Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།

13 occurrences of གསང་ཕུག་
[Clear Hits]


  
  
 
 
  
  
  
  
  
 
 
  
  
  
  
  
 
  
མཚོ་རྒྱལ་གྱིས་ཞུས་ལན།
  
  
  
 
  
  
  
 
  
  
  
  
  
 expand section
 expand section
  
expand section
 
 expand section


13 occurrences of གསང་ཕུག་
[Clear Hits]

 
previousམཚོ་རྒྱལ་གྱིས་ཞུས་ལན།next

མཚོ་རྒྱལ་གྱིས་ཞུས་ལན།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ མཚོ་རྒྱལ་གྱིས་ཞུས་ལན་བཞུགས༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ དེ་ཡང་གནས་ཆེན་པོ་ཁམས་སྲིང་མོ་རྫོང་གི་ཕག་གདོང་ནག་མོའི་གནས་མཆོག་ཏུ་སློབ་དཔོན་ཆེན་པོས་བདག་མཚོ་རྒྱལ་ལ་ཟབ་ཏིག་མཁའ་འགྲོའི་སྒྲུབ་སྐོར་རྣམས་དང་༔ ཁྱད་པར་དྷཀྐིའི་མཚན་རྟགས་རྣམས་གསུངས་པའི་ཚེ་བདག་གིས་ཞུས་པ༔ གུ་རུ་རིན་པོ་ཆེ་སྐུ་གསུམ་གྱི་རྒྱལ་བ་འདི་རྣམས་ལ་འགྲོ་བའི་དོན་མ་གཏོགས་མཛད་པ་གཞན་མི་མངའ་བར་འདུག་ལགས་པས༔ དེང་ནས་བཟུང་གནས་འདི་དང་འདིའི་ཕྱོགས་མཚམས་རྣམས་ལ་མཚན་ལྡན་གྱི་མཁའ་འགྲོ་ལས་ལྡན་གྱི་དཔའ་བོ་གང་ཟག་མ་རུངས་པའི་རིགས་དག་ཅི་འདྲ་འབྱུང་༔ མ་འོངས་སྐལ་ལྡན་རྣམས་ཀྱི་བརྗེད་བྱང་དུ་བདག་གིས་དཀར་ཆག་ཏུ་འདེབས་བསམ་པས་གུ་རུ་རིན་པོ་ཆེས་གསུང་དུ་གསོལ་ལོ༔ མ་འོངས་འགྲོ་བའི་དོན་དུ་གསུང་དུ་གསོལ་ཞེས་ཞུས་པས་བཀའ་སྩལ་པ༔ ཇོ་མོ་མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་ལེགས་ཀྱང་སྐུ་གསུམ་རྒྱལ་བའི་རྣམ་འཕྲུལ་སོགས་དག་མ་དག་སྣ་ཚོགས་འབྱུང་བ་བརྗོད་དུ་མི་ལང་དཔག་པར་དཀའ་མདོར་བསྡུས་ཀྱི་ཆ་ཙམ་བརྗོད་པ་ལམ་ཡིག་གསང་བའི་སྙིང་པོའི་ནང་ལྟར་ཡིན༔ དེར་མ་འདུས་པའི་ཞིབ་གསལ་ཟུར་ཙམ་ཞིག་བརྗོད་དང་ཁྱོད་ཀྱིས་ཡི་གེར་ཐོབ་ལ་གཏེར་དུ་བཅོལ་དང་མ་འོངས་པའི་འགྲོ་བ་མོས་གུས་ལྡན་པ་རྣམས་ལ་ཕན་པར་འགྱུར་རོ༔ དེ་ཡང་སྟོང་གསུམ་གླིང་བཞི་འཛམ་གླིང་སོགས་སེམས་ཅན་གྱིས་གར་ཁྱབ་ཏུ་སངས་རྒྱས་ཀྱི་སྤྲུལ་པས་མ་ཁྱབ་པ་མི་སྲིད༔ སྤྲུལ་པ་ལ་མཆོག་སྤྲུལ་ཉིང་སྤྲུལ་ཡང་སྤྲུལ་གསུམ་ཡིན༔ མཆོག་སྤྲུལ་ནི་ལྷ་རིགས་ཕོ་རྒྱུད་མོ་རྒྱུད་རྒྱལ་བ་སྤྱི་དང་བྱེ་བྲག་དེ་གདུལ་བྱ་འདུལ་དཀའ་བའི་དོན་དུ་གདུལ་བྱའི་སྣང་བ་དང་ཆ་མཐུན་པའི་འདུལ་བྱེད་ཀྱི་གཟུགས་སྤྱོད་ལ་འབྲས་བུ་མི་མཐུན་པའི་སྤྱོད་པས་གདུལ་ཡུལ་རྗེས་སུ་འཛིན་པ་སྟེ༔ ལས་བཞིའི་སྣང་ཚུལ་སྣ་ཚོགས་སུ་གསལ་བ་དག་གིས་བསྟན་འགྲོར་ཕན་པས་སྐྱོང་བར་འགྱུར་རོ༔ ཉིང་སྤྲུལ་ནི་ཚོགས་བསགས་ཀྱི་འགྲོ་བས་བདག་གཞན་གྱི་དོན་ལ་མོས་ནས་བསྙེན་སྒྲུབ་དང་མཆོད་བསྟོད་བརྩམས་པས་སྒྲུབ་པ་དང་སྒྲུབ་པ་ཆེན་པོ༔ བསྙེན་པ་དང་ཉེ་བསྙེན་སོགས་ཀྱི་ཏིང་ངེ་འཛིན་ལ་དབང་འབྱོར་བས་བཙད་པོའི་ལུང་བསྒྱུར་ན་གཡོག་གིས་ངོ་ཐང་གི་ལས་བཀར་ཞིང་སྒྲུབ་པ་ལྟར༔ སྒོམ་སྒྲུབ་ཀྱི་དྲོད་རྟགས་ལྟར་འགྲོ་ལ་ཕན་པ་སྣ་ཚོགས་འབྱུང་བ་ནི་ཉིང་སྤྲུལ་ལོ༔ ཡང་སྤྲུལ་ནི་ཉིང་སྤྲུལ་ལས་ཆང་གི་ཕབས་རྩིའི་རྒྱུན་ལྟར་བྱིན་རླབས་ཀྱི་བརྒྱུད་འཛིན་ལམ་སྣ་ཟིན་ཅིང་དོན་གཉིས་ལ་སྤྱོད་པ་ངོ་ཐང་ལས་ཤར་བ་བཞིན་གྱི་རབ་འབྲིང་ཐ་མའོ༔ དེ་ལ་མཆོག་སྤྲུལ་འདི་འབྱུང་བ་མང་ཡང་བརྟག་ནི་དཀའ༔ ཉིང་སྤྲུལ་དང་ཡང་སྤྲུལ་བརྟག་དཔྱད་སླ་སྟེ་ཞི་བ་དང་བརྟན་པ་དང་སྙིང་རྗེ་དང་བརྩོན་འགྲུས་དང་བསམ་གཏན་དང་སྦྱིན་པ་དང་བཟོད་པ་དང་ཚུལ་ཁྲིམས་སོགས་ཀྱི་ཚུལ་ཅན་ལས་འབྱུང་བས་འགྲོ་བ་གཞན་གྱི་ཤེས་རྒྱུད་དང་མི་མཐུན་བ་མེད་པས་བརྟག་སླ་ཞི་དུལ་དང་ལྡན་པའི་ངང་ཚུལ་གྱིས་དག་སྣང་ཡང་འཐོབ༔ མཆོག་སྤྲུལ་ནི་ཞི་རྒྱས་ལ་ཡང་འབྱུང་ཡང་ཕལ་ཆེར་དབང་དྲག་ཁོ་ན་མང་སྟེ༔ ཅིའི་ཕྱིར་ན༔ རྒྱལ་བའི་རྣམ་འཕྲུལ་ལས་ས་ལ་དབང་བའི་རྒྱལ་པོ་དང་༔ དེས་མཆོད་པའི་དཀོན་མཆོག་གི་བསྟན་པ་སྲིད་པ་དུས་བབས་ཀྱི་བསྟན་འགྲོའི་མགོན་པོར་སངས་རྒྱས་རྣམས་ཀྱིས་སྤྲུལ་པ་ལ༔ བདུད་ནག་པོ་ཞེས་རང་རྒྱུད་སྲེད་འཛིན་གྱིས་གདུང་ནས་གོང་གི་རིགས་དེ་ལ་བརྟེན་ཡང་ང་ཆེ་ང་གཉན་ཟེར་བའི་ཐ་ཚིག་གིས་དུག་ལྔ་རང་རྒྱུད་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལས་རིང་དུ་གྱུར་ཚེ༔ རྒྱལ་བ་རྣམས་ཀྱིས་དྲེགས་ཅན་གྱི་ཚོགས་དེས་འགྲོ་བ་དབང་དུ་བསྒྱུར་ནས་ལམ་བྱང་ཆུབ་ཀྱི་ལྗོན་པ་སྐེམ་པ་དེ་གདུལ་བྱེད་དབང་དང་དྲག་པོས་འདུལ་ཞིང་ཆོས་མ་ཡིན་པ་རྣམས་ཕམ་པར་བྱེད་པ་དང་ཆོས་ཀྱི་བསྟན་པ་གསལ་བར་བྱེད་པ་སྟེ༔ ངོ་བོ་རྒྱལ་བ་རྒྱ་མཚོ་འདུས་པའི་སྤྲུལ་པ་དེར་བཞུགས་ཀྱང་དབང་དྲག་ལས་ཤུགས་བཙན་པས་བརྟག་བཀའ་བ་ནི་དེ་བཞིན་ཏེ༔ ལས་གནག་ཀྱང་འབྲས་བུ་དཀར་པོར་སྨིན་པ་ཡིན་ཞིང་༔ བདུད་འགོང་མང་པོ་བཟང་བརྫུའི་མཆོད་བསྟོད་བཀུར་འོས་སུ་འོངས་ཀྱང་རང་དང་འབྲེལ་ཐོགས་ཆོས་དང་རྒྱབ་འགལ་གྱི་ལས་བཞིན་སྤྱད་པས་ལས་དཀར་ཡང་འབྲས་བུ་ནི་ནག་པོར་སྨིན་ནོ༔ དེ་དག་རྣམས་ནི་འགྲོ་བའི་ཁམས་ལ་སངས་རྒྱས་ཀྱི་སྤྲུལ་པ་འབྱུང་རིམ་མདོ་ཙམ་མོ༔ མཚོ་རྒྱལ་དེ་ལྟར་ན་དེ་དག་གི་རིམ་པ་ཇི་སྲིད་དུ་འབྱུང་བ་བདག་གིས་ཤེས་ཀྱང་བརྗོད་པར་དཀའོ༔ ཡི་གེར་འབྲི་བ་ཡང་མི་ལང་ངོ་༔ འོན་ཀྱང་ཁྱོད་ཀྱི་ཞུ་དོན་ལྟར་འདི་དང་འདི་ཕྱོགས་རྣམས་ལ་དཔའ་བོ་དཔའ་མོ་དག་མ་དག་མང་ཞིང་༔ ཁྱད་པར་དུ་གནས་འདིའི་ཕྱོགས་བཞི་ནས་དཔའ་བོ་དཔའ་མོ་བརྒྱད་བསྐལ་བ་འགྲོ་བ་ཇི་སྲིད་དུ་འབྱུང་སྟེ༔ སྔ་མ་འཁོགས་པ་བར་མ་དར་བབ་རྗེས་མ་བྱིས་པ་གཅིག་མངལ་དུ་གནས་ཏེ༔ རྒས་པའི་འགྲོ་དོན་རྫོགས་དུས་དར་མས་འགྲོ་བ་སྐྱོབ༔ བྱིས་པ་དང་མངལ་གནས་གཉིས་ཀྱང་དེ་བཞིན་ཟམ་མ་ཆད་པར་འབྱུང་བ་མུ་ཏིག་རྩར་དང་ཕྲེང་བའམ་ལུ་གུ་རྒྱུད་ཀྱི་སྣང་ཚུལ་དུའོ༔ དེ་ཡང་གནས་འདི་གཅིག་པུ་མ་ཡིན་ཞིང་གནས་ཡུལ་དུར་ཁྲོད་གྲོང་བརྡལ་ཆེན་པོ་ཚོང་དུས་འདུ་ཚོགས་གང་ན་ཆེ་བ་ན་མང་ཉུང་སེམས་ཅན་གྱི་ཁམས་ལྟར་འབྱུང་ངོ་༔ ཁྱད་པར་གནས་འདིའི་ཤར་ལུང་དཀར་ཤོད་དང་རེ་ཞེས་བྱ་བ་ན་བུད་མེད་ཨ་མཚོ་ཞེས་བྱ་བ་དང་༔ གཡུང་དྲུང་མཚོ་ཟེར་བ་དང་༔ ཆོས་སྒྲོན་བྱ་བ་དང་༔ མགོན་སྐྱིད་བྱ་བའི་བུད་མེད་འབྲེལ་ཐོགས་མཐོང་ཐོས་མཐོ་རིས་ལ་འདྲེན་ནུས་པ་རྣམས་ཀྱང་འབྱུང་ངོ་༔ མ་རུངས་པའི་བུད་མེད་དར་མོ་དང་༔ སྒྲོལ་མཚོ་བསམ་སྐྱིད་ཀརྨ་མཚོ་མགོ་ཡོན་མ་ནམ་ལངས་སྒྲོན་ཟེར་པའི་མ་རུངས་པ་ཡང་མང་པོ་འབྱུང་༔ པདྨ་དབང་འཕེལ་ལུ་ཆོས་སྐྱོབ་རེ་གོན་དར་རྒྱས་བསམ་འགྲུབ་ཟེར་བའི་རིགས་བཟང་མཆོག་གི་དཔའ་བོ་མང་པོ་ཡང་འབྱུང་བར་འགྱུར་རོ༔ གུ་རུ་དྲག་འཕེལ་དཔལ་གྲུབ་བསོད་དགའ་བསྲུང་ལུ་དར་མགོན་ཟེར་བའི་བདུད་སྤྲུལ་ཡང་མང་དུ་འབྱུང་ངོ་༔ དེ་བཞིན་ལྷོ་ལུང་རྒྱལ་དང་ཨ་ལ་རོང་སོགས་ལ་གུ་རུ་མཚོ་སྒྲོན་དཀར་རིས་ལུ་མ་ལུ་གུ་སྐྱིད་སྲུང་སྐྱིད་མ་བཟང་མོ་སྔོ་ཡུ་མ་ལེགས་མཚོ་ཟེར་བའི་མཁའ་འགྲོ་རྣམས་ཀྱང་འབྱུང་ངོ་༔ དོན་གྲུབ་སྐྱིད་གཡང་མཚོ་མ་ཆོས་མ་དར་མོ་སྐྱིད་དཔལ་ལུ་མ་སྒྲོན་སྐྱོང་མཚོ་སོགས་ཟེར་བའི་བདུད་མོ་རྣམས་ཀྱང་འབྱུང་བར་འགྱུར་རོ༔ དེ་བཞིན་དུ་དབང་ཕྱུག་གཡང་འཕེལ་རྟ་མགྲིན་སྲུངས་རིག་འཛིན་ངག་དབང་དར་རྒྱས་ཟེར་བའི་དཔའ་བོ་རྣམས་ཀྱང་འབྱུང་ངོ་༔ ཨ་འགྲུབ་དར་པོ་དཀོན་མཆོག་པད་འཕེལ་དབང་དྲག་ཚེ་ལུ་ཟེར་བའི་བདུད་རིགས་རྣམས་ཀྱང་འབྱུང་བར་འགྱུར་རོ༔ ནུབ་ལུང་ཉང་དང་འབྲི་རྣམས་སུ་དཔལ་འཕེལ་མ་ནོར་ལྡན་མ་དཀར་མོ་སྐྱིད་ལག་མགོན་བུ་ཁྲིད་པདྨ་བུ་ཁྲིད་ཚུལ་ཁྲིམས་བཟང་མོ་བསོད་ནམས་དཔལ་མོ་སོགས་ཟེར་བའི་རིགས་བཟང་གི་མཁའ་འགྲོ་རྣམས་ཀྱང་འབྱུང་བར་འགྱུར་རོ༔ དར་མོ་སྐྱིད་དབང་སྒྲོན་མཚོ་ལུ་མ་ལྷ་མོ་བུ་ཁྲིད་ཡིད་འཕྲོག་ལྷ་མོ་མགོན་སྐྱོང་མཚོ་ཟེར་པ་སོགས་མ་རུངས་རྣམས་ཀྱང་འབྱུང་བར་འགྱུར་རོ༔ དེ་བཞིན་དུ་དགོས་པ་བཀྲ་ཤིས་མགོན་མཆོག་ནོར་བུ་བསམ་འཕེལ་དཔལ་བཟང་ནང་སོ་དཔལ་འཕེལ་ཚོང་དཔོན་ཨ་འཕེལ་ལགས་བཟང་སྐྱོང་ནོར་འཕེལ་དར་འཕེན་དབང་ཕྱུག་མགོན་པོ་ཟེར་བ་སོགས་ཀྱི་རིགས་བཟང་གི་དཔའ་བོ་མང་པོ་ཡང་འབྱུང་བར་འགྱུར་རོ༔ དེ་བཞིན་ཀརྨ་ཐབས་མཁས་དཀོན་ཅོག་དབང་པོ་གུ་རུ་ཚེ་དབང་ལྡིང་དཔོན་རྡོ་རྗེ་ནང་སོ་དཔལ་བཟང་བཅུ་དཔོན་པདྨ་བློ་བཟང་ནོར་བུ་སོགས་ཟེར་བའི་བདུད་སྤྲུལ་རྣམས་ཀྱང་འབྱུང་བར་འགྱུར་རོ༔ བསོད་ནམས་མཚོ་དར་སྐྱིད་གཡང་མཚོ་མགོན་མོ་སྐྱོང་མོ་ཚེ་སྐྱིད་ཅེས་བྱ་བའི་བདུད་མོ་རྣམས་ཀྱང་འབྱུང་བར་འགྱུར་རོ༔ ཨ་འཕེལ་ཤི་ལོག་མགོན་པོ་གཡང་འཕེལ་ཚེ་རིང་སྨོན་བཟང་བཟང་འཕེལ་ཚེ་སྲུང་ཟེར་བའི་རིགས་བཟང་གི་དཔའ་བོ་རྣམས་ཀྱང་འབྱུང་བར་འགྱུར་རོ༔ པདྨ་དར་པོ་ནོར་འཕེལ་འཕེན་དར་ཚེ་ལུ་བསམ་འགྲུབ་ཕྱི་གོན་རྟགས་བཟང་འཕེན་ལུ་ཟེར་བའི་བདུད་སྤྲུལ་ཡང་མང་པོ་འོང་༔ དེ་དག་ཐམས་ཅད་རིམ་གྱིས་འབྱུང་ཞིང་ལྷ་དང་འདྲེའི་ངང་ཚུལ་གྱིས་ལེགས་ཉེས་ཀྱི་བྱ་བས་རང་རང་གི་ལས་མཐུན་སྤྱོད་གསུངས་པས་བདག་གིས་ཞུས་པ༔ འོ་ན་གུ་རུ་རིན་པོ་ཆེ་དེ་འདྲའི་སེམས་ཅན་བཟང་ངན་ལས་ལ་སྤྱོད་པའི་བྱེ་བྲག་གསུངས་པ་སྐུ་དྲིན་ཆེ༔ ཞིབ་ཏུ་ཞུ་འདོད་ཀྱང་ཡི་གེར་ཡང་འདེབས་མི་ལང་བ་འདྲ༔ སེམས་ཅན་ཀྱི་ཁམས་འདི་རྒྱ་ཆེ་སངས་རྒྱས་ཀྱི་སྤྲུལ་པ་འདི་གྲངས་མང་བ་ངོ་ཡང་མཚར་ཏེ་དཔྱད་ན་སྐྱོ་བ་རབ་ཏུ་འཕེལ་བ་ཞིག་འདུག་ལགས༔ འོན་ཀྱང་ལྔ་བརྒྱའི་ཡང་མཐའ་ལ་ཁམས་པ་ཉི་མ་གྲགས་པས་ཟབ་ཆོས་ཀྱི་གཏེར་ལ་སྤྱོད་དུས་འགྲོ་བ་དག་དང་མ་དག་ཅི་འདྲ་འབྱུང་ལགས༔ དུས་གསུམ་ཀུན་མཁྱེན་གུ་རུ་རིན་པོ་ཆེ་ཁྱེད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་གསུང་དུ་གསོལ་ཞེས་ཞུས་པས་བཀའ་སྩལ་པ༔ ཨེ་མ་གཏེར་འདི་སྤྱོད་པའི་དུས༔ ནགས་སོག་རལ་གསུམ་སྐྱེ་འགྲོ་རྣམས༔ ཕལ་ཆེར་མ་ལུས་བདུད་སྙིང་ཅན༔ ཁྱད་པར་ར་ན་གདོང་རིང་གི༔ སྤྲུལ་པ་སྐྱབས་ཀྱི་མིང་མཐའ་ཅན༔ དབྱི་མ་བུ་སུམ་མདོའི་ནུབ་ནས་འབྱུང་༔ དུག་གི་ཁ་རླངས་སྦྲུལ་ལྕེ་ཅན༔ འབྲེལ་ཐོགས་ངན་སོང་གསུམ་ན་འཁྲིད༔ སྐྱེ་བ་གསུམ་ལ་ཕྱོགས་དེར་འབྱུང་༔ ཆོས་དང་གང་ཟག་འདི་ལ་གཤེ༔ ཆོས་འདིའི་བདག་པོར་སྙིང་ནས་དམོད༔ དེ་ཚེ་ཡབ་གཞེར་ནག་པོའི་སྤྲུལ༔ སོག་ནས་ཚེ་ཡི་མིང་ཅན་འབྱུང་༔ ཟབ་མོའི་ཆོས་ཀྱི་སེལ་བྱེད་ཅིང་༔ འབྲེལ་ཐོགས་ངན་སོང་གནས་ལ་འཁྲིད༔ དམར་རྒྱན་སྤྲུལ་པའི་བུད་མེད་གསུམ༔ སྒྲོལ་མ་དར་དང་དཀར་གྱི་མིང་༔ ཕྱོགས་དེར་འབྱུང་ནས་གཤེ་ཞིང་འབར༔ ཁ་ལག་འབྲེལ་ཐོགས་དམྱལ་བར་འཁྲིད༔ བདུད་ཐེལ་ནག་པོའི་སྤྲུལ་པ་ཞིག༔ ཨཱ་ཡུའི་མིང་ཅན་རྫོང་ནས་འབྱུང་༔ ཆོས་དང་གང་ཟག་འདི་ལ་གཤེ༔ ལས་ངན་དབང་གིས་འབྲེལ་ཐོགས་ལྟུང་༔ གཞན་ཡང་ཨ་དར་འཕེལ་ལ་སོགས༔ སྡིག་ཅན་བདུད་ཀྱི་སྐྱེས་བུ་གསུམ༔ སྙིང་ལ་བདུད་ཀྱི་ཕོ་བྲང་བཅའ༔ ལོག་སྦྱོར་སྡིག་སེམས་ལྡན་པ་འབྱུང་༔ སྨོན་ལམ་དབང་གིས་འབྲེལ་ཐོགས་ལྟུང་༔ འཕགས་པ་དཀོན་མཆོག་ཀཱ་ཡི་མིང་༔ ལོག་ལམ་འཁྲིད་པའི་བླ་མ་གསུམ༔ ཕྱོགས་འདིར་འབྱུང་ནས་འཚེ་ཞིང་དམོད༔ འབྲེལ་ཐོགས་དང་བཅས་དམྱལ་བར་ལྟུང་༔ གཞན་ཡང་མ་དག་སྐྱེ་འགྲོ་འགས༔ ཆོས་དང་གང་ཟག་འདི་ཉིད་ལ༔ ལས་ངན་དབང་གིས་དམོད་པ་མང་༔ དེ་དག་ནག་པོ་བདུད་ཀྱི་རིགས༔ ངན་སོང་གསུམ་ན་ངེས་པར་འགྲོ༔ ད་ལྟའི་ཞང་བློན་བདུད་རིགས་ཀྱིས༔ སྨོན་ལམ་ངན་པའི་མཚམས་སྦྱོར་ཡིན༔ ཨོ་རྒྱན་ཡི་དམ་པདྨ་ནོར༔ གུ་རུ་རྒྱལ་དང་བཀྲ་ཤིས་ཆོས༔ རིག་འཛིན་མིང་ཅན་དཔའ་བོ་དགུ༔ ཚེ་མཚོ་དཔལ་མཚོ་དཀར་མཚོ་དང་༔ གུ་རུ་ཆོས་སྒྲོན་བསོད་ནམས་དབང་༔ གཅོད་ཀྱི་མིང་ཅན་མཁའ་འགྲོ་དགུ༔ ཕྱོགས་ཕྱོགས་དེ་དག་རྣམས་སུ་འབྱུང་༔ བདུད་སྤྲུལ་རྣམས་ཀྱི་ཁ་གནོན་བྱེད༔ སྦས་པའི་ཚུལ་གྱིས་འགྲོ་བ་འདྲེན༔ ཁྱད་པར་ནག་སོག་ཁྲི་གསུམ་ན༔ མི་ལ་གཅན་གཟན་དུད་འགྲོའི་མིང་༔ ལྷས་སྦྱིན་སྐུ་གསུང་ཐུགས་ཀྱི་སྤྲུལ༔ མཐོང་ཐོས་ངན་འགྲོར་ངེས་པར་འཁྲིད༔ ཚེ་སྐྱིད་སྲུང་འཚོ་ཨ་ལོད་མ༔ མཁའ་འགྲོའི་རྣམ་འཕྲུལ་བུད་མེད་གསུམ༔ རྟེན་འབྲེལ་འགྲིག་ན་ཁ་གནོན་ཐུབ༔ རྟེན་འབྲེལ་ཟབ་མོ་དེ་ལོག་ན༔ མི་ལོ་ལྔ་བཅུ་རྩ་བརྒྱད་ལ༔ ལུང་གསུམ་སད་སེར་དར་ཞིང་རྒོད༔ སྐྱེ་འགྲོ་ཕལ་གྱི་ལོངས་སྤྱོད་རྒུད༔ སྤོ་བོ་འདོང་ཆུའི་ལྷ་ཁང་ལ༔ ཞིག་རལ་གསོ་ཞིང་རབ་གནས་དང་༔ ལྷོ་ཡི་གནས་ཆེན་མ་ཀུང་ལུང་༔ བྱང་གི་གནས་མཆོག་སྲིང་མོ་རྫོང་༔ བོད་ཁམས་སྲིན་མོ་གན་རྐྱལ་འདྲའི༔ ནུ་མ་གཡས་གཡོན་འདི་གཉིས་ལ༔ སྙིང་གཏེར་སྦ་ཞིང་ཀླུ་མཆོད་དང་༔ སྐུ་གསུང་ཐུགས་རྟེན་བཞེངས་དང་མཆོད༔ རབ་གནས་མངའ་གསོལ་བུམ་སྒྲུབ་འཛུགས༔ སད་སེར་ཉུང་དང་ལོངས་སྤྱོད་འཕེལ༔ མདོ་ཁམས་སྤྱི་དང་ཤོད་ལ་ཕན༔ དཀར་ཤོད་མཁའ་འགྲོ་སྐྱོང་གི་མིང་༔ ལུས་འབྲེལ་ཐོགས་ཚད་མཐོ་རིས་འཐོབ༔ ཧོར་ནས་ཌཱ་ཀི་ངག་གི་མིང་༔ འབྲེལ་ཐོགས་ངན་སོང་སྐྱེ་སྒོ་ཁེགས༔ རྒྱལ་ཤོད་མཁའ་འགྲོ་བསོད་ནམས་མིང་༔ མཐོང་ཐོས་བདེ་བ་ཅན་ན་འདྲེན༔ སྨེ་ཤོད་མཁའ་འགྲོ་དཀོན་མཆོག་སྐྱིད༔ དུར་ཤོད་མཁའ་འགྲོ་ཁྱི་ནུ་མ༔ རླུང་ཤོད་མཁའ་འགྲོ་ནོར་འཚོ་མ༔ ལྟ་ཤོད་མཁའ་འགྲོ་རེས་ལོད་མ༔ ཕག་ཤོད་མཁའ་འགྲོ་ཀརྨ་སྒྲོན༔ ཚ་ཤོད་མཁའ་འགྲོ་སྲུང་སྐྱིད་མ༔ གནས་ཤོད་མཁའ་འགྲོ་མཚོ་མོ་དང་༔ སྤགས་ཤོད་མཁའ་འགྲོ་སྔོ་ཡུ་མ༔ གཞན་ཡང་ཤོད་ཆེན་ཤོག་བཅུ་སོགས༔ ལྕམ་མདའ་རྟ་མདའ་ཀ་མདའ་དང་༔ བྱ་མདའ་སེར་མདའ་འབོམ་མདའ་དང་༔ དཀར་ནག་གསེར་སོགས་འདི་དག་ནས༔ བུད་མེད་མཁའ་འགྲོའི་རིགས་གྱུར་པ༔ མང་དུ་འབྱུང་ཞིང་འགྲོ་བ་འདྲེན༔ གཟུགས་དང་ཐབས་ཚུལ་སྣ་ཚོགས་ལ༔ བུད་མེད་མ་ངེས་མང་དུ་འབྱུང་༔ འོན་ཀྱང་འཛམ་གླིང་བོད་ཁམས་འདི་རྣམས་ལ༔ མི་སྲིད་པ་ཡི་སྲིད་པ་སྣ་ཚོགས་འབྱུང་༔ ཆོས་གཟུགས་འཆང་བའི་གཟུགས་བརྙན་བསྟན་པ་འཆར༔ ཆོས་ཀྱིས་གྲོལ་བའི་གང་ཟག་ཉིན་སྐར་འདྲ༔ སློབ་དཔོན་སློབ་མ་ཀུན་ཀྱང་དམ་སེལ་གཡོ༔ ཆོས་སྤྱིའི་བྱིན་རླབས་བཞི་ཟུར་མ་གཏོགས་ཉམས༔ མཁན་སློབ་དགེ་འདུན་ཕལ་ཆེར་དམག་ལས་སྤྱོད༔ བོད་ཀྱི་མཁའ་འགྲོ་འདུ་བའི་གནས་གསུམ་ལ༔ མཚོན་ཁ་གཏོང་ཞིང་དམག་གི་འཁྲུག་རྩོད་བྱེད༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་ཐུགས་ཁྲོས་བྱེད༔ འབྱུང་བཞིའི་གཡོས་དང་ནད་མུག་སད་སེར་མང་༔ མཐའ་དབུས་ཆིག་དྲིལ་ཕྱོགས་ཕྱོགས་ཡོ་ལང་བྱེད༔ གཤིན་གྱི་ཟས་ལ་ཁྲམ་ཁ་གཏོད་པའི་དུས༔ མཁན་པོས་ཆོས་འཆད་བསྐྱུར་ཏེ་གྲོང་ཡུལ་མནར༔ སྐྱེ་བོ་རྣམས་ཀྱི་མནའ་ཆད་ཁྲེལ་གསུམ་འབོར༔ བུད་མེད་མང་པོ་ཧོར་འདྲའི་ཆས་ལ་འཇུག༔ སྡོམ་མེད་བན་བཙུན་ལ་ལུང་མང་བའིི་དུས༔ བེ་རིར་མོ་བཙུན་དམག་དང་སྡེ་ཁྲིམས་ལས༔ བདུད་ཀྱི་སྤྲུལ་པ་ཨོ་རྒྱན་མིང་ཅན་གྱིས༔ གནས་ཆེན་ཙ་རིའི་བྱིན་རླབས་མཐའ་ལ་སྐྱེལ༔ སྨོན་ལམ་ལོག་པར་བཏབ་པའི་སྐྱེས་བུ་བཞི༔ གར་མཁས་ཤེས་རབ་དབང་གི་མཚན་འཚང་བ༔ ཕྱོགས་བཞི་ནས་འབྱུང་མཐོང་ཐོས་ལྟུང་བར་འགྱུར༔ དེ་དག་སྨོན་ལམ་མཐུ་སྟོབ་ཀྱིས༔ མི་སྲིད་སྣ་ཚོགས་ཐན་རིགས་སྲིད༔ ལུས་ཆས་སྣ་ཚོགས་གང་དྲན་སྤྱོད༔ ཆོས་དང་བསྟན་པ་ཡ་མ་ཟུང་༔ དགེ་བསྙེན་ཕལ་ཆེར་དམ་བཅའ་སྟོངས༔ སྲུང་མ་ཕལ་ཆེར་རི་བོར་ཕྱོགས༔ ཡུལ་ལྷ་ཕལ་ཆེར་འདྲེ་རུ་ལྡང་༔ རྒྱ་འདྲེ་འགོང་པོས་རི་ཀླུངས་འཛིན༔ དགེ་བཤེས་སུ་མཐོ་བརྫུན་ཟོག་ཆེ༔ ཤི་འོག་ཕལ་ཆེར་འདྲེ་རུ་སྐྱེ༔ དམ་ཉམས་མང་པོས་བསྲུང་ཁ་འཛིན༔ མི་དཀར་མགོ་ཡི་ཞྭ་ནག་འདྲ༔ ལྷ་བསྲུང་ཐམས་ཅད་རིང་དུ་འགྱུར༔ སྡོམ་ཉམས་མང་པོས་སྔགས་ཆོག་བྱེད༔ མཛེ་ཕོས་རྟ་རོ་བཤས་པ་འདྲ༔ སྐྱོབས་པའི་ལྷ་ལྔ་སྤྲིན་བཞིན་ཡལ༔ ལྟ་ལོག་མང་པོས་ཉམས་ཁྲིད་སྟོན༔ ལོང་བས་ལམ་སྣ་བྱེད་པ་འདྲ༔ ངན་སོང་དུད་འགྲོའི་ས་བོན་འཐོར༔ དམ་སེལ་དུག་ཅན་དབང་ལུང་འབོགས༔ སྨྱོན་པའི་ལག་གིས་གྲི་ཁྱེར་འདྲ༔ ཆོས་བཞིན་སེམས་ཀྱང་ལྟུང་བའི་རྒྱུ༔ ཁྲམ་པ་མང་པོས་མི་དཔོན་བྱེད༔ རི་ཁྱིས་ར་ལུག་བདག་བྱེད་འདྲ༔ དབང་མེད་དལ་མེད་དུཿཁ་ཆེ༔ བདུད་སྤྲུལ་མང་པོས་མཁན་སློབ་བྱེད༔ ཉ་པས་བླ་གོས་བསྒོས་པ་འདྲ༔ ཕྱི་ཚུལ་བཟང་ཡང་ནང་ཚུལ་རུལ༔ ཨེ་མ་དེ་འདྲའི་བསྐལ་པ་ལ༔ སྤྱན་རས་གཟིགས་ཀྱི་སྙིང་རྗེའི་མཐུས༔ ཀླུ་དབང་སྲུང་གི་ལས་འཕྲོའི་མཐའ༔ དུས་དེར་སད་ཅིང་ཆོས་འདི་འཕྲད༔ འགྲོ་དོན་རིམ་བརྒྱུད་ངང་གིས་འཕེལ༔ བསྟན་འཛིན་གཅིག་གིས་ཆོས་འདི་སྤེལ༔ དགེ་བཤེས་གསུམ་གྱིས་དོན་གཉིས་སྤྱོད༔ སྔགས་འཆང་དགུ་ཡིས་དངོས་གྲུབ་འཐོབ༔ བུ་མཆོག་བདུན་གྱིས་ནང་ནོར་བྱེད༔ མཆོག་དང་ཐུན་མོང་དཔལ་ལ་སྤྱོད༔ ཅེས་གསུངས་པ་རྣམས་ཀྱང་བུད་མེད་བདག་གིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁམས་པ་ཉི་མ་གྲགས་པས་ས་ཕོ་རྟ་ལ་ཁམས་སྲིང་མོ་རྫོང་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousམཚོ་རྒྱལ་གྱིས་ཞུས་ལན།next