མཐར་ཐུག་དོན་གྱི་གདམས་པ་གནད་ཀྱི་མེ་ལོང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
༄༅། །མཐར་ཐུག་དོན་གྱི་གདམས་པ་གནད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀྱི། །ཐུགས་རྗེ་ནུས་པ་ཕྲིན་ལས་གཅིག་བསྡུས་པའི། །དཔལ་ལྡན་བླ་མ་རིགས་བརྒྱའི་ཁྱབ་བདག་མཆོག །ཞབས་ལ་རྣམ་པ་ཀུན་ཏུ་ཕྱག་བགྱིའོ། །ཨེ་མ། སྐལ་ལྡན་གྱི་རྣལ་འབྱོར་པ་གསན་འཚལ། འོ་སྐོལ་རྣམས་ད་ལན་དལ་འབྱོར་གྱི་མི་ལུས་ཕུན་ཚོགས་ནི་ཐོབ། ཐེག་ཆེན་གྱི་བསྟན་པ་རིན་པོ་ཆེ་དང་མཇལ། །དམ་ཆོས་ཚུལ་བཞིན་སྤྱོད་པའི་རང་དབང་ཡོད་པའི་དུས་འདིར་མི་ཚེ་སྟོང་ཟད་དོན་མེད་དུ་མ་སོང་བར་གཏན་གྱི་འདུན་མ་ཡང་དག་པ་ཞིག་མཛད་འཚལ། བསྟན་པའི་རྣམ་གྲངས་ནི་མཐའ་ཡས། ཐེག་པའི་འཇུག་སྒོ་ནི་གྲངས་མང་། བཤད་པའི་ཚིགས་ཚོགས་ནི་རྒྱ་ཆེ། ཡང་དག་དོན་གྱི་སྙིང་པོ་ཉམས་ལེན་ཞིག་མ་ནུས་ན། ཆོས་ཀྱི་གླེགས་བམ་འབུམ་ཕྲག་མང་པོ་བློ་ལ་ཡོད་ཀྱང་འཆི་ཁར་ཕན་ངེས་ནི་དཀའ་ཞིང་། ཐོས་བསམ་ཤེས་བྱའི་ཡོན་ཏན་དཔག་མེད་མཆིས་ཀྱང་། རང་རྒྱུད་ཆོས་དང་མ་མཐུན་ན་ནི་ཉོན་མོངས་པའི་དགྲ་བོ་མི་ཐུལ། ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་ནང་ནས་མ་བསྟུང་ན་སྟོང་ཁམས་རང་དབང་ཡོད་ཀྱང་ཆོག་ཤེས་མི་འབྱུང་། ནམ་འཆི་ཆ་མེད་ཀྱི་སྔ་གྲབས་སུ་མ་བྱས་ན་འཆི་ཁ་དགོས་ངེས་ཀྱི་དོན་ཆེན་མི་འགྲུབ། རང་སྐྱོན་རང་གིས་འདུལ་ཞིང་། དག་སྣང་ཕྱོགས་མེད་དུ་མ་སྦྱངས་ན་ཆགས་སྡང་ཀུན་སློང་ཅན་དེ་ཐེག་ཆེན་གྱི་ཆོས་ཁྱུར་མི་ཚུད། ཁམས་གསུམ་རིག་དྲུག་གི་སེམས་ཅན་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་མེད་པའི་སྒོ་ནས་སྨོན་ལམ་རྣམ་དག་མ་བཏབ་ན་གཞན་ཕན་གྱི་གཏེར་ཁ་མི་འབྱེད། དྲིན་ཆེན་བླ་མ་ལ་སངས་རྒྱས་ལས་ལྷག་པའི་མོས་གུས་མ་བྱས་ན་བྱིན་རླབས་ཀྱི་ཚན་ཁ་མི་འབྱུང་། བྱིན་རླབས་གཤའ་མ་ཞིག་མ་ཞུགས་ན་ཉམས་རྟོགས་ཀྱི་མྱུ་གུ་མི་སྐྱེ། རྟོགས་པ་ནང་ནས་མ་ཤར་ན་ཁ་བཤད་གོ་ཡུལ་སྐམ་པོས་བྱང་ཆུབ་ཀྱི་འབྲས་བུ་མི་ཐོབ། མདོར་ན་རང་རྒྱུད་ཆོས་དང་མ་འདྲེས་ན། ཆོས་པའི་གཟུགས་བརྙན་ཙམ་གྱི་ནི་དགོས་པ་མི་འོང་། ཚེ་སྲོག་འཚོ་བ་ལྷག་སྐྱོབ་ཙམ་ལ་བརྟེན་ཅིང་དགོས་མེད་སོམས། བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་རྩེ་གཅིག་ཏུ་གདབ་པ་དང་། དགེ་སྦྱོར་ཅི་བྱེད་ཐམས་ཅད་ཕ་མ་སེམས་ཅན་གྱི་དོན་དུ་དམིགས། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་བླ་མའི་ཐུགས་རྗེ་བསྒོམ། རང་རིག་རང་ཤར་འཛིན་མེད་ཀྱི་ཀློང་ནས་མ་བཅོས་བཟོ་མེད་ལྷུག་པར་བཞག་རྣམ་རྟོག་གང་སྐྱེས་རང་ངོ་ཤེས་པར་བྱས་ནས་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་གྲོལ། དམིགས་གཏད་མཚན་མའི་བསྒོམ་རྒྱུ་སྤུ་ཙམ་མེད་པར་བྱས་ནས་ཀྱང་། ཐ་མལ་འཁྲུལ་འབྱམས་ཀྱི་དབང་དུ་སྐད་ཅིག་མི་བཏང་བར་སྤྱོད་ལམ་ཀུན་ཏུ་དྲན་པ་ཡེངས་མེད་བྱས་ལ་སྣང་གྲགས་ཚོགས་དྲུག་གང་བྱུང་ཅི་ཤར་ཐམས་ཅད་བདེན་མེད་སྒྱུ་མའི་རྩལ་སྦྱངས་བྱས་པས་བར་དོ་ཉམས་འོག་ཏུ་འཇུག །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་ཅི་བྱས་དམ་པའི་ཆོས་སུ་འགྲོ་བར་བྱས་ལ་དགེ་ཀུན་བྱང་ཆུབ་ཏུ་བསྔོ། དེ་ལྟར་མཛད་ན་བླ་མའི་ཐུགས་དགོངས་རྫོགས་ཤིང་བསྟན་པའི་ཞབས་ཏོག་འགྲུབ། ཕ་མའི་དྲིན་ལན་འཁོར་ཞིང་དོན་གཉིས་ལྷུན་གྲུབ་འབྱོངས་བ་འདི་བཞིན་ཐུགས་ལ་བཞག་པར་ཞུ་ཞིང་བདག་དང་དངོས་སུ་འཕྲད་ཀྱང་གདམས་པ་འདི་ལས་ལྷག་པ་བཤད་རྒྱུ་མེད་པས། དུས་དང་རྣམ་པ་ཀུན་ཏུ་ཐུགས་ཉམས་སུ་བཞེས་འཚལ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་བཟང་པོས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་དགེའོ། །
༈ ཀུན་མཁྱེན་ཆོས་རྗེའི་ཞལ་ནས། ད་ལྟར་གྱི་དྲན་རིག་ཕྱི་ནང་བར་གསུམ་ལ་རྟོག་པ་འདི་དང་པོ་གང་ནས་འོང་། ད་ལྟ་གང་ན་གནས། ཐ་མ་གང་དུ་འགྲོ ཁ་དོག་དང་དབྱིབས་མཚན་ཉིད་ངོས་བཟུང་ཇི་ལྟར་འདུག །ད་ལྟ་ཤར་དུས་ཉིད་ནས་ཕྱི་སྣང་བའི་ཡུལ་ལ་འདུག་གམ། ནང་ཕུང་པོའི་ནང་ན་འདུག་གམ། བར་སྣང་འདི་ལ་གནས་སམ་སྙམ་དུ་བརྟགས་ཤིང་། ཕྱི་སྣང་བ་དང་། ནང་གི་ལུས་འདི་སོ་སོར་ཕྱེ་ཞིང་གཞིག་པས་གང་དུའང་མ་གྲུབ་པ་དེ་ཚེ། རང་བཞིན་བཅུའི་དོན་ཡང་གྲུབ་པ་ཉིད་དུ་ལ་བཟླ་བར་བྱ་སྟེ། ཞེས་སོ། །ཡང་། དེ་ཡང་སྣང་སེམས་ཐམས་ཅད་ཡེ་ནས་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་མཉམ་པའི་རྒྱལ་པོ་ཡིན་པས། བཅོས་བསླད་དང་རེ་དོགས་མེད་པར་རང་བཞག་ཆེན་པོའི་ངང་ལ་ཀློད་ཅིག །འདི་ཉིད་མི་རྟོག་ཆོས་སྐུའི་དགོངས་པ་ཡིན་ཏེ། ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུའི་ཡེ་ནས་དག་པའི་ངང་ལ་སྒོ་གསུམ་རྩོལ་བྲལ་མཉམ་པ་ཉིད་དུ་ཞོག་ཅིག །སྣང་ཡུལ་ཅི་སྣང་ཡང་དེ་ལ་འཛིན་ཞེན་མེད་པ་དེ་ཉིད་ཀྱི་སྟེང་དུ་ཅེར་གྱི་ལྟོས་ལ་ཕྱམ་གྱིས་ཞོག་དང་། རྟོག་དང་སྣང་བ་ཙམ་དུ་ཡང་འཛིན་པ་མེད་པའི་ངང་དྭངས་སྤྲོས་པ་དང་འབྲལ་བ་འཆར་པ་ནི་སེམས་ཉིད་ཡེ་གྲོལ་ཀུན་བྱེད་ཀྱི་དགོངས་པ་ཡིན་ཏེ། ཞེས་སོགས་གསུངས། ཡང་། རང་གསལ་བཅོས་བསླད་མེད་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེའི་ངང་ལ་རྟོག་པ་ཅི་ཤར་ཡང་དེ་ཉིད་ལ་ཅེར་གྱིས་བལྟས་ཏེ་དེའི་སྟེང་དུ་བཞག་པས། རྟོག་པ་དེ་ཉིད་མ་སྤངས་རང་སར་གྲོལ་ཏེ་སྔ་མའི་ནང་དུ་རྣལ་བཞག་གཅིག་ཏུ་གནས་པ་ནི། བྱུང་ཚོར་ཆུ་ཡི་རི་མོ་བཞིན་དུ་རང་སར་གྲོལ་བ་སྟེ། ཞེས་གསུང་སོ། །ཡང་། དེ་ནས་ས་ཆུ་མེ་རླུང་ནམ་མཁའི་ངང་ལ་རིམ་གྱིས་བལྟར་བཅུག་ལ། འབྱུང་བ་དེ་དག་ནི་རང་བཞིན་གྱིས་རྟོག་པ་མེད་པའི་ངོ་བོ་ལ་དེ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། རང་སེམས་སྟོན་པར་འབྱུང་བའི་ལེའུ་ལས། བྱང་ཆུབ་སེམས་ཀྱི་སྟོན་པ་ལྔ། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ། །སྟོན་པ་པ་ཡི་སྐུར་བྱུངས་ནས། །ཚིག་དང་ཡི་གེ་མི་སྟོན་དེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་ངོ་བོ་སྟོན། །ཞེས་སོགས་གསུངས། འདི་ལྟར་སྣང་བ་སྟོང་བར་ངོ་སྤྲད་པ་ཡིན་གྱི་ཕྱིན་ཆད་གང་སྣང་གི་སྟེང་དུ་དེར་འཛིན་ལ་ཞུགས་པས་བཅོས་བསླད་མེད་པར་རང་གྲོལ་དུ་ངོ་ཤེས་པར་གྱིས་ཤིག་ཅེས་སོས་དལ་ལ་རི་ལ་སོགས་པའི་ས་དང་། ཆུ་དང་། མར་མེ་ལ་སོགས་པའི་མེ་དང་། རླུང་དང་ནམ་མཁའ་རེ་རེ་བཞིན་ངོ་སྤྲད་དེ། དེས་ནི་སྣང་སྲིད་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྒོམ་པའི་རྣལ་བཞག་ཆེན་པོར་འཆར་བའི་དགོས་པ་ཡོད་དོ། །ཞེས་སོ། །ཡང་། གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་ཅི་སྣང་ཡང་སྣང་བ་དེ་ཉིད་ཆོས་ཅན་གྱི་ངོས་ནས་རྨི་ལམ་སྒྱུ་མ་ལྟར་སྣང་སྟོང་། གྲགས་སྟོང་། དྲི་སྟོང་། རོ་སྟོང་། རེག་སྟོང་། བདེན་མེད་ཀྱི་སྣང་བ་འལ་འོལ་སང་སེང་ཁྲལ་ཁྲོལ་དུ་སྤྱད་ཅིང་། ཆོས་ཉིད་ཀྱི་ངང་ནས་རང་སེམས་སྟོང་བ་གསུང་བའི་ལེའུ་ལྟར། སྣང་ཐོག་དེ་ཉིད་དུ་ཆེར་བལྟས། ཕྱམ་བཞག་པས་དེར་འཛིན་གང་ཡང་མེད་པར་ཤེས་པ་གཉིས་མེད་རང་གྲོལ་དུ་འཆར་རོ། །དེ་ལྟ་བུའི་སྤྱོད་པས་སྣང་བ་ཆོས་ཉིད་ཀྱི་རྒྱན་དུ་བྱེད་པས་འདོད་ཡོན་དབྱངས་ཀྱི་རྒྱན་ཞེས་བྱའོ། །ཞེས་གསུངས་སོ། །ཡང་། གཟུགས་སྣང་། སྒྲ་སྣང་། དྲན་རིག་ཡིད་ཀྱི་རྟོག་པ་ཐམས་ཅད་སྣང་དུས་ཉིད་ནས་མ་སྐྱེས་པའི་དཀྱིལ་འཁོར་གསུམ་དུ་གནས་པའི་ཕྱིར། དེ་ཐོག་ཏུ་རྟོག་དཔྱོད་གང་ཡང་མེད་པར་རང་བབ་གཉིས་མེད་ཆེན་པོར་སྤྱོད། དེས་ནི་སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་པས་དགག་སྒྲུབ་སྤང་གཉེན་རང་སར་གྲོལ་བའི་དགོས་པ་ཡོད་དོ། །
༈ ཀུན་མཁྱེན་ཆོས་རྗེས། མདོར་དྲིལ་ན་ཡུལ་ཇི་ལྟར་སྣང་ཡང་སེམས་ཀྱིས་དེ་ལྟར་མ་འཛིན། ད་ལྟར་གྱི་ཤེས་པ་ཤར་གནས་གང་ཡིན་གྱི་སྟེང་དུ་བཅས་བཅོས་དང་སྤང་གཉེན་མེད་པར་ཞོག་དང་། གང་སྣང་ཆོས་ཉིད་ཀྱི་ཡོ་ལང་དུ་འགྱུར་རོ། །ཞེས་གསུངས། ཡང་ཆོས་རྗེས། བློན་གྱིས། ད་ལྟའི་ཤེས་པ་སོ་མ་ལ། །སྒོམ་ཡང་མ་སྒོམ་སོ་མར་ཞོག །ལྟ་ཡང་མ་བལྟ་སོ་མར་ཞོག །འཛིན་ཡང་མ་འཛིན་སོ་མར་ཞོག །སྤྲོ་ཡང་མ་སྤྲོ་སོ་མར་ཞོག །བསྡུ་ཡང་མ་བསྡུ་སོ་མར་ཞོག །ཡེངས་ཀྱང་མ་ཡེངས་སོ་མར་ཞོག །གང་ཤར་རང་བཞག་སོ་མ་ལ། །ངང་དྭངས་རྒྱ་མཚོའི་དྭངས་བ་འདྲ། །བདེ་གསལ་མི་རྟོག་ལྷུན་གྱིས་གྲུབ། །ཅེས་གསུངས་བས། རྟོག་པ་གང་ཤར་འགྱུ་དྲན་སོ་མ་ད་ལྟའི་ཤེས་པ་ཐོལ་སྐྱེས་འདིའི་སྟེང་དུ་སོ་མར་ཀློད་ལ། དྲན་བསམ་སྔ་ཕྱིའི་སྐྱེལ་བསུ་མ་བྱེད་པར་རང་བབ་ལྷུན་འགྲུབ་ཆེན་པོར་ཞོག་དང་། འགྱུ་བ་དང་གྲོལ་བ་དུས་མཉམ་པས་ལྷག་མཐོང་ཤར་གྲོལ་གྱི་ལྟ་བ་རྒྱ་ཡན་ཆེན་པོ་ཡིན། ཞེས་གསུངས་སོ། །
༈ ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས། ད་ལྟར་གྱི་ཤེས་པ་གང་ཤར་སོ་མ་ལ་བཅོས་བསླད་ཀྱི་བཟོ་མ་བྱེད་པར་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག །ལྷོད་ཀྱིས་ཀློད་ལ་གང་བདེར་ཞོག །ཤར་བ་ངོས་བཟུང་ལ་ངང་དྭངས་སོ་མར་ཞོག །འཛིན་མེད་རང་བབས་སུ་མཐོང་ལ་རང་གྲོལ་ཞེན་མེད་དུ་ཞོག །ཅེས་སོ། །
