Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས། ཆོས་དབྱིངས་རྡོ་རྗེ།
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས།ཆོས་དབྱིངས་རྡོ་རྗེ།next

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས།
ཆོས་དབྱིངས་རྡོ་རྗེ།

༁ྃ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཉུང་བསྡུས་བཞུགས༔ འཛད་མེད་རིན་ཆེན་གཏེར་ལ་མངའ་དབང་འབྱོར༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུ་ལ་འདུད༔ སྙིགས་མ་ལྔ་བདོས་དབུལ་ཕོང་སྡུག་བསྔལ་ཚད༔ སེལ་ཐབས་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་བསྟན༔ ས་མ་ཡ༔ ན་མོ༔ བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་བར༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷར་སྐྱབས་སུ་མཆི༔ འགྲོ་ཀུན་དབུལ་ཕོང་སྡུག་བསྔལ་ཀུན་བྲལ་ནས༔ བྱང་ཆུབ་མཆོག་ཐོབ་ཕྱིར་དུ་སེམས་བསྐྱེད་དོ༔ དེ་ནས་བསྐྱེད་ཆོགས་ནི༔ ཨ༔ སྟོང་ཉིད་ངང་ལས་མདུན་གྱི་ནམ་མཁའ་རུ༔ ལྷ་ཀླུ་མི་ཡི་ནོར་བུ་རིན་ཆེན་གྱི༔ ཡོངས་གྲུབ་གཞལ་ཡས་ཞིང་ཁམས་བཀོད་པ་རྫོགས༔ དེ་དབུས་པད་ཉི་ཟླ་སྟེང་རྒྱལ་ཀུན་དངོས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷ་གསེར་གྱི་མདོག༔ ཕྱག་གཡས་མཆོག་སྦྱིན་ནོར་བུ་དགོས་འདོད་འབྱུང་༔ གཡོན་པའི་གཏེར་བུམ་མཉམ་བཞག་ཚུལ་གྱིས་འཛིན༔ ཁྲོ་འཛུམ་སྒེག་ཉམས་དར་དང་རཏྣའི་བརྒྱན༔ རོལ་བའི་སྟབས་བཞུགས་རིགས་བདག་ནམ་མཁའ་མཛོད༔ འཁོར་དུ་ཛཾ་ལྷ་རྣམ་སྲས་ནོར་རྒྱུན་མ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་ཕྱྭ་གཡང་སྡུད༔ འཇའ་འོད་སྤྲིན་དཀར་འཁྲིགས་པའི་ཀློང་དུ་གསལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ སྒོ་གསུམ་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ སྡིག་སྒྲིབ་ཀུན་བཤགས་དགེ་ལ་རྗེས་ཡི་རང་༔ མྱ་ངན་མི་འདའ་བཞུགས་གསོལ་ཆོས་འཁོར་བསྐོར༔ དགེ་རྩ་འགྲོ་རྣམས་བྱང་ཆུབ་ཐོབ་པར་བསྔོ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཐུགས་རྗེ་ཡི༔ ཉམས་ཐག་དབུལ་ཕོངས་གྱུར་བའི་འགྲོ་བ་ལ༔ དགོས་འདོད་ཀུན་འབྱུང་ནོར་གྱི་ཆར་ཕབ་ནས༔ སྣོད་བཅུད་དགེ་ལེགས་དཔལ་འབྱོར་རབ་ཏུ་རྒྱས༔ རྫོགས་ལྡན་དང་པོའི་བསྐལ་བར་སྤྱོད་པར་ཤོག༔ ཅེས་སྙིང་ཐག་པའི་མོས་གུས་དྲག་པོའི་ངང་ནས། འབྱུང་བ་དགྲར་ལང་༴ སོགས་གསོལ་འདེབས་ཅི་འགྲུབ་བཟླ༔ སླར་ཡང་མདུན་གྱི་ཨོ་རྒྱན་གཙོ་འཁོར་རྣམས༔ དགྱེས་བཞིན་འོད་ཞུ་བདག་གནས་ཡོ་བྱད་ཐིམ༔ རང་སེམས་མ་བཅོས་ཨོ་རྒྱན་ནོར་གྱི་བདག༔ མཁའ་འགྲོ་ནོར་ལྷ་གནོད་སྦྱིན་ཐམས་ཅད་ཀྱི༔ སྟོང་གསུམ་ཟས་ནོར་ནོར་བུ་རིན་ཆེན་རིགས༔ མ་ལུས་བསྡུས་ཏེ་བདག་བསྩལ་བསགས་སྲུང་སྤེལ༔ འཛད་མེད་ནམ་འཁའ་མཛོད་ལ་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སྭཱ་ཧཱ། སིདྡྷི་དང་རྟེན་སྙིང་བཟླ༔ མཐར་མི་དམིགས་འཇོག་ཅིང་དགེ་བ་བསྔོ༔ འདི་ལྟར་ཉམས་སུ་སུས་ལེན་རྣམས༔ དབུལ་ཕོང་རྒུད་པ་ཀུན་བྲལ་ནས༔ རིན་ཆེན་གཏེར་ལ་མངའ་དབང་འབྱོར༔ ཨོ་རྒྱན་ང་ལ་མོས་པ་རྣམས༔ ཡིད་གཉིས་བྲལ་བཞིན་གསོལ་བ་ཐོབ༔ དངོས་གྲུབ་འབྱུང་ངོ་བསླུ་མེད་ཚིག༔ རིན་ཆེན་ནོར་བདག་གསུམ་གྱི་བསྲུང་༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་ཟབ༔ གསང་རྒྱ། ཨྠིྀ༔ ཅེས་གསེར་སྟོད་འབྲོང་རིའི་ཉེ་འདབས་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གནས་མཆོག་རི་བཀྲ་སྟག་ཞོན་མགོན་པོ་ཡན་ལག་རུ་རྒྱ་ཤུལ་དཔོན་རྗེ་སེར་སྡེ་ཡོངས་དང་སྤུན་ཟླ་འགྱུར་མེད་རྒྱལ་མཚོས་དར་བཅས་བསྐུལ་ངོར་ཆེན་པོའི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེས་སོ༔


previousཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས།ཆོས་དབྱིངས་རྡོ་རྗེ།next