Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་གཞུང་གི་དོན་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་གཞུང་གི་དོན་བཤད་པ།next

གཉིས་པ་གཞུང་གི་དོན་བཤད་པ།

གཉིས་པ་གཞུང་གི་དོན་བཤད་པ་ལ།

རྩོམ་པ་ལ་འཇུག་པ་ཐོག་མའི་དོན། བརྩམ་པར་བྱ་བ་གཞུང་གི་དོན་གཉིས། དང་པོ་ལ་སྤྱིའི་དོན་དང་དེ་དངོས་འཆད་པ་དང་གཉིས།

དང་པོ་སྤྱིའི་དོན་ནི། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་ཏེ་འདི་ཡང་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དང་པོར་དགོས་པ་བརྗོད་པས་འབྲས་བུ་ཁྱད་པར་ཅན་ཤེས་ནས་དེ་ཐོབ་ཆེད་དུ་ཉན་འཛིན་སོགས་ལ་འབད་པར་འགྱུར་བས་དགོས་འབྲེལ་ངག་གིས་དང་པོར་དགོས་པ་བསྟན་ཏོ། །དེ་ཡང་བསྡུས་དོན་ལས་འགྲུབ་པས་བསྡུས་དོན་ལུས་རྣམ་གཞག་བསྟན་ཏོ། །དེ་ཡང་རྒྱས་བཤད་ལས་རྟོགས་པས་རྒྱས་པར་བཤད་པ་བསྟན་ཏེ། ཚིག་དོན་ལའང༌། དོན་དང་ལྡན་པའི་མིང་གིས་བཤད་པ། ངེས་ཚིག་གིས་བཤད་པ། རྣམ་གྲངས་ཀྱིས་བཤད་པ། ལུང་བསྟན་པའི་རིགས་པས་བཤད་པ། དོན་གྱི་ཤུགས་ཀྱིས་བཤད་པ་ལས། འདིར་དོན་གྱི་ཤུགས་ཀྱིས་བཤད་པ་དང་རྣམ་གྲངས་ཀྱིས་བཤད་པ་གཉིས་གཟུང་ངོ༌། །ཚིག་གི་གོ་རིམ་མི་འགལ་བ་ནི་མཚམས་སྦྱར་ལས་ཤེས་པས་སློབ་དཔོན་གྱིས་གསལ་བར་བསྟན་ཏེ། སྐབས་དང་པོ་ལ་སོ་དྲུག གཉིས་པ་ལ་ཉི་ཤུ། གསུམ་པ་ལ་བཅུ་བཞི། བཞི་བ་ལ་སོ་ལྔ། ལྔ་བ་ལ་ཉེར་བདུན། དྲུག་པ་ལ་གཅིག བདུན་པ་ལ་ལྔ། བརྒྱད་པ་ལ་བཅུ་གསུམ། བར་མ་ལ་གཅིག་བསྡུས་པ་ལ་གཅིག་སྟེ་བརྒྱ་ལྔ་བཅུ་རྩ་གསུམ་སྨོས་སོ་ཞེས་ཆོས་བཤེས་སོ། །འོན་ཀྱང་དེ་ཙམ་མི་སྣང་བས་མཚམས་སྦྱོར་ཐོབ་པ་དེ་ཙམ་ཞིག་ཡོད་པ་ལ་དགོངས་སོ། །ཞེས་བུ་སྟོན་གསུངས་སོ། །རིགས་པ་དང་མི་འགལ་བ་དང་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལས་ཤེས་པས་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་དང༌། རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་སོཊ་ཀྱིས་དངོས་སུ་བསྟན་ཏོ་ཞེས་ཆོས་བཤེས་སོ། །རྣམ་བཤད་རིགས་པར།མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་པ་དེ་དག་ཉ་ཊཱིཀ་གི་གསུངས་པ་ལྟར་བཀོད་པའོ། །གོང་གི་མཚམས་སྦྱར་གྱི་གྲངས་དེ་དག་ནི་ཚིག་ཟིན་དང་དོན་ཐོབ་གང་གི་དབང་དུ་བྱས་ཀྱང་མི་འགྲིགས་པར་གསེར་ཕྲེང་ལས་གསུངས་པ་དོན་ལ་གནས་པར་སྣང་ངོ༌། །ཡང་མཚམས་སྦྱར་དང་བརྒལ་ལན་གཉིས་ཤུགས་ལ་བསྟན་པ་ཡིན་པར་ཐལ། ཉ་ཊཱིཀ་ལས། དེ་ཡང་རྒྱལ་བ་བྱམས་པས། དགོས་བསྡུས་ཚིག་དོན་གསུམ་དངོས་སུ་བསྟན་ཅིང་གཞན་གཉིས་ཤུགས་ཀྱིས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་མི་རིགས་ཏེ། ཚིག་ཟིན་གྱི་མཚམས་