ་ལྔ་བསལ་གཏེར་བཅུག བཀྲ་ཤིས་པ་ལ་དབྱིབས་གྲུ་བཞི་ཙམ་དགོས་པ་དབུས་མཐོ་ཤར་དང་བྱང་གཞོལ་བར་བྱ། གཙུག་ལག་ཁང་ལ་སོགས་པ་ལ་ནི་དེ་ལྟ་བུ་བྱ་མི་དགོས། བརྟག་པའོ། །དེ་ནས་རྒྱས་པར་ཞི་བའི་སྦྱིན་སྲེག་བྱ། གཞན་སྭ་བྷཱ་ཝས་སྦྱངས། འབྱུང་བ་རི་རབ་གཞལ་ཡས་ཁང་དུ་ཡུད་ཀྱིས་བསམ་མོ། །ས་སྦྱང་བའོ། །དེ་ནས་དེར་རྡོ་རྗེ་ལ་མེ་ཏོག་གིས་བཅིངས་པ་བཞག ས་གཟུང་བའོ། །གཉིས་པ་ལ། ས་བསྲུང་བ། ལྷ། བུམ་པ། སློབ་མ་སྟ་གོན་བཞི། དང་པོ་སློབ་དཔོན་ཕྱག་རྒྱ་དྲུག་དང་ལྡན་པས་བདག་བསྐྱེད་བཟླས་པའི་བར་བྱས། སློབ་མ་བཞི་རྣམ་རྒྱལ་ལ་སོགས་པ་འཁོར་བཞིའི་ང་རྒྱལ་གྱིས་རང་ཕྱོགས་ནས་མཆོད་བསྟོད། དེ་བཞིན་གཤེགས་པ་ཀུན་ཞི་བ། །སོགས་སྤྱི་མཐུན། དེ་ནས་འཁོར་རྣམས་བསྡུས་རང་ཉིད་བྱང་ཤར་དུ་སོང་གཙོ་བོའི་ང་རྒྱལ་མིག་གཡས་པར་མ་ལས་ཉི་མ། གཡོན་པར་ཊ་ལས་ཟླ་བ་དང་། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེར་འབར་བར་བསམས་ཏེ་རྡོ་རྗེ་ལྟ་སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་བལྟས་ལ། ཧཱུྃ། དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་སོགས་བགེགས་རྣམས་ཀུན་ཉོན་ཅིག ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་ཁྱོད་རྣམས་མི་འགྲོ་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགེམས་ཤིང་། །ལུས་རྣམས་དུམ་བུ་སྟོང་གྱུར་ནས། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱེད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་སརྦ་བི་གྷྣ་ན་ཨུ་ཙྪ་ཊ་ཡ་ཕཊ྄། ཅེས་བགེགས་བསྐྲད། རྡོ་རྗེ་འགྲོས་ཀྱིས་བསྐོར། བྱང་ཤར་དུ་སླེབ་པ་དང་། གང་དག་མི་འགྲོའི་བགེགས་ཡོད་ན། །ལུས་ངག་ཡིད་ཀྱི་ནུས་པ་རྣམས། །གཞོམ་ཕྱིར་ཁྲོ་བོའི་ཕུར་བུ་གདབ། །ཅེས་རང་ཉིད་གནོད་མཛེས་རྒྱལ་པོ་ནས་བསྲུང་འཁོར་བཞིན་ལས་ཀྱི་རྡོ་རྗེས་ཕྱོགས་མཚམས་སྟེང་འོག་ཏུ་ཕུར་བུ་བཅུ་གདབ་བོ། །ཨོཾ་མེ་དཱི་ནི་སོགས་ཀྱིས་ར་གུར་བསྒོམ། གཉིས་པ་ནི། དེ་ནས་ལྷ་གནས་མ་འཆོལ་བར་གཙོ་བོའི་གནས་སུ་གྲུ་བཞི། འཁོར་གནས་སུ་ཟླུམ་པོ་དྲིས་བྱུག་ཚོམ་བུ་བཀོད་མཆོད་པས་བསྐོར། སྭ་བྷཱ་ཝས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་ལྷ་སྐད་ཅིག་གིས་བསྐྱེད་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་བྱས། ལྷ་མོ་བཅུ་དྲུག་དང་རྒྱལ་སྲིད་སྣ་བདུན་གྱིས་མཆོད། ཧཱུྃ། སངས་རྒྱས་ཀུན་གྱི་མཐུ་སྟོབས་གཟུགས། །མཐིང་ནག་ཉི་མ་འབུམ་གྱི་གཟི། །རྡོ་རྗེ་དྲིལ་འཛིན་གཡོན་བརྐྱང་བས། །དབང་ཕྱུག་མནན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་སྐུ་ལ་འཁྲིལ། །དམར་མོ་གྲི་གུག་ཐོད་པ་འཛིན། །སྟོང་པའི་གཟུགས་ཅན་ཝཱ་རཱ་ཧཱི། །རྡོ་རྗེ་བདེ་མར་ཕྱག་འཚལ་བསྟོད། །བྱམས་པའི་རང་བཞིན་རྣམ་པར་རྒྱལ། །དཀར་པོ་ཞལ་གཅིག་ཕྱག་བཞི་པ། །རྡོར་དྲིལ་རྩེ་གསུམ་བེ་ཅོན་འཛིན། །འབྱུང་པོ་འདུལ་ལ་ཕྱག་འཚལ་བསྟོད། །སྙིང་རྗེའི་རང་བཞིན་ལེགས་ལྡན་ཆེ། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གྲི་གུག་འཕྱར་ཞིང་ཐོད་ཁྲག་འཐུང་། །དགྲ་བོ་སྒྲོལ་ལ་ཕྱག་འཚལ་བསྟོད། །དགའ་བའི་རང་བཞིན་བདུད་རྩི་འཁྱིལ། །ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། །རྡོ་རྗེ་ཁྱུང་དང་དབྱུག་ཕུར་འཛིན། །ཀླུ་འདུལ་ཆེན་པོརྎ བཏང་སྙོམས་རང་བཞིན་ཛམྦྷ་ལ། །སེར་པོ་ཞལ་གཅིག་ཕྱག་གཉིས་པ། །ནོར་བུའི་རྒྱལ་མཚན་ནེའུ་ལེ་འཛིན། །དབུལ་འཕོངས་སེལ་ལ་ཕྱག་འཚལ་བསྟོད། །རྟག་པའི་རིགས་ཆེན་འཁོར་ལོའི་ཁྱུང་། །དཀར་པོ་འཁོར་ལོ་སྦྲུལ་དཀར་འཛིན། ཁ་རླངས་དུག་ཅན་རྗེ་རིགས་ཀླུ། །མ་ལུས་འདུལ་ལྎ ཉི་མའི་རིགས་ཆེན་རིན་ཆེན་ཁྱུང་། །སེར་པོ་ནོར་བུ་སྦྲུལ་སེར་འཛིན། །མཐོང་བའི་དུག་ཅན་རྒྱལ་རིགས་ཀླུ། །མ་ལུས་འདུལ་ལྎ རྟ་མཆོག་རིགས་ཆེན་པདྨའི་ཁྱུང་། །དམར་པོ་ཆུ་སྐྱེས་སྦྲུལ་དམར་འཛིན། །བསམ་པའི་དུག་ཅན་བྲམ་ཟེའི་ཀླུ། །མ་ལུས་འདུལ་ལྎ དོན་ཡོད་རིགས་ཆེན་ལས་ཀྱི་ཁྱུང་། །ལྗང་ཁུ་རལ་གྲི་སྦྲུལ་ལྗང་འཛིན། །རེག་པའི་དུག་ཅན་དམངས་རིགས་ཀླུ། །མ་ལུས་འདུལ་ལྎ ཐུགས་ཀྱི་ཁྲོ་རྒྱལ་སྟོབས་ལྡན་ཆེ། །མཐིང་ནག་ཞལ་གཅིག་ཁྲོ་ལ་ཕྱག །ཐུགས་ཀར་རྡོ་རྗེས་ཐོད་ཁྲག་དཀྲུག །ཕུང་བདུད་འཇོམས་ལྎ སྐུ་ཡི་ཁྲོ་རྒྱལ་འཇིགས་བྱེད་ཆེ། །མཐིང་ནག་མ་ཧེའི་ཞལ་ལ་ཕྱག །གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན། །འཆི་བདུད་འཇོམས་ལྎ གསུང་གི་ཁྲོ་བོ་པདྨ་དབང་། །མཐིང་ནག་གཙུག་ན་རྟ་མཆོག་ཕྱག །རལ་གྲི་འཕྱར་ཞིང་སྡིགས་མཛུབ་མཛད། །ཉོན་བདུད་འཇོམས་ལྎ འཕྲིན་ལས་ཁྲོ་རྒྱལ་ཕུར་པ་ཆེ། །མཐིང་ནག་ཞལ་གཅིག་ཁྲོ་ལ་ཕྱག །རྡོ་རྗེ་ཕུར་བུ་བགེགས་ལ་བསྒྲིལ། །ལྷ་བདུད་འཇོམས་ལ་ཕྱག་འཚལ་བསྟོད། །དེ་ནས་སྤོས་ཐོགས་ཏེ། །ཧཱུྃ། བཅོམ་ལྡན་རྡོ་རྗེ་འཛིན་པའི་རྒྱལ། །བདག་ལ་དགོངས་ནས་གཟིགས་སུ་གསོལ། །སློབ་མ་རྣམས་ཀྱི་དོན་ཕྱིར་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་དཀྱིལ་འཁོར་བྲི་བར་འཚལ། །རིན་པོ་ཆེ་ཡི་མཐུ་བཞིན་དུ། །བཀའ་དྲིན་རྗེས་སུ་གནང་བ་ཡི། །སང་ནི་འབྱོན་པར་མཛད་དུ་གསོལ། །ལན་གསུམ་གྱིས་སྙན་གསན་ཕབ། །བུམ་པ་སྟ་གོན་ནི། དེ་ནས་བུམ་པ་བཟང་པོ་ལྷ་གྲངས་སམ་དགུའམ་ལྔའམ་གཉིས། ནད་སྦྱོང་བ་སྨན་ལྔ། ཡེ་ཤེས་འཕེལ་བ་རིན་པོ་ཆེ་ལྔ། འཕྲིན་ལས་བསྒྲུབ་པ་ཨ་ཀ་རུ་བསྣན། གླ་རྩི་མེད་པའི་དྲི་ལྔ། ཕུན་ཚོགས་འཕེལ་བ་སྙིང་པོ་ལྔ་རྣམས་དང་བཅས་པའི་ཆུས་དགང་། མགུལ་གོས་ཀྱིས་དཀྲིས། གཟུངས་ཐག་རྡོ་རྗེ་དང་བཅས་པ་ཁར་བཞག