༈ ཡང་ཆོས་རྗེའི་ཞལ་ནས། ད་ལྟའི་ཤེས་པ་འདི་ཉིད་ལ་འདི་ཡིན་གྱི་དམིགས་གཏད་མ་འཛིན་པར་རིག་པ་ཁོ་རང་གིས་རང་གྲོལ་བྱུང་བ་དང་ཞིག་པ་དུས་མཉམ་ཞིག་དུས་བཅོས་བསླད་མེད་པའི་ངང་ལ་ཕྱི་མའི་རིག་པ་མ་ཤར་གྱི་བར་ལ་ཞོག །ཤར་དུས་ངོས་བཟུང་མེད་པའི་རིག་པ་འཕྲོ་མ་མཐུད། ཡན་ཐབས་སུ་ཞོག །ཡངས་ཐབས་སུ་སྐྱོང་། འཛིན་མེད་དུ་ཐོང་། སྣོད་ཞབས་རྡོལ་དུ་རྫས་བཅུག་པ་ལྟར། རིག་པ་ཟང་ཐལ་སྐད་ཅིག་མར་རང་གྲོལ་རྩལ་གྲོལ་འདི་ཡིན་གཟའ་གཏད་མེད་པའི་ངང་ལ་གོམས་པར་མཛོད། ཅེས་སོགས་གསུངས་སོ། །འདི་རྣམས་རྫོགས་པ་ཆེན་པོ་རང་གྲོལ་སྐོར་གསུམ་ལས་སོ། །
༈ ཀུན་མཁྱེན་ཆོས་རྗེས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་གང་ལའང་མི་རྟོག་ཅིང་ཅི་ལའང་མི་འཛིན་ཡུལ་སྣང་ཐོག་ཏུ་བློ་མ་ཟུང་བའི་རིག་པ་ས་ལེ་སང་ངེ་ཝལ་ལེ་བའི་ངང་ལ་མཉམ་པར་བཞག་པ་ནི་འོད་གསལ་གསལ་བའི་དོན་ལ་འཇོག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་འཛིན་ཅིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལགས། །ཧེ་རུ་ཀ་གལ་པོ་ལས། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །ཞེས་སོ། །ཡང་ཆོས་རྗེས། དེ་ལྟར་མཉམ་པར་འཇོག་པ་ལ་དྭངས་སྙིགས་ཕྱེད་པའི་བོགས་འབྱིན་དུ་ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་ཕྱོགས་སར་འདུག་སྟེ། མིག་ནམ་མཁའི་དཀྱིལ་ལམ་ངོས་དེར་བལྟས་པས་ཤེས་པ་དྭངས་ལ་རྟོག་མེད་འབྱུང་ངོ་། །དེའི་སེམས་འགགས་པ་པས་ཕྱི་རོལ་སྣང་ཡུལ་དངོས་པོ་ངོས་བཟུང་དུ་འཛིན་པ་དང་ནང་སེམས་དངོས་པོ་ངོས་བཟུང་དུ་འཛིན་པ་གཉིས་དམིགས་པ་མེད་པས་དངོས་པོ་དང་དངོས་པོ་མེད་པ་ལ་མི་རྟོག་པ་ན། དེ་གཉིས་ལས་གཞན་དུ་འཛིན་པའི་ཕུང་པོ་གསུམ་པ་དམིགས་པ་མེད་པ་ཞི་བ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་སོགས། དོ་ཧ་ལས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །ཅེས་དང་། ཏོག་ཙེ་བས། སེམས་ཀྱི་བསྒོམ་པ་སྒོམ་མ་ཡིན། །མི་བསྒོམ་པའང་སྒོམ་པ་མིན། །སྒོམ་དང་མི་སྒོམ་ལས་འདས་པ། །ཡིད་ལས་མེད་དོ་ཕྱག་རྒྱ་ཆེ། །མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །ཞེས་སོ། །དེའི་ཚེ་སེམས་འགགས་པའི་དོན་རིག་པ་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་སྟེ། སེམས་འགགས་པ་སྟེ་སྐུ་ཡིས་མངོན་སུམ་མཛད། ཅེས་པའི་ཟུར་ཅིག་ཡིན་ནོ། །
༈ ཡང་ཆོས་རྗེས། འཛིན་མེད་གླང་ཆེན་ཐང་ལ་ཡན་པ་ནི། །རང་གྲོལ་འགྲོས་ཅན་གཉིས་མེད་དྲྭ་བས་མཛེས། །བླང་དོར་རེ་དོགས་འདམ་བུའི་ཚལ་འཇོམས་ཤིང་། །རྟོགས་པའི་སྟོབས་འཆིང་གཉིས་མེད་རྒྱ་མཚོར་འཇུག །ཞེས་སོ། །
༈ ཀུན་བཟང་གདོད་མའི་མགོན་པོ་ཀློང་ཆེན་པས། འདི་ཞེས་ངོས་བཟུང་ཡོད་ན་ལྟ་བ་མིན། །སྣ་ཚོགས་སྤྲོས་པའི་གཟེབ་ཡིན་དགོས་པ་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལས། ཡངས་དོགས་མཐོ་དམན་མེད་ཀྱིས་ཞེན་འཛིན་མཐོང་། །འདི་ཡན་གཟའ་གཏད་བྲལ་བའི་སྣང་སེམས་ལ། །སྤང་གཉེན་བཅོས་བསྒྱུར་མ་བྱེད་གང་བབ་ཞོག །
༈ ཡང་། སྲིད་ཞི་གཉིས་མེད་རིག་པ་ཟང་ཁ་མ། །རང་ངོ་ཤེས་པ་གཞི་རྩ་དངོས་པོ་མེད། །ཅེས་སོ། །ཡང་། གང་ཤར་རིག་པ་དེར་འཛིན་མེད་པའི་ངང་། །ཆེར་གྱིས་བལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་རང་གྲོལ་བདེ་གསལ་མི་རྟོག་འཆར། །
༈ ཡང་ཆོས་རྗེས། སྣ་ཚོགས་འཕྲོ་བས་སྣང་བས་ཐབས་ཡིན་ལ། །གྲོལ་བས་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །
༈ ཀུན་མཁྱེན་ཆོས་རྗེས། ཤར་གྲོལ་རིག་པ་སྣ་མེད་ཡན་པ་ལ། །སྤང་གཉེན་ཞེན་པའི་ཐག་པས་མ་འཆིང་བར། །རླབས་ཆེན་རྫོགས་པའི་ལྟ་བ་ཁ་ཡན་སྐྱོད། །རྩལ་ཆེན་རྫོགས་པའི་སྣང་སྲིད་ཆོས་སྐུར་འཆར། །ཡུལ་དྲུག་མ་འགགས་སྣང་མཁན་ངོ་བོས་སྟོང་། །མཐའ་བྲལ་སེམས་ཉིད་གཏད་མེད་གྲོལ་བ་ན། །འཁོར་འདས་གཉིས་མེད་རིག་པ་གཞི་ཐོག་ཕྱིན། །མཆོག་གི་དངོས་གྲུབ་བརྙེས་ཞེས་དེ་ལ་བྱ། །ཞེས་དང་། ཡང་། ཨེ་མ་ཕྱུག་དང་བྲལ་བའི་བསམ་གཏན་པ། །འདུ་ཤེས་བཀག་ནས་རྟོག་མེད་གནས་པ་ལ། །གནས་ལུགས་ཉིད་ཅེས་མངོན་པའི་ང་རྒྱལ་འཛིན། །དེ་ཉིད་གོམས་པས་དུད་འགྲོའི་སར་འཕེན་ཞིང་། །ཞེས་སོ། །
༈ ཡང་ཆོས་རྗེས། སེམས་ཉིད་དོན་གྱི་རྟོག་པ་ཤར་ཁ་ན། །ཆུ་དང་རླབས་བཞིན་འཕྲོ་ནས་ཆོས་སྐུའི་ངང་། །གང་ལྟར་བྱུང་ཡང་དགག་སྒྲུབ་མི་དགོས་པས། །དུས་རྣམས་ཀུན་ཏུ་དགག་སྒྲུབ་བྱ་མི་དགོས། །