Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབས་ཚུལ།
   
   


 
previousརང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབས་ཚུལ།next

རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབས་ཚུལ།


MLP003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབས་ཚུལ་ནི། བསྟན་པ་སྤྱི་དང་། བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པ། ཡང་སྒོས་རྗེ་གཏེར་ཆེན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱི་སྙིང་སྟོབས་ཕྲག་པར་ཁྱེར་ཏེ། འཆད་ཉན་གྱི་གཟུགས་བརྙན་རང་ནུས་གང་ཐོན་གྱིས་བྱེད་ལོ་བགྱིས་པར། སྒྲ་ཀ་ལཱ་པའི་མིང་ལེ་ཡན་གྱི་ས་རིས་དང་པོར་དགེ་སློང་ཐར་པ་གླིང་པ་དང་། དེ་རྗེས་བཤེས་གཉེན་ཆག་པ་ཆོས་འཕེལ་དང་། དགེ་སློང་ཨོ་རྒྱན་དཔལ་འབྱོར་ལ་བཤད་ཅིང་། ཕྱིས་ས་རིས་ཡོངས་རྫོགས་དང་། སྙན་ངག་སྡེབ་སྦྱོར་གྱི་བཤད་པ་རྣམས་ཞབས་དྲུང་རིན་པོ་ཆེ་ལ་ཕུལ་བ་ལས་ཀྱང་མང་དུ་མཆེད་པ་དང་དབྱངས་ཅན་བྱཱ་ཀ་ར་ཎ་ནི་ཞབས་དྲུང་སྐུ་མཆེད་སོགས་ཀྱི་དབུས་ཚར་ལྔ་ཙམ་བཤད། རྩིས་ཀྱི་ས་རིས་ཐུན་དུ་བཅུག་ནས་རང་གིས་དངོས་སུ་བསླབས་པ་མེད་ཀྱང་། སྔར་ཤེས་ཟིན་ལ་འཕྲལ་གྱི་འབེལ་གཏམ་དང་མཐའ་དཔྱོད་ཀྱིས་བློ་ཁ་ཕྱེ་སྟེ་བརྒྱུད་ནས་ཕན་པར་བྱུང་བས་ཐ་སྙད་ཀྱི་རིག་གནས་རྣམས་ལའང་གཞན་དོན་གྱི་འབྲེལ་པ་ཙམ་བཞག་ཅིང་། གཙོ་བོར་མཁན་པོའི་གཡར་ཁྲལ་བླངས་པས་སྡོམ་པ་བགྱིས་པའི་སྡོམ་ཕྲུག་གི་གྲངས་ནི། དགེ་སློང་བཞི་བརྒྱ་དང་ཞེ་བདུན། དགེ་ཚུལ་ཆིག་སྟོང་བཞི་བརྒྱ་གོ་བརྒྱད་དུ་ལོངས་པ་དང་། གྲྭ་གཙང་གི་དབྱར་དགུན་གྱི་ཆོས་ཐོག་གཉིས་ལ་ལྕགས་འབྲུག་ནས་བརྩམས་ཏེ་ཞབས་དྲུང་སྐུ་མཆེད་དང་། ཕྱོགས་ཀྱི་བླ་ཁག་མང་པོ། གྲྭ་གཙང་གི་གྲྭ་པ་དོན་གཉེར་ཅན་འདུས་པ་དྲུག་ཅུ་སྐོར་


MLP003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་སྙིང་པོའི་རྒྱུད་ཀྱི་བཤད་པ་ཆག་མེད་ཀྱིས་བློ་གསར་རྣམས་ལ་ཐོས་བྱུང་གི་ཤེས་རབ་བསྐྱེད་པར་བྱས་ཤིང་། གཞན་ཡང་སོ་སོའི་བློ་དང་འཚམས་པའི་སྡོམ་གསུམ་རྣམ་ངེས། ཕར་ཕྱིན་འདུལ་བ་སོགས་གཞུང་མང་པོའི་བཤད་པ་ཐོར་རེ་བ་དང་། སྔ་ཕྱིར་གསུང་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་བཟང་རྡོ་རྗེ། དཔལ་རི་སྤྲུལ་པའི་སྐུ། ཐང་འབྲོག་སྤྲུལ་པའི་སྐུ། ཟང་ལ་མཁར་སྤྲུལ་པའི་སྐུ། བོན་ལུང་སྤྲུལ་པའི་སྐུ། རོང་པ་རྫོགས་ཆེན་སྤྲུལ་པའི་སྐུ་རྣམས་དང་། རྣ་བོ་གདུང་བརྒྱུད་སོགས་ཀྱིས་མཚོན་གཞིས་བྱེས་ཀྱི་དོན་གཉེར་ཅན་མང་པོ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཚར་བརྒྱད། མདོ་དབང་ཚར་གསུམ། བདེ་འདུས་ཀྱི་དབང་ཆེན་ཚར་གཅིག་དང་། རྣལ་འབྱོར་རྒྱུན་དབང་ཚར་བཞི། གསང་རྫོགས་ཚར་གསུམ། ཨ་དོན་ཚར་བཞི། དོང་སྤྲུགས་ཚར་ལྔ། རྡོར་གླིང་། རཏྣ་གླིང་པ། པད་གླིང་གི་གཏེར་ཆོས་སོགས་བཀའ་གཏེར་གྱི་དབང་། རྗེས་གནང་མང་པོ་དང་། བཀླགས་ལུང་མན་ངག་གི་ཁྲིད་འབོགས་པ་སོགས་གང་ལ་གང་འཚམས་ཀྱི་ཆོས་འཆད་པ་དང་། གསར་མ་ལས་ཀྱང་། དུས་འཁོར་གྱི་དབང་ཡོངས་རྫོགས། ཤངས་ལུགས་རྒྱུད་སྡེ་ལྔ་སོགས་ཀྱི་དབང་བཀའ་ཆེ་ཆུང་དང་ཁྲིད་ཆེན་ལྔ་སོགས་དབང་དང་རྗེས་གནང་ཟབ་ཁྲིད་ལུང་དང་བཅས་པ་མང་དུ་བྱས་ཤིང་། བྱེས་སུའང་ཕྱི་ལོ་གྲོམ་པ་དཔལ་གྱི་ས་སྐྱར་ཕྱིན་ཏེ། བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞབས་དྲུང་དུ། གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་དང་། ཐུགས་རྗེ་ཆེན་པོའི་སྨིན་ཁྲིད། ཕུར་པ་སྤུ་གྲིའི་དབང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་། ཐུགས་སྒྲུབ་ཀྱི་དབང་། ཚེ་དབང་ལུང་ལུགས། ལོཀྟྲིའི་རྗེས་གནང་། གནོད་སྦྱིན་གྱི་སྲོག་གཏད་སོགས་ཆོས་སྐྱེས་མང་པོ་དང་བྱད་འགྲོལ་རྣམས་ཕུལ་ཞིང་། དེ་དུས་ཡར་ལམ་ཡར་འབྲོག་གླིང་དུ་ཞབས་དྲུང་ཡབ་སྲས་ལ་ཚེ་གུར་རྟ་མགྲིན་ལོཀྟྲི་རྣམས་ཀྱི་དབང་དང་། མར་ལམ་རུ་ལག་རྒྱང་དུ་བླ་མ་ཟ་ལུང་པ། ཆུ་མིག་པ། སྐྱི་སྟོན་པ། བསམ་གཏན། འབྲས་ཁུད་པ་རྣམས་ལ་གཏེར་གསར་བླ་མ་ཞི་དྲག་རྡོར་སེམས་ཨ་དོན་རྣམས་ཀྱི་དབང་། ཕུན་ཚོགས་གླིང་དུ་དགེ་སློང་འབྱུང་གནས་ལ་ཕྱག་དྲུག་པ་དང་དམག་ཟོར་མའི་རྗེས་གནང་། གཞིས་ཀ་


MLP003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་སྨོན་གྲུབ་ནས་ལ་ཚེ་གུར་རྟ་མགྲིན་རྣམས་ཀྱི་དབང་དང་། བྱད་འགྲོལ། གསང་སྔགས་གླིང་གདུང་རྒྱུད་མཆེད་ལ་དོང་སྤྲུགས་པདྨ་བརྒྱ་ལྡན་གྱི་དབང་དང་། དཔོན་སློབ་ཐུན་མོང་ལ་ཚེ་དབང་། འུ་ཡུག་ཏུ་བསམ་དར་ནས་ལ་ཚེ་གུར་དང་། ཞང་བློན་གྱི་རྗེས་གནང་། ཡུལ་པར་ཁྲོམ་དབང་། སྟག་སྣར་ཏྲེ་བོ་སྤྲུལ་པའི་སྐུ་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་། སེམས་སྡེ་ཨ་དོན་གྱི་དབང་། ལྷ་ཆེན་གྱི་སྲོག་གཏད། ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་གི་ལུང་དང་ཤར་ཁྲིད་བཅས་ཕུལ། གཞན་ཡང་སྔ་ཕྱིར་ལྷོ་བྲག་བན་པ་བསམ་འགྲུབ་དགོན་དུ་དོང་སྤྲུགས་ཀྱི་དབང་དང་ཚེ་གུར། རྟ་ནག་ལྕགས་རལ་ཅན་རྣམས་ཀྱི་དབང་། དགེ་ཡེར་ཁྲོམ་དབང་དང་ཚེ་གུར། མདོ་མཁར་དུ་ཚེ་གུར་རྟ་མགྲིན། དྭགས་པོ་རྩེ་ལེར་གུར་དྲགདྲེགས་འདུལ། ཚེ་རྟ་རྣམས་ཀྱི་དབང་རྗེས་གནང་དང་བྱད་འགྲོལ། གདོན་འགྲོལ། འཆི་བསླུ་སོགས་མང་པོ་དང་། ཟངས་རིར་ཨོ་རྒྱན་གླིང་གྲྭ་ཚང་གི་ཚོགས་སུ་ན་རག་དོང་སྤྲུགས། བཀའ་བརྒྱད་གསང་རྫོགས། ཕུར་པ་སྤུ་གྲི། དྲེགས་འདུལ་རྣམས་ཀྱི་དབང་། རྣམ་སྲས། དུར་ཁྲོད་བདག་མོ། རྒྱལ་པོ་རྣམས་ཀྱི་སྲོག་གཏད། པད་གླིང་གཏེར་ཆོས་ཚང་མའི་ལུང་དང་། བླ་མའི་ལས་བྱང་གི་ལྷ་ཁྲིད། ཁྲོ་འཆར་འཇོམས་བྱེད་ཀྱི་དབང་། ཕྱ་ཕྲིན་མདོས་བཅུ་སོགས་ཆོག་ཕྲན་མང་པོའི་ལུང་རྣམས་བྱས། གཞིས་སུ་རང་གི་མ་རིན་པོ་ཆེ་ལ་རྗེ་བླ་མའི་བཀའ་བཞིན་ཕྱག་ཆེན་གའུ་མའི་ཉམས་ཁྲིད་ཤིན་ཏུ་སྨིན་པ་དང་། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་ལྷ་ཁྲིད་རྣམས་ཕུལ་ཞིང་། སྐུ་གཤེགས་རྟིང་གདུང་མཆོད་དུ་བསྡད་ནས་སྒྲིབ་སྦྱོང་གི་ཆོ་ག་གནད་དུ་གང་འགྲོ་ཞུས། ན་ནིང་ཆུ་འབྲུག་གི་ལོ་ལ་མདོ་ཁམས་ཀྱི་སའི་ཐིག་ལེ་ཆབ་མདོ་བྱམས་པ་གླིང་དུ་ཕྱིན་ཏེ། འཇིག་རྟེན་དབང་ཕྱུག་འཕགས་པ་རྒྱལ་བ་རྒྱ་མཚོའི་ཞལ་སྔ་ནས་དང་། ཞབས་ཕྱིར་སྤྲུལ་སྐུ་རྣམ་གཉིས་བཅས་པར། གཏེར་གསར་ཐུགས་རྗེ་ཆེན་པོའི་རྩ་དབང་དང་ཚེ་དབང་། ཐུགས་ཐིག་གི་རྩ་དབང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བརྒྱ་རྩ། རྡོར་སེམས། གུར་དྲགའཇོམས་བྱེད་རྣམས་ཀྱི་དབང་། གཏེར་རྙིང་ལས་གསང་འདུས་ཟླུམ་པོ་བཞི་དབང་། ཉང་གི་དྲག་དམར་ཆེ་བ། ཕྱག་རྡོར་དྲེགས་འདུལ་གྱི་དབང་ཆེ་ཆུང་། ཕྱག་


MLP003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་གསང་སྒྲུབ། ཁང་བརྩེགས། རྟ་མགྲིན་གསང་སྒྲུབ། ལོཀྟྲི། ནཱ་ག་རཀྴ། ན་རཀ་དོང་སྤྲུགས། ཞི་ཁྲོ་ཁྲོམ་དཀྲུགས་ལུགས་རྣམས་ཀྱི་དབང་དང་རྗེས་གནང་། མཁའ་འགྲོ་བསུན་བཟློག་དང་གྲིབ་སེལ། བྱད་འགྲོལ། གཟའ་ཀླུའི་གདོན་འགྲོལ། ཐུགས་རྗེ་ཆེན་པོ་དང་ཡང་ཐིག་གི་འཆི་བསླུ་སོགས་སྐུ་རིམ་ཡང་མང་དུ་བསྒྲུབས། ཐུགས་ཀྱི་སྲས་ངག་དབང་མཆོག་གི་སྤྲུལ་པའི་སྐུ་ལའང་གཏེར་གསར་སྐོར་གྱི་དབང་ལུང་ཁྲིད་དང་བཅས་པ་ཡོངས་རྫོགས་དང་། རཏྣ་གླིང་པའི་ཕུར་པ་དང་། ཟབ་ལམ་གསང་འདུས་མ་གཏོགས་པའི་ཆོས་སྐོར་ཆ་ཚང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་རྟོག་བདུན་གྱི་ལུང་། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། རྣལ་འབྱོར་བཅུ་གཅིག་དང་རྩ་དབུ་མའི་ཁྲིད། ཆོས་སྐོར་ཚང་མའི་ལུང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་ཁྲིད། དཔལ་མོ་ལུགས་ཀྱི་རྗེས་གནང་དང་། སྨྱུང་གནས་ལག་ལེན། བླ་མ་གསང་འདུས་ཀྱི་རྩ་དབང་དང་། ཕུར་པ་སྤུ་གྲི་དང་། གཡུ་ཐོག་སྙིང་ཐིག་གི་དབང་ལེ་ཚན་རྣམས་ཕུལ་ཞིང་། ཕྱག་མཛོད་རྗེ་དབོན་རིན་པོ་ཆེར་ཡང་ཐུགས་རྗེ་ཆེན་པོ། བླ་མ་ཞི་དྲགཚེ་རྟ། ལོཀྟྲི་རྣམས་ཀྱི་དབང་རྗེས་གནང་དང་། བྱད་འགྲོལ། འཆི་བསླུ། དབོན་པོ་རྣམ་གཉིས་སོགས་ཞབས་རིམ་ནང་མ་མང་པོར་ཐུགས་ཐིག་གི་དབང་ལུང་ཁྲིད་དང་བཅས་པ། ཚེ་གུར་ཕྱག་རྡོར། གླིང་པ་དང་ནང་མའི་གྲྭ་རིགས་མང་པོར། བླ་མ་ཞི་དྲགཚེ་རྟ། ཕྱག་རྡོར། ཚེ་དབང་མདའ་འཕེལ་མ་རྣམས་ཀྱི་དབང་དང་། སེམས་བསྐྱེད། སྨན་བླའི་རྗེས་གནང་། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་། འཁོར་བ་དབྱིངས་གྲོལ་དང་སྦྱོར་དྲུག་གི་ཁྲིད་སོགས། སྡེ་དགེའི་བླ་མ་རབ་འབྱམས་པ། གོ་འཇོ་རྩེ་རོང་སོགས་ནས་ལྷགས་པའི་དོན་གཉེར་ཅན་གྱི་དཔོན་སློབ་མང་པོར་གཏེར་གསར་ཐུགས་ཐིགཐུགས་རྗེ་ཆེན་པོའི་རྩ་དབང་། རྡོར་སེམས། ཚེ་གུར་རྣམས་ཀྱི་དབང་དང་། དགེ་ཚུལ་སློང་གི་སྡོམ་པ། ཐུགས་ཐིག་གི་ཁྲིད་ལ་སོགས་ཏེ་ཆོས་སྦྱིན་རྒྱ་ཆེར་བྱས་པས་རང་ལུགས་ཀྱི་བསྟན་པ་ཤར་ཕྱོགས་སུ་དར་བའི་ལུང་བསྟན་གྱི་དོན་བཞིན་མངོན་དུ་གྱུར་པས་བསྟན་པ་ལ་བྱ་བ་ཅུང་ཟད་བྱས་སམ་སྙམ་དུ་ཡི་རངས་བར་གྱུར་ལ། ཕྱིས་རྒྱལ་བ་འཕགས་པ་ལྷའི་དགོངས་པའི་


MLP003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མཚམས་ལྟར་ངག་དབང་མཆོག་གི་སྤྲུལ་པའི་སྐུ་དང་ཕྱག་མཛོད་རྗེ་དབོན་རིན་པོ་ཆེས་བདག་རྐྱེན་མཛད་ནས་ཕྱོགས་དེར་རང་བསྟན་འཕེལ་རྒྱས་ཀྱི་བཀའ་ལུང་བཟང་པོ་བྱུང་བའང་རྡོའི་རི་མོ་བཞིན་འགྱུར་བ་མེད་པར་གོར་མ་ཆག་གོ། དེ་དུས་ཡར་མར་གྱི་ལམ་ཞོར་དུ། ལ་མོར་མར་ལམ་ཆོས་རྗེ་སྐུ་རྟེན་པ་ནང་འཁོར་ཞབས་ཕྱིར་བཅས་པར་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང་། ཞལ་ངོ་རྣམས་ལ་ཚེ་དབང་། ཡར་ལམ་ཞལ་ངོ་ཡབ་ཡུམ་སྲས་བཅས་ལ་ཚེ་གུར་གྱི་དབང་། མར་ལམ་ལྷ་སར་བླ་མ་བྱ་བྲལ་བ་རིན་པོ་ཆེ་ལ་ཚེ་དབང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ངག་དབང་དོན་གྲུབ་ལ་དགེ་སློང་གི་སྡོམ་པ། ཡར་རེས་སྟག་ཤག་གི་ཞལ་ངོ་ཕན་ཚུན་རྣམས་ལ་ཐུགས་རྗེ་ཆེན་པོའི་