འབྲས་བུ་ཕུན་སུམ་ཚོགས་པའི་ཤིང་མེ་ཏོག་ཡོད་པས་ཁ་བརྒྱན། རང་རང་གི་ལྷའི་མཚན་མ་དགོད། ཕྱོགས་སོ་སོར་བཞག་པའི་དཀྱིལ་འཁོར་གྱི་ཤར་དུ་ཀུ་ཤའི་གདན་ལ་སོགས་པ་ལའོ། །སྭ་བྷཱ་ཝས། བུམ་པ་མི་དམིགས་པ་ལས། རྣམ་རྒྱལ་ཆེན་པོ་དུང་ཆོས་སུ་བྷཱུཾ་ལས་གཞལ་ཡས་ཁང་། ཞེས་ནས་ལྷ་ཚོགས་ཐམས་ཅད་བསྐྱེད། བུམ་པ་གཞན་རྣམས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པར་དམིགས་པའི་ནང་དུ་ལྷ་གྲངས་ཡིན་ན་སོ་སོ། ལྔ་ཡིན་ན་ཕྱོགས་མཚམས་གཉིས་སྡོམ། གཉིས་ཡིན་ན་རྣམ་རྒྱལ་དུ་ཐམས་ཅད། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་པར་བྱ་སྟེ་འདོན་པ་གཅིག་ནུབ་དང་ལས་བུམ་དུ་བདུད་རྩི་འཁྱིལ་བ་སོགས་ཙམ་བསྒྱུར་གིས་སོ། །དེ་ལ་བསྟོད་པའི་བར་གྲུབ་ནས། གཟུངས་ཐག་བཟུང་། འཕྲིན་ལས་གང་བྱེད་ཀྱི་དམིགས་པས་བཟླས་པ་བྱ། གཏོར་མས་མཆོད། འདོད་དོན་གསོལ་ཏེ། འོད་དུ་ཞུ་དུས་རྣམ་རྒྱལ་གྱི་གཙོ་བོ་ཡབ་ཡུམ་ནས་རིམ་བཞིན་བུམ་པར་ཐིམ་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་མོ། །སློབ་མ་སྟ་གོན་ནི། དེ་ནས་ཚོམ་བུ་ཡོལ་བས་བཅད་པའི་ཕྱིར་སློབ་མ་བསགས་ཁྲུས་བྱས། གོས་རྒྱན་བཟང་པོས་བརྒྱན། མེ་ཏོག་དང་བཅས་པས་མཎྜྻལ་ཕུལ་ཏེ། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ་ནས། བདག་ནི་གཞུག་པར་མཛོད། །ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་འཕོག་པས་ཐམས་ཅད་ཀྱང་གསུང་པདྨའི་རིགས་སུ་བྱས་པས་ངག་གི་སྡིག་སྒྲིབ་དག ཧཱུྃ་ཧཱུྃ་ཙིཏྟ་བཛྭ་གཏུམ་པོ་ཡབ་ཡུམ་དུ་གསལ་བའི་བླ་མའི་ཁར་འུབ་ཅེར་འདུས་ནས་ཨ་བ་དྷཱུ་ཏཱིའི་ནང་ན་མར་སྔོ་སི་ལི་ལི་འཐོན་པས་ཐུགས་སུ་བྱས་ཡིད་ཀྱི་སྒྲིབ་པ་དག རྡོ་རྗེའི་ལམ་ནས་ལྷ་མོའི་པདྨ་བརྒྱུད་སྐུར་བྱས་ཕྱིར་རྣམ་སྣང་གི་རྣམ་པར་འཐོན་ནས་ལུས་ཀྱི་སྒྲིབ་པ་དག ཨཱཿཧཱུྃ་ཨོཾ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །མཉམ་མེད་ཡེ་ཤེས་ཡང་དག་འཐོབ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བླ་མ་སངས་རྒྱས་ཀུན་མཆོད་ཅིང་། །རྩ་བ་ཡན་ལག་ཉེས་པ་སྤོངས། །མ་གྲོལ་འཁོར་བའི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །བསྒྲལ་ཞིང་གྲོལ་བའི་ལམ་ལ་བཀོད། །བདེ་བར་དབུགས་ནི་དབྱུང་བར་གྱིས། སྡོམ་པ་སྦྱིན། སྤྲོ་ན་འོག་བཞིན་གྱི་བསྒྲག་གཟུང་ཡང་བྱའོ། །སློབ་མའི་གནས་གསུམ་དུ་ཧཱུྃ་ཨཱཿ ཨོཾ་ལས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་བསྐྱེད། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཛཿ ཧཱུྃ་བཾ་ཧོཿ ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ། །ཨོཾ་ཨཱཿཧཱུྃ། དེ་ནས་དེ་དག་ལ་མཆོད་པ་ལྔ་དབུལ་ལོ། །མཆོད་སྦྱིན་གྱི་ཤིང་གསར་པ་རྩེ་མོར་མེ་ཏོག་བཅིངས་པ་སྤྲད་དུས། ཁྱོད་ཀྱིས་དཀྱིལ་འཁོར་དམ་པ་འདིར། །ཞུགས་པའི་དངོས་གྲུབ་བརྟག་པའི་ཕྱིར། །རྣམ་ཤེས་དག་པའི་སོ་ཤིང་འདི། །སོས་བཟུང་ནས་ནི་དབུས་སུ་དོར། ཁ་ཤར་དུ་བལྟས། སོས་བཟུང་ནས་པདྨའི་ཕྱག་རྒྱས་བོར་དུ་གཞུག བདག་དང་བླ་མ་སྟེང་བལྟས་ན། །མཆོག་གི་དངོས་གྲུབ་དམ་པ་ཡིན། །ཕྱོགས་སུ་འཕྲིན་ལས་སོ་སོ་སྟེ། །མཚམས་སུ་འཇིག་རྟེན་དངོས་གྲུབ་འབྱུང་། །ཐུར་བལྟས་ས་འོག་འགྲུབ་པ་ཡིན། །ས་ལ་མ་ལྷུང་མཁའ་སྤྱོད་དོ། །བདུད་རྩི་བྱིན་བརླབ་ཐོད་པར་བླུག །བདུད་རྩི་འདི་ནི་རྡོ་རྗེ་ཆུ། །འཐུང་ཞིང་དམ་ཚིག་བྱིན་གྱིས་བརླབ། །གལ་ཏེ་དམ་ཚིག་འདས་པ་ནི། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །ཨོཾ་སྲཱིཿབི་ཤུདྡྷ་སོགས་ཀྱིས་སྦྱིན། ཧུབ་གསུམ་འཐུང་། ལྷག་མ་རྒྱབ་ཏུ་དོར་བས་ཁྲུས། སྐུད་པ་སྔོན་པོ་ལྷ་དང་ལས་མཐུན་པ་མདུད་པ་བརྒྱབ། ལྷའི་སྔགས་བཟླས་པ་དང་པོ་གཡས། གཉིས་པ་གཡོན་དུ་བཅིངས། ཧཱུྃ། ཁྲོ་བོ་གཏུམ་པོའི་བྱིན་རླབས་དང་། །གསང་སྔགས་ནུས་པ་བླ་མེད་ཀྱིས། །སྐལ་ལྡན་བར་ཆད་མེད་པར་སྲུངས། །སུ་ཡང་གནོད་པ་མ་བྱེད་ཅིག །དྲི་ཆུས་རྡོ་རྗེ་རྒྱ་གྲམ་གྱི་བརླན་པར་བྱའོ། །ཀུ་ཤ་བདུད་རྩི་འཁྱིལ་བ་བཟླས་པ་གདན་དང་སྔས་སུ་ཆེ་ཆུང་བྱས་པ་བྱིན་ཏེ། ཧཱུྃ། བཞིན་བཟང་ཚུར་ཉོན་དཀྱིལ་འཁོར་དུ། །འཇུག་པའི་རྟགས་རྣམས་བརྟག་པའི་ཕྱིར། །ཀུ་ཤའི་རྩྭ་འདི་སྔས་དང་སྟན། །ཐུབ་པས་ཏིང་འཛིན་གྲུབ་ལྟར་ཤོག །ཅེས་བརྗོད། །དེ་ཡང་སེངྒེའི་ཉལ་སྟབས་ཀྱིས་དཀྱིལ་འཁོར་གྱི་ཁང་པར་ཉལ། རྨི་ལམ་བརྟག བཟང་ན་སྤྲོ་བ་བསྐྱེད། ངན་ན་ཞི་བའི་སྦྱིན་སྲེག་ལ་སོགས་པས་བཟློག་པར་བྱའོ། །ནུབ་གསུམ་པ་ལ། ཐིག ཚོན། བསྒྲུབ་པ། བདག་འཇུག་བཞི་ལས་དང་པོ། ལྷ་སྟ་གོན་ནམ་མཁར་ཡིད་ཀྱིས་བཏེག་ལ། སློབ་དཔོན་རྡོ་རྗེ་འཆང་དུ་དམིགས་པས། གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བ་མ་ལུས་དང་། །རྫོགས་པའི་བྱང་ཆུབ་ལ་ཞུགས་དང་། །སངས་རྒྱས་བསྟན་དགའི་འབྱུང་པོ་དང་། །ཡང་དག་རྡོ་རྗེའི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་གི་དཀྱིལ་འཁོར་མཆོག །དེང་བདག་བྲི་བར་འགྱུར་བ་ལ། །བདག་དང་སྐལ་མཉམ་སློབ་མ་ལ། །བྱིན་གྱིས་བརླབ་ཕྱིར་སྲུང་བར་མཛོད། ཅེས་བརྗོད་ནས། བུ་མོ་གཙང་མས་བཀལ་བའི་སྲད་བུ་ཉི་ཤུ་རྩ་ལྔའམ་ལྔ་ཡེ་ཤེས་ལྔར། ཡང་ན་གསུམ་བསྒྲིལ་ཏེ་སྐུ་གསུང་ཐུགས་ཀྱི་ངེས་པས་སོ། །ཨོཾ་ཨཱཿཨ་ནྱོ་སོགས་ཀྱིས་དྲིལ། ཐོད་པར་བདུད་རྩི་ལྔས་བརླན་པར་བྱས་ཏེ། སློབ་མས་རྡོ་རྗེ་དང་བཅས་བླ་མར་གཏད། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་བསྟིམ། ཛྫཿཛྫཿ ཞེས་བསྐུལ། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ནམ་མཁར་བཏབ་པས་གྲིབ་མ་བཞིན་ས་ལ་གསལ་བར་བལྟའོ། །དེའི་རྗེས་སུ་མཐུན་པས་ལས་ཐིག་གདབ། ཕྱོགས་འཁྲུལ་སྤང་བར་བྱའོ། །གཉིས་པ་ཐོད་པ་ལྔར་ཚོན་བཞག་སྟེ་སྙིང་པོའི་སྔགས་གདབ། བྷྲཱུཾ་ཨཾ་ཛྭྀཾ་ཁཾ་ཧཱུྃ་དུ་བལྟས་ལ་ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སློབ་དཔོན་གྱིས་དབང་ལྡན་གྱི་མཚམས་ནས་སྔོན་པོ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྡོ་རྗེའི་འཛིན་པ་དང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། དེ་བཞིན། ལྗང་ཁུ། སོར་རྟོག