སྦྱར་དང༌། ཆོས་བཤེས་ལྟར་རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་སོགས་ཀྱིས་བརྒལ་ལན་དངོས་སུ་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྟུལ་པོ་དད་པའི་རྗེས་འབྲང་གིས་ནི་རྒྱན་གྱི་མཆོད་བརྗོད་ཀྱི་ཚིག་གིས་ཡུམ་གྱི་ཡོན་ཏན་བརྗོད་པ་ཐོས་པ་ལས་ཡུམ་ལ་དང་བ་སྐྱེ་བ་ཡིན་ནོ། །རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་ཡུམ་གྱིས་རང་སྲས་སྐྱེས་བུའི་བཞེད་དོན་སྒྲུབ་ནུས་པར་ལུང་རིགས་ཀྱིས་བརྟགས་དཔྱད་བྱས་ནས་རྒྱན་ལ་འཇུག་གོ །དེ་ཡང་དབང་རྣོན་མཆོད་བརྗོད་ལས་ཡུམ་ལ་དང་བ་སྐྱེ་བའི་རྒྱུ་མཚན་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་ངེས་ནས་ཐ་སྙད་དུ་ཡུམ་གྱིས་འཕགས་བཞིའི་བཞེད་དོན་སྒྲུབ་པར་རྟོགས་པ་ཡིན་ནོ། །བདེན་པའི་སྐྱེ་མེད་སྒྲུབ་ཚུལ་ནི་ཉ་ཊཱིཀ་ལས། བདེན་པའི་སྐྱེ་མེད་དུ་གང་ལས་འགྲུབ་ཅེ་ན། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པའི་སྐྱེ་བ་མེད་དེ། བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དམ་རང་བཞིན་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན། ཞེས་པ་ནས། འཐད་པ་སྒྲུབ་པའི་རིགས་པས་བསྡུས་པ་བདེན་དངོས་དགག་པའི་རྟགས་བཞིའམ་ལྔ་སྟེ། དང་པོ་ངོ་བོ་ལ་དཔྱད་པ་གཅིག་དང་དུ་བྲལ་ནི། དངོས་པོའམ་སྣང་བ་ཆོས་ཅན། དེ་ཁོ་ནར་བདེན་པའི་དངོས་པོར་མེད་དེ། དོན་དམ་པར་བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ ཕྱིར། གཟུགས་བརྙན་བཞིན། ལང་གཤེགས་ལས། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་དང༌། གང་གིས་དངོས་པོ་རྣམས་དཔྱད་ན། །ཞེས་སོགས་དྲང་ངོ༌། །གཉིས་པ་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་ནི། དངོས་པོ་ཆོས་ཅན། དོན་དམ་པར་བདེན་པའི་སྐྱེ་བ་མེད་དེ། དོན་དམ་པར་བདག་ལས། གཞན་ལས། གཉིས་ཀ་ལས། རྒྱུ་མེད་ལས་མི་སྐྱེ་བས་སོ། །རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་པར་འབྲས་བུ་ཡོད་ཟིན་མི་སྐྱེ། མེད་པ་མི་སྐྱེ་བས་སོ། །རིགས་པ་དྲུག་ཅུ་པར། ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པ་ནམ་མཁའི་པད་མ་བཞིན། །ཞེས་སོ། །བཞི་བ་རྟེན་འབྲེལ་གྱི་རྟགས་ནི། ཆོས་ཅན་ཆོས་འདྲ། རྟེན་འབྲེལ་ཡིན་པས་སོ། །སྒྱུ་མ་བཞིན་ནོ། །བློ་གྲོས་རྒྱ་མཚོའི་མདོར། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་སོ། །ལྔ་བ་མུ་བཞི་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་པར་རྒྱུ་དུ་མས་འབྲས་བུ་གཅིག་དང་དུ་མ་མི་བྱེད། དོན་དམ་པར་རྒྱུ་གཅིག་གིས་འབྲས་བུ་གཅིག་དང་དུ་མ་མི་བྱེད་པས་སོ། །བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་པའང་མིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་སོ། །གཏན་ཚིགས་དེ་དག་ལ་དགག་བྱའི་ཁྱད་པར་སྦྱར་དགོས་མི་དགོས་དང་དེ་དག་གི་ཚུལ་སྒྲུབ་ཚུལ་གཞན་ལས་ཤེས་པར་བྱའོ། །མངོན་རྟོགས་རྒྱན་ནི། ཉ་ཊཱིཀ་ལས། མདོ་སྡེ་དྲན་པ་ཉེར་བཞག་སོགས་ཀྱང་ཐེག་དམན་གྱི་ལམ་ཙམ་བསྟན་པས་གཞུང་ཕྱོགས་གཅིག་པ་ཡིན་ནོ། །སྡོང་བོ་བཀོད་པ་སོགས་ཐེག་ཆེན་གྱི་བྱ་བའམ་ཚུལ་དང་འབྲས་བུ་སོགས་གཙོ་བོར་བསྟན་གྱི་ཉན་རང་གི་ལམ་འབྲས་མ་བསྟན་པས་ཕྱོགས་གཅིག་པའོ། །ཡུམ་འདིར་རིགས་ཅན་གསུམ་ཀའི་བསྟན་པ་བསྒྲགས་པས་གཞུང་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། དེས་ན་མཆོད་བརྗོད་གདུལ་བྱ་དབང་རྣོན་ཆོས་ཅན། ངག་དེ་ལས་ཡུམ་ལ་རབ་དང་སྐྱེ་བའི་རྒྱུ་མཚན་ཡོད་དེ། ཡུམ་ཤེར་ཕྱིན་གྱིས་ཆོས་ཀུན་དོན་དམ་པར་སྐྱེ་མེད་དུ་རྟོགས་ཤིང་སྲས་འཕགས་བཞི་བསྐྲུན་པའི་སྒྲུབ་བྱེད་ཡང་དག་མཐོང་བའི་རྒྱུ་མཚན་གྱིས་དེ་སྐྱེ་བས་སོ། །ཞེས་དང༌། གུས་པར་བྱས་པའི་རྗེས་དེ་ནས་ཐོས་པ་དང་སོགས་པ་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པའམ་ཤེས་རབ་སྐྱེ་བའི་རིམ་གྱིས་ཡུམ་ལ་འཇུག་གོ །དེ་ལ་མིང་ལ་དམིགས་པའི་ཤེས་རབ་ནི་ཐོས་པའི་ཤེས་རབ་པོ། །མིང་དོན་གཉིས་ཀ་ལ་དམིགས་པའི་ཤེས་རབ་ནི་བསམ་བྱུང༌། དོན་ཁོ་ན་ལ་དམིགས་པའི་ཤེས་རབ་ནི་སྒོམ་བྱུང་གི་ཤེས་རབ་ཅེས་མཛོད་དུ། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །དབྱིག་གཉེན་ནི་དེ་ལྟ་ན་བསམ་བྱུང་དུ་འདོད་པའི་ཤེས་རབ་དེ་མིང་ལ་དམིགས་ཆ་ནས་ཐོས་བྱུང་དང་དོན་ལ་དམིགས་ཆ་ནས་སྒོམ་བྱུང་དུ་སོང་བས་བསམ་བྱུང་དངོས་མི་རྙེད་པས། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པའི་དང༌། རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པའི་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ལ་རིམ་པ་བཞིན་དུ་བཞེད་དོ། །འདིར་བསམ་བྱུང་གི་རྟེན་རིགས་པ་ནི་རྒྱུས་འབྲས་བུ་བསྐྱེད་པར་བྱ་བ་བྱེད་པའི། འབྲས་བུ་རྒྱུ་ལ་ལྟོས་པ་ལྟོས་པའི། རྟགས་དང་དཔེ་སོགས་ནི་འཐད་པ་སྒྲུབ་པའི། དེ་དག་དེ་ལྟར་ཡིན་གྱི་དེ་ལས་གཞན་དུ་མིན་པ་ཆོས་ཉིད་ཀྱི་རིགས་པ་བཞི་སྟེ་རྒྱས་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་དག་གི་ཚིག་ཟིན་ལ་ཞིབ་ཆ་རེ་དགོས་སོ། །མཆོད་བརྗོད་ཀྱིས་ཡུམ་གྱི་ཡོན་ཏན་བརྗོད་པ་ལས་དང་བ་སྐྱེ། དང་བ་ལས་གུས་པ་སྐྱེ། གུས་པ་ལས་ཡུམ་ལ་ཐོས་སོགས་ཀྱིས་འཇུག ཞུགས་པ་ལས་ལེགས་པའི་མཆོག་བྱང་ཆེན་ཐོབ་པ་ཡིན་ནོ། །


previousགཉིས་པ་གཞུང་གི་དོན་བཤད་པ།next