ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་འཆི་བ་བསླུ་བའི་ཆོ་ག་བྱ་ཐབས་བལྟས་ཆོག་ཏུ་བཀོད་པ།
ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་འཆི་བ་བསླུ་བའི་ཆོ་ག་བྱ་ཐབས་བལྟས་ཆོག་ཏུ་བཀོད་པ་ཡོད།
ན་མོ་ཨཱ་ཡུཛྙཱ་ན་ཡེ། ཚེ་དཔག་མེད་ལྷ་དགུའི་འཆི་བསླུ་བྱ་ཐབས་ནི་གཞི་ཡི་སྟེང་དུ་དཀྱིལ་ཐང་བཏིང་། བུམ་པ་བཅུའམ་དྲུག་གམ་གཉིས་བཤམས་མཆོད་པ་སྐོར་བཤམས་དང་། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞིའི་གཏོར་མ་དཀར་གཏོར་བཞི་ལ། ཤར་དུ་འོ་མར་ཆན་བླུགས་པ། ལྷོར་ཉ་ཤ་ལ་ཕུག་ཤ་དང་བཅོས་པ་ཆོས་སྐྱོང་སྤྱི་གཏོར་གཅིག །ནུབ་ཏུ་ཁྲག་དང་ཤ་རྗེན། བྱང་དུ་ཆང་དང་ཤིང་ཐོག་སྣ་ཚོགས་བླུགས་པ་དང་། ཟུར་མིག་ཏུ་ཚེ་དཔག་མེད་ལ་འབུལ་རྒྱུའི་ཟླུམ་གཏོར་རྒྱན་ལེགས་པ་གཅིག །མདུན་ནམ་གང་བདེར་ཆ་གསུམ། །སྡེར་གཅིག་ཏུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ཌ་རུ་འདྲ་བ་ལ། དཀར་པོའི་ངོས་ལ་རས་དཀར་གྱིས་མེ་རུ་ལྔ་དང་། ནག་པོའི་ངོས་ལ་མེ་རུ་ནག་པོ་ལྔ་བཙུགས་པ་མི་གྲངས་སམ་གཅིག །ཡོད་
ན་ལྷོར་ཚེ་མདོ། བྱང་དུ་འཆི་མེད་རྔ་སྒྲའི་གཟུངས། ནུབ་ཏུ་ཚེ་དཔག་མེད་ཀྱི་སྐུ་རྣམས་ཁྲི་གདན་མཐོ་བ་ལ་བཤམས། ༈ འབྲིང་ཏིང་ནང་དུ་ནས་བླུགས་པའི་སྟེང་དུ། བྱང་དུ་རྔ་སྒྲའི་གཟུངས་ལྷོར་ཚེ་གཟུངས་གཉིས་ཀྱི་གླེགས་བམ་བཞག ༈ །བསྡུ་ན་གཟུངས་གཉིས་ཀྱི་གླེགས་བུ་དཀྱིལ་འཁོར་གྱི་བྱང་དུ་མཉྫིའི་སྟེང་དུ་བཞུགས། རབ་ཏུ་དར་དམར་ལ་ཚེ་གཟུངས་དང་གཤིན་རྗེ་དང་བདུད་རྩི་འཁྱིལ་བའི་གཟུངས་རིང་གསུམ་པོ་གང་རུང་བྲིས་པའི་མཇུག་ཏུ་འཆང་བ་པོ་ལ་སྲུངས་ཤིག་རཀྵ་བཏགས་པའམ་གསུམ་ཀ་བྲིས། བསྡུ་ན་ཚེ་གཟུངས་དང་ཡང་སྙིང་གསུམ་གང་རུང་གིས་ཆོག་གསུངས་ཏེ། ཚེ་གཟུངས་རང་གི་རྒྱུད་ནས་ཚེ་གཟུངས་བཏགས་པར་བཤད་པ་ཤིན་ཏུ་ལེགས་ཏེ། དེ་ཡང་ཕྲེང་གཅིག་བྱའོ། །དེ་རྣམས་གང་འཛོམས་སྙུག་མ་ལ་
བཏགས་ནས་དཀྱིལ་འཁོར་ནུབ་ཏུ་བཅུག་གམ། སྣོད་འབྲུས་བཀང་བའི་སྟེང་དུ་བཞག་།བསྒྲུབ་བྱའི་གོས་དུམ་རྙིང་པ་གླུད་གོས་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ། དཀྱིལ་འཁོར་གྱི་དབུས་སུ་ཀུ་ཤའི་གདན་ལ་བཞག །བདུད་རྩི་འཁྱིལ་པའམ་རྟ་མགྲིན་གྱི་སྔགས་བཏབ་པའི་ཆུས་བསྒྲུབ་བྱ་ཁྲུས་བྱས་པའི་ཁྲུས་ཆུས་ཕྱེད་ཁམ་ཕོར་རམ་མ་རྙེད་ན་ཕོར་པ་སྔར་མ་སྤྱད་པ་གཅིག་ཏུ་དཀྱིལ་འཁོར་གྱི་ཤར་དུ་བཞག །རྙེད་ན་དེར་དུག་སྣ་བཏབ། འོ་མ་བླུགས་ཁྲུས་ཆུའི་ཕྱེད་དང་། ས་ནག་མཆོད་རྟེན་རྙིང་པའི་ས་ཚིག་ནག་ཕྱེ་མ། རྫས་ཐལ་ལམ་རོ་ཐལ། མཆོད་རྟེན་ས་མེད་ན་ཚ་ཚ་རྙིང་པའི་ས། དེ་རྣམས་བསྲེས་པའི་འཇིམ་པ་ལ། གཤིན་རྗེ་མ་ཧེའི་མགོ་ཅན། གཡས་ཐོད་དབྱུག་དཀར་པོ་དང་གཡོན་ཞགས་པ་ནག་པོ་ཅན། སྐེད་པ་འདོར་ཐབས་ཅན་མཐོ་གང་ངམ་གྲུ་གང་ཡན་ཆད་ནག་པོ་འཇིགས་ཚུལ་ཅན་བཅས་ལ། མགོ་བཀུག་སྟེ་ཁ་སྦུག་ཚུལ་དགུ་བར་བྱས་ཏེ། རེ་བ་ནག་པོའི་གདན་སླ་ངའི་ནང་དུ་མགོ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བསྟན་པའི་ཚུལ་དུ་བཞག །དར་རས་ནག་པོས་གདོང་བཀབ། དེ་ཡི་མདུན་དུ་གཞི་ནག་པོ་བཏིང་བར། མེ་ཏོག་ནག་པོ་རྙེད་ན་རབ། མེད་ན་སྲན་མ་དང་ནས་སོགས་འབྲུ་སྣ་ཚོགས་གོས་དར་རས་མོ་སྣ་ཚོགས། ཤ་སོགས་ཟས་སྣ་ཚོགས་དང་མར་ཐུད་གྲོ་ཐུད་སོགས་སྡར་གྱི་རྣམ་གྲངས། ཡུང་ངམ་ཟན་ལ་དཀར་པོ་སེར་པོ་དངུལ་དོམ་མཁྲིས་མང་པོ་བཟོས་པ་ལ་གསེར་སྐྱེམས་བདར། ཟངས་ལྕགས་དངུལ་རྡོ་སོགས་གཡུ་དུང་བྱི་རུ་སོགས་རིན་པོ་ཆེ་ཅི་འཛོམས། ཟན་
དུམ་མཐེབ་སྐྱུ་ཏིང་ལོ་ཡ་ཟུང་གཙང་མ། ཚ་ཇ་སིལ་ཆུང་བ་སོགས་ནོར་རྫས་གང་འཛོམས་མང་བར་སྤུངས། དེ་རྣམས་འཇལ་བའི་བྲེ་ཕུལ་འབོ། སྲང་ཉ་ག་གཤིན་རྗེའི་རྒྱ་མ་དཀྱིལ་དུ་ལུང་དང་སྣེ་གཉིས་རྒྱ་ཐེབ་ཅན་རྣམས། ལྐོག་དང་གྲོ་ཤོག་སོགས་ལ་བཟོས་ཏེ་གཞི་ཐོག་དེར་བཞག །གཤིན་རྗེའི་མདུན་དུ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་གཅིག་ཀྱང་བཤམས། རྔ་སྒྲའི་གཟུངས་ཀྱི་དཔེ་དང་ཉའི་ཤ་རུས་ཡང་ཚགས་བྱས། ༈ དེ་ནས་ཆོ་ག་བདག་མདུན་བུམ་གསུམ་བདག་འཇུག་རྒྱས་བསྡུས་གང་རུང་བླངས། བདག་འཇུག་ལུང་མེད་ན་ཏིང་ངེ་འཛིན་གྱིས་དབང་བླངས་བུམ་ཆུ་བཏུང་ངོ་། །གཏོར་མ་རྣམས་གོང་དུ་མི་བར་བཞག །བསྙེན་པ་སྐབས་དར་དམར་སྔགས་བྲིས་པ་དེ་སྔགས་ལ་རབ་གནས་བྱའོ། །དེ་བསྒྲུབ་བྱ་ཡོན་བདག་གི་ནད་པ་མདུན་དུ་སྟན་ཀོམ་སྟན་སོགས་ནག་པོ་གཅིག་ལ་བཞག་ལ། མཎྜལ་ཕུལ། དེ་ནས་ཚེ་དཔག་མེད་ཀྱི་གཏོར་མ་ཡེ་ཤེས་ཀྱི་ཆོས་སྐྱོང་སྤྱིའི་གཏོར་མ་གཉིས་འོ་མ་སོགས་ཀྱིས་བྲན་ལ་བསངས་སྦྱངས། ཧཱུྃ་ལས་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེའི་སྣོད་དུ་ནི། །ཁཾ་ལས་ལྷ་རྫས་ལས་གྲུབ་པའི། །གཏོར་མ་འདོད་ཡོན་ཕུན་ཚོགས་གྱུར། །ཨོཾ་ཨ་ཀཱ་རོ་སོགས། ཚེ་དཔག་མེད་པ་ལྷ་དགུ་ཡི། །དཀྱིལ་འཁོར་མདུན་དུ་གསལ་བར་གྱུར། །ཏདྱ་ཐཱ་ཨཱི་ཨ་པ་ར་མི་ཏ་ཨ་ཡུརྫུ་ན་ཧཱིཧཱུྃ་ཧཱུྃ་སྭཱ་ཧཱ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མི་ཁེ་བྷུ་