དམར་པོ་མཉམ་ཉིད། སེར་པོ་བྱ་གྲུབ། དཀར་པོ་མེ་ལོང་ཡེ་ཤེས་སོགས་ཀྱིས་སོ། །མེ་ཏོག་དོར་ལ་ཚོན་པྲ་བརྟག སྐྱོན་མེད་པར་བྲིའོ། །གསུམ་པ། དེ་ནས་དཀྱིལ་འཁོར་གྱི་སྟེང་ཕྱོགས་ཐམས་ཅད་བཀོད་པའི་ཁྱད་པར་དང་མཆོད་པའི་ཡོ་བྱད་ཀྱིས་ལེགས་པར་བརྒྱན། སློབ་དཔོན་གྱིས་དཀྱིལ་འཁོར་ལན་གསུམ་བསྐོར། རྡོ་རྗེ་འཛིན་པའི་ང་རྒྱལ་གཟུང་ནས་ཧཱུྃ་ཞེས་བསྒྲགས། ཨོཾ་བཛྭ་ཨུཏ་གྷཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཞེས་པ་སྒོ་བཞི་ཕྱེ་བའི་ཤར་སྒོ་ནས་ཞུགས་པར་བསམ་ལ། བདག་བསྐྱེད། སྟ་གོན་བཞིན་མདུན་བསྐྱེད། བུམ་བསྐྱེད་བྱས། བཞི་པ་སློབ་མ་ལ་དབང་བསྐུར་བ་བཞིན་བདག་འཇུག སྤྲོ་ན་ཤར་དུ་ཞི་བའི་སྦྱིན་སྲེག་བྱའོ། །བཞི་པ་དབང་བསྐུར་བ་ལ། འཇུག་པ་དང་། དབང་དངོས་གཉིས། དང་པོ། དེ་ནས་ཤར་དུ་དབང་སྟེགས་ལ་སློབ་མ་བཞག སློབ་དཔོན་དབང་ལྡན་དུ་གནས་པ་ལ་མེ་ཏོག་དང་བཅས་པས། ཧཱུྃ། ཐུགས་ཀྱི་སྲས་པོ་རྡོ་རྗེ་འཛིན། །གདུག་པ་འདུལ་མཛད་གཏུམ་པོ་ཡིས། །སློབ་མ་སྨིན་པར་བྱ་བའི་ཕྱིར། །བདག་ལ་དབང་བསྐུར་སྦྱིན་པར་མཛོད། །ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་གྱིས། ཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ཤོ་དྷ་ནི་སརྦ་ཤོ་དྷ་ནི་སྭཱཧཱ། ཁྲུས་བྱ། སློབ་མ་རྡོ་རྗེ་གཏུམ་པོར་བསྐྱེད། །ཨོཾ་བཛྭ་བནྡྷ་ཏྲ་ཐ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཅེས་པའི་སྔགས་ཀྱིས་སྡིག་པ་ཕྲལ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བསམ། ཨོཾ་ཨ་ཀཱ་རོས་བགེགས་ལ་གཏོར་མ་སྦྱིན། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་ས་བླ་ས་སྟེང་ས་འོག་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་ཐམས་ཅད་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག་ཅེས་བསྒོའོ། །ཞལ་བཞི་པའི་སྔགས་ཀྱིས་བསྐྲད། སློབ་དཔོན་གྱི་གནས་གསུམ་ནས་རིམ་པ་བཞིན་འོད་ཟེར་འཕྲོས་སློབ་མའི་གནས་གསུམ་དུ་ཐིམ་པས་སྡིག་པ་སྦྱངས། ཡི་གེ་གསུམ་འཁོད། །ཨོཾ་ཀཱ་ཡ་ཤུདྡྷཿསརྦ་དྷརྨྨུཿཀཱ་ཡ་ཤུདྡྷཱོཧཾ། ཨོཾ་ཝཱ་ཀ་ཤུདྡྷཿ སརྦ་དྷརྨྨུཿ ཝཱ་ཀ་ཤུདྡྷཱོཧཾ། ཨོཾ་ཙིཏྟ་ཤུདྡྷཿ སརྦ་དྷརྨྨུཿཙིཏྟ་ཤུདྡྷོ་ཱཧཾ། དེ་ནས་སློབ་མའི་གནས་གསུམ་གྱི་ཡི་གེ་སྐུ་གསུང་ཐུགས་ཀྱི་ལྷར་གྱུར། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲི། སློབ་མས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་ཁྲོ་བོར་བཅས་པ་ཡི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་སྐལ་བཟང་རིགས་ཡིན་ཏེ། །རྡོ་རྗེ་འཛིན་པ་ཁྱེད་ལ་དགའ། །འཕྲིན་ལས་རྡོ་རྗེ་འཛིན་ལ་རྫོགས། །དེ་བས་དེ་ཡི་རིགས་འཛིན་འཚལ། །ལྷ་མཆོག་གཏུམ་པོ་ཆེ་ལ་སྐྱབས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ཅི་འབྱོར་པ་ཡི་འཇུག་ཡོན་ཕུལ། །ཕྱི་འཇུག་ཨོཾ་ཨཱཿཁཾ་ཝཱི་ར་ཧཱུྃ། ཡོལ་བ་བསལ་ནང་དུ་བཏང་། དཀྱིལ་འཁོར་ལ་བསྐོར་ནས་ཤར་ཕྱོགས་སུ་བཞག བླ་མའི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་བསྐུལ། དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས་སློབ་མའི་ཚངས་བུག་ཏུ་ཐིམ། དེས་སྐུའི་བྱིན་བརླབས་བསྡུས། ཕུང་པོའི་བདུད་བཅོམ་པས་ཁྱབ་འཇུག་མནན། མར་བབས་མགྲིན་པར་གསུང་གི་བྱིན་རླབས་བསྡུས་ཉོན་མོངས་པའི་བདུད་བཅོམ་པས་དབང་ཕྱུག་མནན། མར་བབས་སྙིང་གར་ཐུགས་ཀྱི་བྱིན་རླབས་བསྡུས་འཆི་བདག་གི་བདུད་བཅོམ་བརྒྱ་བྱིན་མནན། དེ་ནི་ལྷའི་བུའི་བདུད་བཅོམ་བགེགས་བསལ་བའོ། །དཀྱིལ་འཁོར་གྱི་ལྷ་ལ་ན་མ་ཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཕྱག་གསུམ་བྱ། དེ་ནས་ཐལ་མོ་སྦྱར་ཏེ་ཤར་ནས། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་པཱུ་ཛོ་པ་ཧྶྭུ་ནཱ་ཡ་ཨཱཏྨ་ནཱི་ནི་རྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏོ་ཨཀྵོ་བྷྱཿ ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། ལྷའི་བྱིན་རླབས་ཀྱིས་སྙིང་གའི་བརྒྱ་བྱིན་གྱི་ཁར་མི་བསྐྱོད་པ། ལྷོ་ནས། ཨོཾ་མཧཱ་ཀཱ་ལ་པཱུ་ཛོ་བཧྶྭུ་ནཱ་ཡ་ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐ་ག་ཏ་རཏྣ་སཾ་བྷ་ཝ། ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། སྤྱི་བོར་ཁྱབ་འཇུག་གི་སྟེང་དུ་རྣམ་སྣང་། ནུབ་ནས། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་པཱུ་ཛོ་པཧྶྭུ་ནཱ་ཡ། ཨཱཏྨ་ནཱཾ་ནརྻིུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་པདྨ་དྷ་རི་ཨ་བྷིཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། མགྲིན་པར་དབང་ཕྱུག་ཆེན་པོའི་སྟེང་དུ་འོད་དཔག་མེད། བྱང་ནས། ཨོཾ་ཨཱརྻ་ཛམྦྷ་ལ་པཱུ་ཛོ་པཧྶྭུ་ནཱ་ཡ། ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཾ། ལྷ་དེ་ཐམས་ཅད་ཀྱི་ཕྱག་གཡས་སུ་ཚངས་པའི་གཟུགས་རེ། དེ་ནས་ལས་བུམ་གྱིས་ཁྲུས་བྱས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྐྱབས་སེམས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ནས། སེམས་ཅན་མྱ་ངན་འདས་ལ་འགོད། །དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། །རྡོ་རྗེ་འཆང་ལ་དབུལ་བར་བྱ། །བདུད་རྩི་རྣམ་ལྔའི་གཏོར་མའི་ཚོགས། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཐབས་ཀྱིས་བསྒྲལ་བའི་དམ་ཚིག་ནི། །སྙིང་རྗེ་ལས་བྱུང་བསྒྲལ་བར་བྱ། །ཞེས་ལན་གསུམ། དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་སེམས་དཔའ་བླ་ན་མེད། །བདག་ལ་ད་ལྟ་བསྐྱེད་དུ་གསོལ། །སྤོས་ཀྱིས་བདུག་ཅིང་། སངས་རྒྱས་ཐམས་ཅད་ལྷག་པའི་ལྷའི་རྣམ་པར་སྤྱན་དྲངས་སློབ་མ་ལ་བསྟིམ་པས་གཉིས་སུ་མེད་པའི་བདེ་བས་ཁྱབ་པར་གྱུར། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་གཏུམ་པོ་སེམས་དཔའ་ཆེ། །ཡེ་ཤེས་རྡོ་རྗེ་བླ་ན་མེད། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨཱ་བེ་ཤ་ཡ་ཧྶམྦྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཨཱཿ ཧཱུྃ་མཧཱཛྷྱཻཿབཛྭ་ཙཎྜྻ་ཨཿ ཨཱ་བེ་ཤ་ཡ་ཨཿ ཨ་ཨ་ཨ་ཨ། ཞེས་བཟླས་ལུས་ངག་ཡིད་གསུམ་གང་ལ་བབས་ནའང་། ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ས་མ་ཡ། སྔགས་དེས་བརྟན་པར་བྱས་ལ། དེའི་ལྕེ་ལ་ཨ་བསམས་ནས་དགེ་མི་དགེ་དྲིའོ། །མེ་ཏོག་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ། རྡོ་རྗེ་གཏུམ་པོ་དེང་ཁྱོད་ཀྱི། །སྙིང་ལ་སོགས་དང་། བདུད་རྩི་ལྔས་གང་བའི་ཀ་པཱ་ལའི་བདུད་རྩི་བྱིན། འདི་ནི་ཁྱོད་ཀྱི་རྡོ་རྗེ་ཆུ། །དམ་ཚིག་འདས་ན་སོགས། །ཨོཾ་ཨཱཿཧཱུྃ། བཛྭ་ཨུད་ཀ་ཋ་ཧཱུྃ། དེ་ནས་ཤར་དུ་འདུག་སྟེ། དེང་ནས་བརྩམས་ཏེ་ཁྱོད་རྣམས་ཀྱི། །རྡོ་རྗེ་གཏུམ་པོ་ང་ཡིན་གྱིས། ཁྱེད་ཀྱི་ང་ལ་བརྙས་པ་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་འགྱུར་ཏ་རེ། །ཞེས་དམ་ལ་བཞག གསང་བ་བླ་མེད་མེ་ཏོག་འདི། །ཕོ་བྲང་དཀྱིལ་འཁོར་ལྷ་མཆོག་ལ། །ལས་དང་རྗེས་སུ་བརྩེ་བ་ཡིས། །རིགས་དང་མཐུན་པར་འབབ་པར་ཤོག །པྲ་ཏཱིཙྪ་ཧོཿབཛྭ། ཕྱོགས་བཞི་དབུས་ལ་རིགས་དང་དངོས་གྲུབ། ལྷག་པར་ལྷའི་སྟོད་སྐེད་སྨད་ཉེ་རིང་གཙོ་འཁོར་ལས་བྱེ་བྲག་གི་དངོས་གྲུབ་བརྟག་པར་བྱའོ། །དེ་ནས་དོར་བའི་མེ་ཏོག་དེ་བླ་མས་སློབ་མའི་མགོར་བཅིང་། ཨོཾ་དྷརྨ་ཀུནྡྷ་ཨ་བྷི་ཥིཉྩྨ། མེ་ཏོག་ཕོག་པའི་ལྷ་བསྟིམ། མིང་གི་ཕྱིར་རིགས་ངེས་པར་བྱ་བའོ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཏོག་བསལ་བ་ལྟར། །དེ་བཞིན་ཁྱོད་ཀྱི་མིག་དབྱེ་བས། །ཡེ་ཤེས་མིག་གིས་མཐོང་བར་ཤོག །བཛྭ་ཙཀྵུ་པ་ཊ་ལཾ་སྲཱིཿ གདོང་གཡོག་བསལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་འགྱུར། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། དངོས་གྲུབ་མ་ལུས་སྣོད་དུ་འགྱུར། །རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་ཡས་ཁང་ངོ་། །ཞེས་པས་དཀྱིལ་འཁོར་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། ཡན་ལག་དག་ནི་ཁྲོ་བོ་བཅུ། །ཞེས་པ་ལྷ་སྟེ་ཀུན་རྫོབ་ཀྱི་དག་པ། སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེ་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་པས་དོན་དམ་པའི་དེ་ཉིད་བཤད་དོ། །འཇུག་པའོ། །གཉིས་པ་དབང་དངོས་ལ། བུམ་གསང་གསུམ་པ་ཚིག་དབང་ལས། དང་པོ་ལ། རིག་པའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ། བྱང་ཆུབ་རྡོ་རྗེ་སངས་རྒྱས་སོགས་ཀྱི་མཐར། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་སློབ་དཔོན་མཆོག་བགྱིད་དོ། །ཞེས་པས་གསོལ་བ་ལན་གསུམ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་སློབ་མ་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་རང་འདྲ་བའི་མཱ་མ་ཀཱི་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཤེས་རབ་དང་བཅས་པའི་ཡེ་ཤེས་པ་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿསློབ་མ་ལ་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པས། བུམ་པ་རྣམས་ཀྱི་ཆུ་རྣམ་རྒྱལ་དུ་བསྡུས་ཏེ་རོལ་མོ་དབྱངས་དང་བཅས་པས། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་བདུད་རྩི་རྣམ་དག་འདིས། །མི་བསྐྱོད་རྡོ་རྗེ་དབང་བསྐུར་རོ། །ཨོཾ་ཨཱ་དརྴ་ཛྙྱཱ་ན་ཨ་བྷིཥིཉྩྨ་ཧཱུྃ། ཆུ་ཡི་དབང་བསྐུར་དམ་པ་འདིས། །སྒྲིབ་པ་རྣམ་པ་གསུམ་བྲལ་ནས། །མི་འཁྲུགས་རྣམ་དག་ཡེ་ཤེས་འཐོབ། །མི་བསྐྱོད་རྡོ་རྗེ་དངོས་གྲུབ་ཤོག །དབུ་རྒྱན་དར་དཔྱངས་དང་བཅས་པ་དང་སློབ་མ་ཏྲཱཾ་ལས་རིན་ཆེན་འབྱུང་གནས་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་རང་འདྲ་བའི་རིན་ཆེན་རྡོ་རྗེ་མ་ལ་འཁྱུད་པ་ནས་ཡེ་ཤེས་པ་ཆ་གཉིས་སློབ་མ་དང་དབང་རྫས་ལ་བསྟིམ། འོད་དུ་ཞུ་བ་སངས་རྒྱས་ལྔའི་བདག་ཉིད་ཅོད་པན་དུ་གྱུར། རིན་པོ་ཆེའི་ཅོད་པན་དར་དཔྱངས་དང་བཅས་པ་མགོ་ལ་བསྐོན། དབུ་རྒྱན་རིན་ཆེན་དམ་པ་འདིས། །སེམས་ཅན་ཚིམ་པར་བྱེད་པའི་མཆོག །ཡིད་བཞིན་བསམ་པ་འགྲུབ་བྱེད་པ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྭ་ས་མནྟ་ཛྙྱཱ་ན་ཡུ་ཀུ་ཊ་ཏིཥྛ་ཨ་བྷི་ཥིཉྩྨ་ཧཱུྃ། དབུ་རྒྱན་དབང་བསྐུར་དམ་པ་འདིས། །རིགས་ལྔའི་སངས་རྒྱས་བདེ་བར་གཤེགས། །བདག་གི་མགོ་ལ་བརྒྱན་གྱུར་ཏེ། །རིན་ཆེན་འབྱུང་ལྡན་དངོས་གྲུབ་ཤོག །རྡོ་རྗེ་དང་སློབ་མ་སྲཱིཿལས་འོད་དཔག་མེད་སྐུ་མདོག་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་རང་འདྲ་བའི་གོས་དཀར་མོ་ལ་འཁྱུད་པ་ནས། འོད་དུ་ཞུ་བ་རྡོ་རྗེར་གྱུར། ལག་པ་གཡས་སུ་གཏད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྣམ་དག་འོད་གསལ་ཏེ། །དམ་ཆོས་འབྱུང་བའི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་བཛྭ་པྲ་ཏི་ཨཱ་བེ་ཤ་ཛྙྱཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། རྡོ་རྗེའི་དབང་བསྐུར་དམ་པ་འདིས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། ཁྱོད་ཀྱི་རྒྱུད་ལ་སྐྱེས་གྱུར་ཏེ། །སྣང་བ་མཐའ་ཡས་དངོས་གྲུབ་ཤོག །དྲིལ་བུ་དང་སློབ་མ་ཨ་ལས་དོན་གྲུབ་སྐུ་མདོག་ལྗང་ཁུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་རང་འདྲ་བའི་སྒྲོལ་མ་ལ་འཁྱུད་པ་ནས། འོད་དུ་ཞུ་བ་དྲིལ་བུར་གྱུར། གཡོན་དུ་གཏད། ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་པ་མེད་བྱེད་པ། །འདོད་པའི་འཕྲིན་ལས་རྫོགས་བྱེད་པའི། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་དྷི་ཏ་ན་ཨ་ནུ་ཏ་ཛ་ཛྙྱཱ་པ་ཏ་ཨ་བྷི་ཥིཉྩྨ་ཧཱུྃ། དྲིལ་བུའི་དབང་བསྐུར་དམ་པ་འདིས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་དངོས་གྲུབ་བདག་གྱུར་ཏེ། །དོན་ཡོད་གྲུབ་པའི་དངོས་གྲུ་ཤོག །སློབ་མ་བྷཱུཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་རང་འདྲ་བའི་སྤྱན་མས་འཁྱུད་པ་ནས། སྤྱི་བོར་འཁོར་ལོ་ཐོགས་པས་མིང་གདགས། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་ཐོབ་ཀྱི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ཨོཾ་པྲ་ཏི་ཤོ་དྷ་དྷརྨ་དྷཱ་ཏུ་ཛྙྱཱ་ན་ནཱ་མ་ཨ་བྷིཥིཉྩྨ་མི་ཧཱུྃ། མིང་གི་དབང་བསྐུར་དམ་པ་འདིས། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པས་འགྲོ་ལ་ཆོས་སྟོན་ཅིང་། །རྣམ་སྣང་དངོས་གྲུབ་ཐོབ་པར་ཤོག །གཉིས་པ་སློབ་དཔོན་གྱི་དབང་ནི། སློབ་མ་སེང་གེའི་ཁྲི་ལ་བཞག་སྟེང་དུ་གདུགས་དཀར་པོ་བཟུང་ལ་དེས། སློབ་དཔོན་རང་བཞིན་འོད་དཔག་མཆོག །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་བཞིན་སངས་རྒྱས་དཔག་མེད་དང་། །བརཏལ་ཞུགས་བླ་ན་མེད་པ་དེ། །ཇི་ལྟར་འདུལ་བཞིན་བདག་ལ་སྩོལ། །སློབ་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། བྱིན་རླབས་གོ་ཆ་ཡེ་ཤེས་བསྟིམ། །རྣམ་རྒྱལ་བུམ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ཡི། །སོགས་ཀྱིས་མཐར། འཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས་གཞན་དོན་བླ་མེད་བྱོས། ཁྱོད་ནི་རྡོ་རྗེའི་སློབ་དཔོན་ཡིན། །དུས་གསུམ་སངས་རྒྱས་སྲས་ཡིན་ནོ། །དེ་ནས་ཆོས་གོས་ཀྱི་སྣ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ནས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་སོགས། ཀྱེ་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །སིདྡྷི་བཛྭ་ཙཎྜྻ་ཏ་ཐཱ་ག་ཏ་ས་མ་ཡ་ཧྶཾ་བྷུརྦྷ་ཝཿ སྭཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱེད་ལ་ལུང་བསྟན་བྱས་པ་འདི། །གསང་སྔགས་རྡོ་རྗེའི་མཐུ་ཡིན་པས། །དད་པས་འདི་ལ་སྤྲོ་བར་གྱིས། །དེ་ནས་ལག་ཏུ་རྡོ་རྗེ་གཏད་ནས། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཧྶཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ནས་དྲིལ་བུ་སྦྱིན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་སོགས་ཤློ་ཀ ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་གྷཎྜྻེ་ས་མ་ཡ་ཏིཥྛ་ཨེ་ཀ་ཧྶཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ནས་མིག་ཐུར་གྱིས། ཇི་ལྟར་མིག་མཁན་རྒྱལ་པོ་སོགས། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ དེ་ནས་མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན། ཤློ་ཀ དེ་ནས་མེ་ལོང་རྡོ་རྗེའི་གཟུགས་སྣང་བ་བསྟན། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་བཞིན་ནོ། །ཧོཿཡིག་ལས་བྱུང་བའི་མདའ་གཞུ་ཧོཿབརྗོད་པས་སྦྱིན། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། མདའ་འཕང་བའི་ཚུལ། བདུད་ལ་འབིགས་པའི་བློས་ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་བར་བྱའོ། །དེ་ནས་ཧཱུྃ་ལས་སྐྱེས་པའི་འཁོར་ལོ་རྐང་འོག་ཏུ་བཅུག་ལ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་སྐྱོན་མེད་པ། །ཀུན་ཏུ་དྲི་མེད་སྡིག་དང་བྲལ། །དེ་ནས་དུང་བྱིན། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །སོགས་ཤློ་ཀས། དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །རིགས་ལྔ་རིམ་པ་བཞིན་བསམ་སྟེ་ཕྱག་མཚན་རྣམས། འཇིག་རྟེན་ཁམས་ནི་མ་ལུས་པའི། །སེམས་ཅན་ཁམས་ནི་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། ཁྱོད་ཀྱི་འཕྲིན་ལས་མཆོག་ཡིན་ནོ། །ཞེས་རྡོ་རྗེ་རིན་ཆེན་པདྨ། ལས་ཀྱི་ཚིག་འདོན་པ་བསྒྱུར་རོ། །དགང་བླུགས་གཏད། དེང་ནས་གཟུང་སྟེ་རིགས་ཀྱི་བུ། །ཞི་རྒྱས་དབང་དང་བསད་པ་དང་། །དགུག་དང་བཅིང་དང་བསྲེག་པ་དང་། །བསྐྲད་དང་དབྱེ་བ་ལ་སོགས་པའི། །འཕྲིན་ལས་སྣ་ཚོགས་འགྲུབ་པར་གྱིས། །རལ་གྲི་གཏད། རལ་གྲི་མིག་སྨིན་ས་འོག་དང་། །མཆིལ་ལཧྭམ་དེ་བཞིན་རིལ་བུ་སྟེ། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས་སྒྲུབ་པར་གྱིས། །དེ་ནས། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་འདི་ལ་ཐེ་ཚོམ་མེད། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཞེས་དབུགས་དབྱུང་གཟེངས་བསྟོད། །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཞེས་སོགས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བྱ་བ་བུམ་དབང་ངོ་། །གཉིས་པ་གསང་དབང་ནི། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་གཟུང་བར་མཛོད། །བླ་མ་གཙོ་བོ་ཡབ་ཡུམ་རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་གྱུར་པ་ཨ་ཝ་དྷཱུ་ཏཱི་ནས་བརྒྱུད་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་རང་གི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་གསུང་རྡོ་རྗེའི་ངོ་བོར། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སོགས་ཀྱིས་སྦྱིན། སློབ་མས་རྡོ་རྗེ་དང་པདྨ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདས་པའི་བློས། ཨ་ཧོ་མཧཱ་སུ་ཁ་ཞེས་བརྗོད་དེ་འཐུང་ངོ་། །གསུམ་པ་ནི། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །སློབ་མ་གཏུམ་པོར་བསྐྱེད། ཕྱག་རྒྱ་ཕུན་སུམ་ཚོགས་པ་རྡོ་རྗེ་བདེ་མར་གསལ་བཏབ་ནས། གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པ་བལྟ། །དེས་ཀྱང་སྐྱེ་གནས་གུར་གུམ་ལ་སོགས་པའི་དྲི་ཞིམ་པར་བྱས་གོས་དང་བྲལ་བས་ལག་པས་བགྲད་དེ་སློབ་མ་ལ་སྟོན་ཅིང་། ཨེ་མ་ང་ཡི་པདྨ་འདི་ནས་འདི་ཉིད་ལ་ནི་རྟག་ཏུ་གནས། བྷཱཉྫྱ་མོཀྵ་ཧོཿ དེ་ནས་ཨཱཿལས་པདྨ་ཟེའུ་འབྲུ་ཨཾ ཿམཚན་པ་དང་། ཧཱུྃ་ལས་རྡོ་རྗེ་ནོར་བུ་ཨོཾ་གྱིས་མཚན་པ་གཉི་གའི་བུ་ག་ཕཊ྄་སེར་པོས་བཀག་པ་བྷ་གའི་གཡོན་གྱི་རྩེར་སྲཱིཿདམར་པོ། མཛུབ་མོས། ཨོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་སོགས་བརྗོད། སྙོམས་པར་ཞུགས་པས་དགའ་བ་བཞིའི་མཐར་ལྷན་སྐྱེས་ངོས་ཟིན་པར་བྱའོ། །བཞི་པ་ནི། དེ་ནས་ཚིག་ཁོ་ནས་བཞི་པ་སྦྱིན་པར་བྱ་སྟེ། དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱི་མྱུ་གུར་བཏང་བའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་འཕེལ་འགྲིབ་མེད་པ་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་པས་སོ། །དེ་ནས་ཚོགས་ཀྱི་ཡོ་བྱད་བསགས་པ་བདུད་རྩིས་ཆོས་འབྱུང་བྲིས་པའི་སྟེང་དུ་བཞག སློབ་དཔོན་གྱིས། ཨ་ཧ་ར་ཤུདྡྷཱཿསརྦདྷརྨྨུཿཨ་ཧ་ར་ཤུདྡྷཱོཧཾ། མང་དུ་བཟླས་པས་དག་པར་བྱ། དེ་ནས་གཏོར་མ་བཞིན་བྱིན་གྱིས་བརླབ། སློབ་དཔོན་གྱིས་ཨ་ལས་དྲིལ་བུ་དང་། ཧཱུྃ་ལས་རྡོ་རྗེ་བསྐྱེད་དེ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་ཕབ་པ་དང་གཅིག་ཏུ་འདྲེས་པར་བསམ་སྟེ། ཨོཾ་ཨ་མྲྀ་ཏེ་སཱ་དྷུ་ཧཱུྃ་ཅི་ནུས་བཟླས། དེ་ནས་ཚོགས་ཕུད་ཆ་ལྔ། དང་པོ། རྡོ་རྗེ་འཆང་ཆེན་པོ་ནས་རྗེ་བཙུན་རྩ་བའི་བླ་མའི་བར་གྱི་ཕྱག་ན་རྡོ་རྗེའི་དབང་རྒྱུད་མན་ངག་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གཉིས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུྎ གསུམ་པ། བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་ན་མེད་པའི་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུྎ བཞི་པ། དཔལ་གནས་གསུམ་གྱི་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུྎ ལྔ་པ། ཡུལ་ལྷ་གཞི་བདག་གནས་བདག་ཐམས་ཅད་དང་རིགས་དྲུག་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ཞལ་དུྎ ཕུལ། རྣལ་འབྱོར་མཆོད་པ་བྱས་ཏེ་རྡོ་རྗེ་སློབ་དཔོན་ལ་གཟིགས་ཤིག་སོགས་ཀྱིས་དྲངས། ལོངས་སྤྱད། གཏོར་མ་བཏང་། ལྷག་མ་བསྡུས་ཏེ་ཁ་ཕྲུ་བཏབ། ཨུཙྪིཥྚ་སོགས་ཀྱིས་བསྔོའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་བརྗོད་ཅིང་བླ་མར་ཡོན་མི་ཟད་པ་ཕུལ། བླ་མས་མཆོད་བསྟོད་བྱས་ཡི་གེ་བརྒྱ་པ་བཏོན། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དཀྱིལ་འཁོར་བདག་གི་ཐུགས་ཀར་བསྡུ། རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་དབྱི། མཐར་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད། རྡུལ་ཚོན་ཆུ་བོ་ཆེན་པོར་བསྐྱལ། ཀླུ་ཆོག་བྱའོ། །གསུམ་པ་ལས་སྦྱོར་ནི། གདུག་པ་ཀླུ་འདུལ་བར་འདོད་པས་བདག་སྐྱེད་སྔར་བཞིན་ལ། པདྨ་འདབ་བརྒྱད་མཐའ་ཆུའི་རི་མོ་ཡོད་པ། མཐར་མཆོད་པ། ཆུ་དར་ལ་སྐུ་བཞེངས་པའི་དམིགས་རྟེན། རྒྱབ་ཏུ་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་རྩ་སྔགས་གསེར་ལས་མ་བྱས་པ་རྟེན་དུ་བཙུགས་སོ། །བཾ་ལས་རྒྱ་མཚོ། དེའི་ནང་དུ་སུམ་ལས་རི་རབ། དེའི་སྟེང་དུ་པད་ཉིའི་གདན་གྱི་ཁར་རང་གི་ཐུགས་ཀ་ནས་ཧཱུྃ་གཅིག་འཕྲོས་པ་ལས་རྡོ་རྗེའི་ཁྱུང་ཀླུ་འདུལ་ཟིལ་གནོན་ཆེན་པོ་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ། དེའི་སྟེང་དུ་ལྗང་སེར་དམར་བའི་ཞལ་གསུམ། དེའི་སྟེང་དུ་ནག་སྔོ་དཀར་བའི་ཞལ་གསུམ་ཐམས་ཅད་སྤྱན་གསུམ་རྡོ་རྗེའི་མཆུ་དང་རྭ་སྤྱི་བོ་ན་རིན་པོ་ཆེ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུ་ན་རྡོ་རྗེ། རལ་གྲི །དགྲ་སྟ་ཞགས་པ་མདུང་ལྕགས་ཀྱུ་མདའ་རྩེ་གསུམ་བྱ་ཁྱུང་དང་བཅས་པས་རིམ་པ་བཞིན། ཆུ་བདག་མཐིང་ཀ མཐའ་ཡས་ལྗང་ཁུ། ནོར་རྒྱས་སེར་པོ། སྟོབས་རྒྱུ་ནག་པོ། དུང་སྐྱོང་དམར་སྐྱ། པདྨ་སེར་པོ། པད་ཆེན་སེར་སྐྱ། རིགས་ལྡན་ལྗང་སེར། འཇོག་པོ་དམར་ནག་རོ་སྟོད་ལྷ་ལ་སྦྲུལ་མགོ་བདུན་པ་ལག་གཉིས་ཐལ་མོ་སྦྱར་བས་གཙོ་བོ་ལ་རིན་པོ་ཆེ་སྟོབ་པ་དག་གི་མཇུག་མའི་རྩེ་ཕྱག་གིས་བཟུང་ཞིང་ལན་གསུམ་གདུ་བུ་བཞིན་དུ་དཀྲིས་པ། གཡོན་པ་དགུ་ན་དྲིལ་བུ་བེ་ཅོན་འཁོར་ལོ་རྒྱ་གྲམ་ཐོད་དབྱུག་སྦྲུལ་གྱི་རྒྱལ་མཚན་གཞུ་གཏུམ་ཆུང་གི་ཕུར་པ་དང་ཁྱུང་གི་ཕུར་པ། རླུང་འབྱིན་མ་དང་། དགའ་མ་དང་། མཛེས་ལྡན་མ། དཔའ་མོ་འོད་བྱེད་མ། གྲུབ་མ། བསྟན་མ། དགེ་མ། གསལ་བྱེད་མ་སྟོད་ལྷ་མོ་ལ་སྦྲུལ་མགོ་གསུམ་པ་ལག་གཉིས་ཐལ་སྦྱར་པདྨོ་འཛིན་པ། གཞན་སྔ་མ་ལྟ་བུ། ཞབས་བཞིའི་གཡས་གཉིས་བསྐུམ་པས་ཆུ་སྲིན་སྔོན་པོ་དང་རུ་སྦལ་སེར་པོ། གཡོན་གཉིས་བརྐྱང་བས་ཕག་ནག་དང་ལྟོ་འཕྱེ་སེར་པོ་བརྫིས་པ། གཤོག་པ་རྡོ་རྗེ་དཀར་སེར་དམར་ལྗང་། མཇུག་མ་རལ་གྲི་དཀར་སེར་དམར་ལྗང་། སྡེར་མོ་གནམ་ལྕགས་མེ་འབར་བ། རབ་ཏུ་གཏུམ་པས་ས་བདག་ཀླུ་གཉན་མ་ལུས་པ་བརླག་པར་མཛད་པ། སྐུ་འོག་མིན་དུ་སླེབ་པས་སྲིད་གསུམ་ཁྱབ་པ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། སྤྱི་བོ་སྙིང་ག་མགྲིན་པ་ལྟེ་བ་གསང་གནས་རྣམས་སུ་ཨོཾ་ཧཱུྃ་སྲཱི། ཏྲཱཾ། ཨ་ལས་འཁོར་ལོ་རྡོ་རྗེ་པདྨ་རིན་པོ་ཆེ་རལ་གྲིའི་ཁྱུང་། དཔུང་པ་གཉིས་དཔྱི་ཟུར་གཉིས་སུ་ཨེ་ཝཾ་མ་ཡཱ་ལས་མེ་ཏོག་བདུག་པ་མར་མེ་དྲི་ཆབ་ཀྱི་ཁྱུང་། བྲང་། སོག་དབྲག