Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
གསོལ་འདེབས་རིག་འཛིན་གདུང་འབོད་སྐྱོབ་པ་སེང་གེའི་ང་རོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་རིག་འཛིན་གདུང་འབོད་སྐྱོབ་པ་སེང་གེའི་ང་རོ།next

གསོལ་འདེབས་རིག་འཛིན་གདུང་འབོད་སྐྱོབ་པ་སེང་གེའི་ང་རོ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ གསོལ་འདེབས་རིག་འཛིན་གདུང་འབོད་སྐྱོབ་པ་སེང་གེའི་ང་རོ་བཞུགསཿ ཨེ་མ་ཧོཿ བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམཿ བཀའ་བསྲུང་ནོར་ལྷ་གཏེར་བདག་བསྲུང་མའི་ཚོགསཿ ཀུན་འདུས་ངོ་བོ་ཨོ་རྒྱན་རིན་པོ་ཆེཿ མི་མངོན་དབྱིངས་ནས་གནས་འདིར་ད་གཤེགས་ཤིགཿ བཟོད་མེད་གདུང་ཤུགས་དྲག་པོས་ཁྱེད་འབོད་ནཿ གསོལ་འདེབས་ཕྱི་ནང་བར་ཆད་ཞི་བར་ཤོགཿ ལྔ་བདོའི་སྡུག་བསྔལ་སྐྱོབས་མཁན་ཁྱེད་མཁྱེན་ནོཿ ནད་མཚོན་མུ་གེ་འཁྲུག་སློང་ཉེར་འཚེ་བཟློགཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཕྱོགས་བཞི་མཚམས་བརྒྱད་དུས་མཐའི་གཤེད་མ་དང་རྒྱལ་འགོང་དམ་སྲི་མཐུ་བྱད་གཏད་མནན་ཚེ་ཐུང་ནད་མང་སོགས་མདོར་ན་མི་འདོད་པའི་རྐྱེན་དང་བར་ཆད་བསམ་སྦྱོར་ངན་པ་ཐམས་ཅད་དབྱིངས་སུ་ཞི་ནས་འདི་ནས་འཕོས་མ་ཐག་ཏུ་ལྷོ་ནུབ་རྔ་ཡབ་དཔལ་གྱི་རི་བོ་གུ་རུ་པདྨ་འབྱུང་གནས་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག་ཅིགཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ དམུ་རྒོད་སེམས་ཅན་དྭ་བུ་དབང་མེད་ཚེཿ གཟའ་ཀླུ་རྒྱལ་བསེན་མ་མོའི་ནད་སྤྲིན་རླངསཿ གག་ལྷོག་འབྲས་སྲིན་མཛེ་རིགས་གཉན་ནད་ཚཿ ནག་པོ་སུམ་འདྲིལ་གྲུམ་བུ་ཆུ་སེར་ཁྲགཿ ནད་རིགས་མི་འདྲ་དལ་དབུགས་མེ་གྲངས་འགགསཿ སྨྱོ་འབོག་བརྒྱལ་ནད་རིམས་ཡམས་དུ་མ་ལྡངཿ འགོ་བའི་རྒྱུ་ནད་ཁྲག་བཤལ་རིམས་ཡམས་སོགསཿ མཐུ་གཏད་བྱད་མནན་རྦོད་གཏོང་མི་ཁ་ལྡངཿ དགྲ་ཇག་ཆོམ་རྐུན་ས་གཡོ་མེ་དུག་མཚོནཿ ཚེ་ཐུང་ནད་མང་འདྲེ་སྲིན་ཉིན་རྒྱུག་དུསཿ དབང་མེད་སེམས་ཅན་སྐྱབས་མེད་སུ་ལ་རེཿ གསོལ་འདེབས་གདུང་འབོད་སྐྱོབ་པ་སེང་གེ་འདིཿ མཐོང་ཐོས་དྲན་བརྗོད་སྨན་མཆོག་བདུད་རྩི་འདྲཿ གཅིག་ཐུབ་ཡིད་བཞིན་ནོར་བུའི་གདམས་པ་འདིཿ རྗེས་འཇུག་སྐྱེ་འགྲོ་ཕོ་མོ་གང་གིས་ནིཿ བརྒྱ་སྟོང་འབུམ་ཕྲག་དུ་མ་བཟླ་ནུས་ནཿ ཕྱི་ནང་གསང་གསུམ་བར་ཆད་ཞུ་ནས་སུཿ ཕྱི་མ་ང་ཡི་ཞབས་དྲུང་སྐྱེ་བར་འགྱུརཿ མི་བསླུ་ངེས་པ་པདྨའི་ཐ་ཚིག་ཡིནཿ སྐྱབས་གཅིག་བདག་གིས་བཀའ་བཞིན་བསྒྲུབ་པར་གཅེསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་གཏན་གྲོགས་དམ་པ་ཐུབ་བསྟན་གྱིས་ཡང་ཡང་བསྐུལ་ངོར་བསྐལ་པ་མེ་འབྲུག་གི་ལོའི་ཧོར་ཟླ་དང་པོའི་ཚེས་བཅུའི་ཉིནཿ རྒྱལ་མོ་ཚ་རོང་དངུལ་ཆུའི་རྫོང་ནས་མ་དང་མཁའ་འགྲོའི་བྱིན་རླབས་ཀྱི་དྲོད་ཚན་མ་ཡལ་བཞིན་དུ་ཟབ་གསང་དགོངས་པའི་བརྡ་སྒྲོམ་ལས་དག་པར་ཞལ་ཕྱེས་ཏེ་ཕབ་པ་འདིས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཤིངཿ དུས་གསུམ་གྱི་བར་ཆད་ཞི་ནས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་བསྟན་འཛིན་གྱི་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན་ཅིངཿ དགོས་སུ་ཁྱོད་ཀྱི་ཚེ་འདིར་ཆོས་སྲིད་དབྱར་མཚོ་ལྟར་རྒྱས་ཤིང་ཕྱི་མ་ཡང་ལྷོ་ནུབ་རྔ་ཡབ་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་སོགས་གང་རུང་ལ་སྐྱེས་ནས་གཞན་དོན་རྒྱ་ཆེན་པོ་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག་ཅིགཿ དགེའོཿ བཀྲ་ཤིསཿ འདུ་ཤེས་གསུམ་པ་གར་དབང་རྒྱལ་མཆོག་གླིང་པས་ཟབ་གསང་ཌཱཀྐིའི་བརྡ་སྒྲོམ་ལས་དག་པར་ཕབ་པའོཿ བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོག་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགཿ འདི་འདྲའི་སྙིང་ནོར་ཡིད་བཞིན་ནོར་བུ་དེ་ལ་གསོལ་བ་མི་སུས་བཏབ་ན་དུས་ངན་གྱི་གཡོ་འཁྲུགས་སྣ་ཚོགས་བཟློག་པར་གདོན་མི་ཟའོཿ


previousགསོལ་འདེབས་རིག་འཛིན་གདུང་འབོད་སྐྱོབ་པ་སེང་གེའི་ང་རོ།next