རྩ་དབང་དང་བྱད་འགྲོལ། བསྙེན་གནས་པ་དང་སྨན་བླ་བ་རྣམས་ལ་ཚེ་དབང་། སྨྱུང་གནས་ཀྱི་དམིགས་པ་དང་བཟླས་ལུང་། དར་མོ་ནས་ལ་ཚེ་གུར་དང་བྱད་འགྲོལ་སོགས་བགྱིས་སོ། །ཡང་བསྟན་པ་ཡུན་རིང་དུ་གནས་པར་འདོད་པའི་ལྷག་བསམ་གྱིས་རྩོམ་པ་ཐན་ཐུན་བགྱིས་པའང་སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་ལ་འགྲེལ་པ་གསང་བདག་དགོངས་རྒྱན། སྤྱི་དོན་གསང་བདག་ཞལ་ལུང་། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་བཞག་གསལ་སྒྲོན་རྩ་འགྲེལ། མདོ་དབང་སྐོར་ལ། རྣམ་བཤད་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཟུར་འདེབས་དཔག་བསམ་སྙེ་མ། ཙཀླིའི་ཐོ་ཡིག་གསལ་བའི་མེ་ལོང་། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་འདོད་སྟེར་དབང་རྒྱལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་སྙེ་མ། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་རྣམ་ངེས་ཚིག་ཉུང་དོན་རྒྱས། དྲི་མེད་རྣམ་གཉིས་ཀྱི་མཆོད་


MLP003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བཞེངས་ཆོག་བཀླགས་པས་འགྲུབ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ། སྡེབ་སྦྱོར་གྱི་འགྲེལ་པ་དོན་གསལ་མེ་ལོང་། སྐར་རྩིས་ཉིན་བྱེད་སྣང་བ་རྩ་འགྲེལ་སྔ་རྩོམ་དང་། ཕྱི་རྩོམ་རྩ་བར་དབྲི་བསྣན་གྱིས་རྩོམ་སྐྱོར་དང་། དཀའ་འགྲེལ་གཞུང་དོན་སྙིང་པོ་ལེགས་པར་འདྲེན་པའི་རྟ་བདུན། ལག་ལེན་ལྷན་ཐབས་ངོ་མཚར་ཕྲེང་བ། སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། འབྱུང་རྩིས་ཟླ་བའི་འོད་ཟེར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱིའི་རྣམ་ཐར་དད་པའི་ཤིང་རྟ་གླེགས་བམ་དང་པོ་དང་གཉིས་པ། ནང་གི་རྣམ་ཐར་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ། བྱ་རྒོད་པ་མཁས་གྲུབ་དང་དིང་རི་བའི་རྣམ་ཐར། སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན། སྐུ་འབུམ་མཐོང་གྲོལ་ཆེན་མོའི་དཀར་ཆག་ཡིད་ཆེས་ཀྱི་ངེས་པ་སྟེར་བྱེད། ཐུགས་རྗེ་ཆེན་པོའི་བློས་བསླངས་དཀར་ཆག་ངོ་མཚར་ཡོངས་འདུའི་འཁྲི་ཤིང་། འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། འབེལ་གཏམ་ལེ་ཚན། གཏམ་བསྔོ་དང་། རབ་གནས་ཀྱི་སྟོང་ཐུན། ཆོ་ག་དང་མན་ངག་གི་ཡི་གེའི་སྐོར་ལ། ཕྱིའི་ཆོས་སྤྱོད་ཐར་ལམ་རབ་གསལ། ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ། ཉང་གཏེར་ཁྲོས་ནག་གི་ཆོ་ག་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ། བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་ཡིག་རིན་ཆེན་སྒྲོན་མེ། ཕུར་པ་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ། རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། བི་མ་སྙིང་ཐིག་ཁྲིད་དམིགས་བརྗེད་བྱང་བདུད་རྩིའི་ཐིགས་པ། གཅོད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཁྲིད་ཡིགཉང་གཏེར་ཁྲོས་ནག་གི་ཁྲིད་ཡིག་ཟབ་དོན་གསལ་བ། ཐུགས་ཐིག་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ། ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། དབང་གི་མཚམས་སྦྱོར་དྲི་མེད་འོད། ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ། རྡོར་སེམས་ཀྱི་ཁྲིད་ཡིག་རབ་གསལ་སྣང་བ། ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་གསུམ་འོད་གསལ་
འཁོར་ལོ། རྨི་ལམ་གྱི་ཁྲིད་ཡིག་ཉིང་འཁྲུལ་རང་གྲོལ། གཅོད་ཀྱི་ཁྲིད་ཡིག་འཁྲུལ་རྟོག་དབྱིངས་གྲོལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་སྐལ་ལྡན་ཀུན་དགའ། གནས་ལུང་གི་ཆོ་གའི་ངག་འདོན། བསྙེན་ཡིག་གི་ཟུར་འདེབས་བསྐྱུད་བྱང་། རྩ་ཁྲིད་ཀྱི་ཁྲིད་ཡིག་སྒོམ་དོན་གསལ་བའི་མེ་ལོང་། གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། འཁྲུལ་འཁོར་གྱི་རྩ་ཚིག་འཆི་མེད་བཅུད་སྟེར། ཨ་ཏིའི་ལམ་རིམ་སྙིང་པོའི་མཆན་འགྲེལ། ཕག་མོ་ཟབ་རྒྱའི་འཁྲུལ་འཁོར་གྱི་རྩ་ཚིག་འགྲེལ་པ། ཞི་བྱེད་བཀའ་བབ་གསུམ་གྱི་དབང་ཆོག་དང་ཁྲིད་ཡིག་ཆ་ཚང་། གསར་སྙིང་སྤྱི་འགྲོའི་དབང་བཤད་རྣམས་སོ། །ལག་ལེན་གྱི་སྐོར་ལ། ཁྲག་འཐུང་ཁྲོ་བོའི་རྩ་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ། མཆོད་གར་གྱི་བརྗེད་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ་དང་། གླུ་ཡིག་རབ་གསལ་སྣང་བ། གཞན་ཡང་བཀའ་བརྒྱད་ཕུར་པ་འཇོམས་བྱེད་བླ་མ་གསང་འདུས་ཀྱི་དབྱངས་ཡིག་བྱང་བུ་སོགས་ཉེར་མཁོའི་ཟིན་བྲིས་ཕྲན་བུ་མང་པོ་ཡོད་ཀྱང་འདིར་མ་སྨྲོས་ལ། བཀའ་བརྒྱད་བདེ་འདུས་དང་སྒྱུ་འཕྲུལ་ལམ་རིམ་གཉིས་ལ་སྤྱི་མ་ཊཱིཀ་རེ་རྩོམ་པའི་དམ་བཅའི་རི་མོ་ཡིད་ལ་གཅགས་རུང་། ད་རང་མི་འགྲུབ་པ་འདྲའོ། །


previousརང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབས་ཚུལ།next