སུམ་མདོ། ལྟེ་བའི་ལྐོག་ཏུ་ཧཱུྃ་སྭ་སྲཱིཿ ཨ་ལས་གནོད་སྦྱིན་གཤིན་རྗེ་ཀླུ་དྲི་ཟ་འདུལ་བྱེད་ཀྱི་ཁྱུང་བཞི། ཁ་སྣ་བཤང་གཅིའི་བུ་གར་ཛཿཧཱུྃ་བཾ་ཧོཿལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཁྱུང་། ལུས་ཀྱི་གནས་ཐམས་ཅད་དུ་ཧྶཾ་ཛེ་ཡ་ཨ་ལས་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཁྱུང་ཛཿཧཱུྃ་བཾ་ཧོཿ ལྕང་ལོ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ནམ་མཁའ་གང་བའི་དབང་གི་ལྷ། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་བསམ། སྙིང་གའི་རྡོ་རྗེའི་ཁྱུང་གི་སྙིང་གར་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་འཕྲེང་བ་གསལ་བཏབ་སྟེ། སྔགས་ནི་བཛྭ་ཀྲོ་དྷ་ཁྱུང་ཀར་ཁྱུང་ཀར་བཛྭ་ག་རུ་ཌ་ཙ་ལེ་ཙ་ལེ་ཁྲོཾ་ཧཱུྃ་ཕཊ྄། སྐུ་ཨོཾ་བཛྭ་ག་རུ་ཌ་ཧཱུྃ་སྲོག་ཚིག་ནན་རྦད་ལུས་དུལ་ནཱ་ག་མཱ་ར་ཡ་རཾ་རཾ་རཾ་རཾ་ཛྷ་ལ་ཛྷ་ལ་ཞི་ཞི་རྡུལ་བུན་རྦད་ཕཊ྄། གསུང་། ཨོཾ་བཛྭ་ཙཎྜྻ་ག་རུ་ཌ་མཱ་ར་ཡ་མཱ་ར་ཡ་ཀྵྨྱོ་ཊ་ཡ་སྤོ་ཊ་ཡ། བཛྭ་བྷ་ཏི་ག་རུ་ཌ། བེ་གེ་ཧཱུྃ་ཛ་ཛ་རི་ཛ་པྲི་ཛ་ཧཱུྃ་ཕཊ྄། ཐུགས་ཀྱི་སྔགས་ཏེ། དྲག་བྱེད་ཐམས་ཅད་རླག་པར་བྱེད། །ཀླུ་རྣམས་སྙིང་ཁྲག་འབྱིན་པ་ཡིན། །ཞེས་སོ། །བསྙེན་པའི་རྟགས་ནི། ནམ་མཁར་འཕུར་དང་རྒྱ་མཚོ་སྐམ། །ཀླུ་རྣམས་ཟ་དང་གསོད་པ་དང་། །གནས་ཁང་རིན་ཆེན་འབར་བས་ཁེངས། །ཁྱུང་ཆེན་ཞལ་མཐོང་མེ་ཏོག་འཐུ། །ནམ་མཁའ་བྱ་ཡིས་ཁེངས་པ་དང་། །རིག་པའི་ཡི་གེའི་སྤྲུལ་པ་ཡིས། ཁམས་གསུམ་ཁྱབ་པར་གནས་པ་ལ། །གསང་བའི་བྱང་ཆུབ་བརྙེས་པ་ཡིན། །མཐུན་པའི་རྫས་ནི། ཐོད་པའི་ནང་དུ་སྦྲུལ་ལ་སོགས་པའི་ཤ་ལ་གཏོར་མ་བྱས། བདག་གི་ཐུགས་ཀ་ནས་འོད་འཕྲོས་ཁྱུང་ལ་ཕོག་དེ་ལས་ཁྱུང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། བདག་ལ་གནོད་བྱེད་ཀྱི་ཀླུ་ལ་སོགས་པ་རང་དབང་མེད་པར་བཀུག ཨོཾ་བཛྭ་ཤྲཱི་མ་མ་ནཱ་ག་ས་བྷཱ་ཏ་ཚོགས་ཁུག་པ་ལ་དྲི། ཛཿཧཱུྃ་བཾ་ཧོཿ དགྲ་ལ་བྱེད་ན་ནཱ་གའི་ཚབ་ཏུ་མིང་ངོ་། །གཏོར་མ་ལ་བསྟིམ། དེ་ཁྱུང་ལ། ཨོཾ་བཛྭ་ག་རུ་ཌ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། འདོད་པའི་དོན་ལ་གསོལ་ལོ། །རྣམ་ལྔ་རོལ་མོས་མཆོད། བསྟོད་པ་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུར་སྤྲུལ་ནས། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །བསྙེན་པ་མྱུར་བར་འདོད་ན་ཁྱུང་ཉིད་ལ་བདག་བསྐྱེད་བྱའོ། །བསད་པར་འདོད་ན་དྲག་པོའི་ས་ལ་བྲུབ་ཁུང་གཟུགས་བརྙན་བྱས་ལ། བྲུབ་ཁུང་འདི་ཉིད་བྷྲཱུཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་ངམས་ནག་པ། གཏིང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་པ་རབ་ཏུ་གཏིབས་པ། ང་རྒྱལ་གྱི་བྲག་རི་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ཕུཿལས་གནོད་བྱེད་ཀྱི་ཀླུའམ་དགྲ། སྔོ་ལ་རིད་པ་ཤིན་ཏུ་ཉམ་ཐག་པ། གན་རྐྱལ་དུ་འགྱེལ་བ། མིག་ཤི་མིག་ཏུ་བལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་ཞིག་ཏུ་གྱུར། ཐུགས་ཀ་ནས་སྒོ་བའི་ཁྱུང་བསམ་གྱིས་མི་ཁྱབ་པ་སྤྲོས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་དང་། དགེ་འདུན། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རྣལ་འབྱོར་པ་བདག་ལ་སྔ་དགྲ་ལག་ལ་བདར་ཞིང་ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་དངོས་སུ་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲའམ། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མཉེས་ཤིག ཅེས་གདོན་དགུག་པའི་སྔགས་མང་དུ་བཟླ། ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །སྟོང་གསུམ་འབྲུག་སྒྲ་ལྡི་རི་རི། །ཕཊ྄་ཕཊ྄་ཕཊ྄་ཀྱི་སྒྲ་བསྒྲགས་པས། །སྲིད་གསུམ་ཐམས་ཅད་འུ་རུ་རུ། །ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །རི་བོ་བསྒྱེལ་ཞིང་རྒྱ་མཚོ་འཁྲུག །ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །བར་སྣང་ཐོག་དང་སེར་བས་ཁེངས། །རྡོ་རྗེའི་མུན་ལྟར་འཐིབས་ཀྱིན་བྱོན། །རྡོ་རྗེ་སྐར་ལྟར་འཁྲུག་ཅིང་བྱོན། །རྡོ་རྗེ་ཐོག་ལྟར་འབེབས་ཀྱིན་བྱོན། །རྡོ་རྗེ་རླུང་ལྟར་འཚུབ་ཀྱིན་བྱོན། །ཧཱུྃ། དམ་ཚིག་གཞུང་བཞིན་བསྲུང་ཙ་ན། །ཐུགས་དམ་བསྐུལ་ལོ་ལྷ་ཡི་ཚོགས། །ནམ་མཁའི་དབྱིངས་སུ་དམག་དཔུང་ཆོས། །བར་སྣང་ཁམས་སུ་རུ་དར་ཕྱོར། །འཛམ་བུ་གླིང་དུ་དམག་དཔུང་བཀྱེ། །རྡོ་རྗེའི་གོ་ཆ་གྱོན་ལ་བྱོན། །རྡོ་རྗེའི་མཚོན་ཆ་ཐོགས་ལ་བྱོན། །དཔལ་གྱི་རུ་དར་ཕྱོར་ལ་བྱོན། །ཧཱུྃ། རྡོ་རྗེའི་གཤོག་གཡས་ནམ་མཁར་གདེངས། །རྡོ་རྗེའི་གཤོག་གཡོན་ས་གཞིར་རྡེབ། །རྡོ་རྗེའི་སྡེར་མོས་སྙིང་ནས་གཟུང་། །ཤ་ཁྲག་རུས་པ་ཞལ་དུ་གསོལ། །ཞེས་ཁྱུང་དང་དྲེགས་པ་ཐམས་ཅད་བསྐུལ་ཁུག་རྟགས་བྱུང་ནས། ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་བཛྭ་ཀཱི་ལི་ཀཱི་ལ་ཡ་ས་བྷ་དྷཱ་ནི་མུད་ག་ར་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ྄། ཆུ་ཤིང་གཡས་པས་བརྡབ་པར་བྱ། །གཡོན་པས་སེང་ལྡེང་ཕུར་བ་བརྡབ། །ཐུན་བྲབས་པས་བསད། དེ་ནས་དྲག་པོའི་གཏོར་མར་བྱས་ལ་དབུལ། ལྷག་མ་ཆུ་བོར་དོར་རོ། །བཟློག་པ་ནི། དེ་ཡང་བྲུབ་ཁུང་ལྕགས་མཁར་གྲུ་གསུམ་ནག་པོ་དེའི་ནང་དུ་གནོད་བྱེད་ཀྱི་ཀླུ་སོགས་བསྐྱེད་ལ། ཡི་གེ་བཅུ་པའི་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་བཛྭ་དུཥྚ། ནཱ་ག་ཏྲིག་ནན། ཕུཿ ཧུར་ཐུཾ་ཛཿ མཱ་ར་ཡ་ཕཊ྄་ཅེས་བཟླ་དུས་རང་གི་ཐུགས་ཀ་ནས་འོད་འཕྲོས་ཁྱུང་ལ་ཕོག དེའི་ཐུགས་ཀ་ནས་སྤྲུལ་པའི་བྱ་ཁྱུང་གཡས་སྤུ་གྲི་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་བསྣམས་པ། རླུང་དང་འགྲོགས་ཏེ་ཤངས་གཡས་ཀྱི་སྒོ་ནས་འཐོན། གནོད་བྱེད་ཀྱི་སྣ་གཡོན་ནས་ཞུགས། སྙིང་དཀར་ནག་མཚམས་ནས་སྤུ་གྲིས་བཅད། དེ་སྙིང་ནང་གི་ཕུཿ ལྗང་ཁུ་ལྕགས་ཀྱུའི་རྩེ་མོའི་ཛཿདམར་པོས་བླངས་ནས་སྣ་བུག་གཡས་ནས་འཐོན་ནས་ཕུཿདེ་གནོད་བྱེད་ཀྱི་ལིངྒ་ལ་བསྟིམ། སོ་སོའི་མིང་དྲེགས་པ་སྤྱི་སྲོག་ཏྲི། སྡེ་བརྒྱད་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན། དྲེགས་པ་བཅོ་བརྒྱད་གཞན་དུ་འགྱུར་བ་བཞིན། དགྲ་ཡིན་ན་ལྷྭནྲིའོ། །ཚུར་ལ་ཞུགས་པ་དང་དེའི་རང་བཞིན་གྱི་ལུས་དེ་སོལ་སྡོང་བསྒྱེལ་བ་ལྟར་འགྱེལ་བར་གྱུར་པའི་རང་བཞིན། བྱིན་རླབས་བསྲུང་བའི་ནུས་པ། གནས་གསུམ་གྱི་ཡིག་འབྲུར་གསལ་བ་དེ་རང་གི་གནས་གསུམ་དུ་བསྟིམ། དགྲ་ལ་མདུན་བསྐྱེད་དེའི་ཐུགས་ཀ་དང་བཤང་སྒོ་ནས་བྱ་ཁྱུང་འཕྲོས། ཁོའི་ལྷ་སྲུངས་རྣམས་གནམ་གྱི་མཐའ་ལ་བདས། བྱ་སྤུ་རླུང་གིས་གཏོར་བ་བཞིན་བསྐྲད། མ་མ་ཏྲག་མཱ་ར་ཡ། ཕྱེ་ཏྲག་རཀྵ་རུ་དྲ་མཱ་ར་ཡ། དགྲ་བོ་ལྷ་སྲུངས་ཞེས་བརྒྱ་ཙམ་བཟླའོ། །དེ་ནས་དགྲ་བོའི་རྣམ་ཤེས་སམ་ལྷྭནྲི་དེ་ཐུན་འདེབས་དུས་མར་མེ་རླུང་གིས་ཕོག་པ་ལྟར་ནག་སྐམ་སྐམ་སོང་བའི་མཐར། ཐུན་རྫས་དྲེགས་པ་བཅོ་བརྒྱད་དུ་སོང་བས་དགྲ་བོའི་སྲོག་དབུགས་ཤ་ཁྲག་རུས་པ་ཧཾ་ཟས་སུ་བྱས་པར་བསམ་མོ། །དེ་ལྟར་རྡོ་རྗེ་གཏུམ་པོ་ཁྱུང་གི་ཤམ་བུ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ་ཞེས་བྱ་བ་པདྨ་དཀར་པོས་གྲོན་ཀཱ་རུ་བྲག་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། ཆོ་ག་འདི་ལ་དོགས་པ་དཔྱད་པར་བྱ་སྟེ། ཁ་ཅིག་བཅོམ་ལྡན་འདས་ཀྱི་རྒྱན་ལ། གསང་བསྟན་རང་ལས། དབུ་རྒྱན་ལ་སོགས་རིན་ཆེན་ལྡན། །དང་། ནག་པོ་སྦྲུལ་ལུས་ཀླུ་ཆེན་བརྒྱད། །སྐུ་རྒྱན་སྟག་གི་པགས་པ་དཀྲིས། །ཆོས་གོས་སྔོན་པོས་སྟོད་དཀྲིས་ཏེ། །ཞེས་པ་ལས་མ་བྱུང་། འཁོར་ཁམས་གསུམ་རྣམ་རྒྱལ་ལ་ཁྲོ་བོའི་རྒྱན་ལྡན་ཞེས་གསུངས་པ་དང་། མགོན་པོ་ལ་ཐོད་འཕྲེང་ལྡན་ཞེས་གསུངས་པ། ཡུམ་ལ་ཡུམ་རྐྱང་གི་བསྒྲུབ་པར། ཐོད་པ་སྐམ་པོའི་འཕྲེང་བས་བརྒྱན་ཞེས་འབྱུང་བ། ཡུམ་དང་འཁོར་དེ་དག་ལ་ཐོབ། གཙོ་བོ་ལ་མིན་ནོ་སྙམ་མོད། གསང་བསྟན་རང་དུ་མ་བཤད་ཀྱང་། དེར་མ་བཤད་པ་བཤད་པའི་རྒྱུད་ལས་རྟོགས་དགོས་པས། སྐུ་གསུང་ཐུགས་ཀྱི་རྒྱུད་དུ། དེ་ལྟར་གཙོ་བོར་བྱེ་བྲག་ཀྱང་། །གནས་ཀྱི་ཁྱད་པར་གསུམ་ཡིན་ཏེ། །རྒྱན་གྱི་ཁྱད་པར་ཐལ་བའོ། །རིགས་ཀྱི་ཁྱད་པར་གྲུབ་པའི་རིགས། །ཕྱག་དང་ཞབས་སོགས་ཁྱད་པར་གྱིས། །གཙོ་བོ་འཁོར་ལས་ཁྱད་པར་འཕགས། །ཞེས་འཁོར་གྱི་རྒྱན་ལས་གཞན་མཚུངས་ལ་ཐལ་ཆེན་ལྷག་པར་བཤད་པས་ཤེས་པར་བྱའོ། །འཁོར་ཡང་ལེའུ་ལྔ་པར། ཁྱད་པར་གྱི་འཁོར་བཞི་བཤད་ནས། སྒོ་མཚམས་ལྷ་ཡི་རང་བཞིན་ལ། །ཞེས་པ་ཙམ་ལས་མ་གསུངས་པས། ལེའུ་བདུན་པར། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་འཁོར་ཇི་ལྟ་བུ་ལགས། ཞེས་དོགས་པ་ཞུས་པས། སྐུ་ཡི་འཁོར་ནི་ཁྲོ་བོ་བཅུ། །རིགས་ལྔའི་ངོ་བོ་སྐུ་གསུང་ཐུགས། །མི་འགྱུར་གདུག་པ་འདུལ་བ་ཡིན། །ཞེས་པས་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ལྷ་བཞིར་བསྡུས་པ་ལ་བཤད། ཐུགས་ཀྱི་འཁོར་ནི་རིགས་བརྒྱ་སྟེ། མདོར་བསྡུས་སྤྲུལ་པའི་ཁྲོ་བོ་བཞི། །ཞེས་ཁྱད་པར་གྱི་འཁོར་བའི་རིགས་བསྡུས་ལའོ། །རིག་རྐྱང་ལ་དམ་པ་རིགས་བརྒྱ་ལ་སོགས་པ་བཤད། གསུང་གི་འཁོར་ནི་དཔག་མེད་ཀྱང་། རིགས་དྲུག་འདུལ་བའི་ཁྱུང་ཆེན་ཡིན། །ཞེས་ཀླུ་རིགས་དྲུག་ཀྱང་དུག་རིགས་ཀྱིས་ཕྱེ་བས་བཞིར་བསྡུས་ཏེ་ཁྱུང་བཞི་བསྒོམ་པར་བཤད་པ་ཡིན་ལ། བཟང་པོ་མདོར་བསྡུས་སུ་སྒོ་བ་བཞི་དང་། མེ་ཏོག་མ་ལ་སོགས་པ་བསྟོད་ཚིག་གཅིག་བྱུང་བ་ནི་ཕྱིས་ཁ་ཆེའི་དཔེ་ལ་བཅུག ཡུལ་དབུས་ཀྱི་དཔེ་ལ་མེད། སྒྲུབ་ཐབས་རྒྱས་པར་ཡང་འཁོར་མ་བཤད་པ་ནི་རིགས་བསྡུས་པའམ་སོ་སོ་བའི་དཀྱིལ་འཁོར་གང་འདོད་པ་ལ་ཁྱབ་བྱེད་དུ་འཇུག་པར་དགོངས་པ་བཞིན་བཟང་པོ་མདོར་བསྡུས་ཀྱང་ངོ་། །ཁོ་བོའི་རྗེ་བཙུན་གྱིས་མཛད་པ་ཁྱུང་ཉེར་གཅིག་མ་ལྟ་བུ་གསུང་གི་རིགས་ཀྱི་དབང་དུ་མཛད་པ། སྐུའི་རིགས་ཀྱང་ཁྲོ་བོ་བཅུས་བསྐོར་དང་། ཐུགས་ཀྱི་རིགས་ལ་དྲེགས་པ་འཇིག་རྟེན་མཆོད་བསྟོད་ལ་སོགས་པའི་དཀྱིལ་འཁོར་ལྟ་བུའོ། །ཡི་གེ་གསུམ་གྱིས་གནས་གསུམ་པོ། །ལྷར་བྱས་ཞེས་པའང་། རྒྱུད་གཞན་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པའི་ལུང་དང་། བླ་མ་གོང་མ་རྣམས་ཀྱིས་སྦྱར་བ་དང་སྐྱེ་མཆེད་བྱིན་རླབས་འདྲ་བས་མ་དཔྱད་ལ། དཔའ་གཅིག་ལ། ཁྲོ་བོ་ཡིག་འབྲུ་བསྐྱེད། འདི་བདེ་ཁྲོས་ལས། ཁྲོ་བོ་རིགས་ལྔ་རྣམ་དག་པས། །གོ་ཆ་བགོས་པར་གྱུར་པ་ན། །བདུད་ཀྱིས་ངེས་པར་མི་བརྫི་སྟེ། དཔའ་བོ་ཉེས་པ་མ་ལུས་འཇོམས། །ཞེས་འབྱུང་བ་དང་། སྤྲུལ་པ་དཔག་མེད་ཕྱོགས་བཅུར་འགྱེད། །ཅེས་པ། ཟླ་རྒྱན་ལས། རང་གི་ལུས་ལ་སྤྲུལ་པ་ཡི། །ལས་སྒྲུབ་ཁྲོ་བོ་སྣ་ཚོགས་པ། །མེ་འོད་དང་ནི་གཉིས་མེད་པར། །གདུག་པ་འདུལ་ཕྱིར་སྤྲོ་བར་བྱ། །ཞེས་འབྱུང་བས། ལེའུ་ལྔ་པར། ལུས་ངག་སེམས་ལ། ཞེས་པ། ཡི་གེ་ཡི། ལྷ་ཡི་མཚན་མ་གདབ་པར་བྱ། །ཞེས་པས་གོ་ཆ་དང་། །སྐྱེ་མཆེད་ལྷར་བྱས་སྐྱེ་མཆེད་དང་། །ཏིང་ངེ་འཛིན་གྱིས། ནུས་པ་མི་ཤིགས་ལྷར་བྱས་ལ། །ཞེས་པས་ཡེ་ཤེས་སེམས་དཔའ། ཡི་གེ་ལྔ་འདུས། ཡི་གེ་ཞེས་པས་ཏིང་ངེ་འཛིན་སེམས་དཔའ་བསྐྱེད་པ་བསྟན་ཏོ། །གོ་ཆའི་ལྷ་ཁྱུང་གིས་བྱེད་པ་ནི་བཤད་རྒྱུད་གསེར་མིག་འཁྱིལ་བར་བཤད་དོ། །དཔའ་བོ་ཀླུ་རྣམས་འདུལ་དོན་དུ། །ཕྱི་ནང་སྐྱེ་མཆེད་ཐམས་ཅད་ཀྱང་། །ཁྱུང་གི་འཕྲོ་འདུས་དབང་ཆེན་འདུལ། །ཞེས་སོགས་ཀྱིས་སོ།། །། མངྒ་ལཾ།། །།


previousདཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ།next