སརྦ་ཐ་ཁཾ་ཨུཏྟག་ཏེ་སྥ་ར་ཎ་ཨི་མཾ་ག་ག་སྭཱ་ཧཱ། ལན་གསུམ། ལྷ་ཐམས་ཅད་ཀྱི་ཞལ་ནས་འོད་ཀྱི་སྤུ་གུ་བྱུང་སྟེ་གསོལ་བར་གྱུར། ཨརྒྷཾ་སོགས། ཆོས་དབྱིངས་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་ཞི་མཛད་པའི། །སངས་རྒྱས་ཚེ་དཔག་ལ་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་ཇི་བཞིན་ཚིམ་མཛད་པར། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེ་ཆགས་པའི་ཚུལ་སྟོན་པ། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་དོན་རྣམས་མ་ལུས་པ། །སྐད་ཅིག་གིས་ནི་རྫོགས་པའི་དཔལ། །བསམ་ཀུན་འཕེལ་མཛད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བ་སྐྱོབས་མཛད་དཔའ་བོ་ཆེ། །ཀུན་གཟིགས་ཚེ་དཔག་
མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཕྱོགས་བཅོམ་པ། །སྟོན་པ་དྲི་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་མེད་། ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པ། །ཡོན་ཏན་མང་པོའི་མཛོད་འཛིན་ཅིང་། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་ཀུན་འཇོམས་པ། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། རྡོ་རྗེ་ཚེ་དཔག་མེད། རིན་ཆེན་ཚེ་དཔག་མེད། པདྨ་ཚེ་དཔག་མེད། ལས་ཀྱི་ཚེ་དཔག་མེད། ཀུན་གཟིགས་ཚེ་དཔག་མེད། ཡོན་ཏན་ཚེ་དཔག་མེད། ཡེ་ཤེས་ཚེ་དཔག་མེད། མི་གཡོ་ཚེ་དཔག་མེད། ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ལགས་པས། བསྲུང་བྱ་འདི་རྣམས་འདི་ཉིད་དུས་དང་དུས་མ་ཡིན་པའི་འཆི་བ་ལས་སྐྱོབས་ནས། ཚེ་
དང་བསོད་ནམས་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཐལ་མོ་སྦྱར་ལ། མགོ་བོ་འདུད་ཚུལ་བྱའོ། །དེ་ནས་ཆོས་སྐྱོང་སྤྱི་གཏོར་བྲན་ལ་བྱིན་རླབས་སྔོན་དེས་ཆོག །ཧཱུྃ། མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་དུས་ལྔ་ཡི་དུས། །གཤེགས་ཤིང་གཟིགས་པའི་གནས་ངན་ཡང་། །འདྲེན་པའི་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་གདག་ཕྱིར། །དམ་ཚིག་ཅན་ལ་རྗེས་བརྩེ་བས། །ནག་པོ་ཡབ་ཡུམ་འཁོར་བཅས་རྣམས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝ་ར་ཨེ་རྒྱ་ཧི་བཛྲ་ས་མ་ཡ་ཛཿ པདྨ་ཀཱ་མ་ལ་ཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ། ཨངྒྷཾ་སོགས། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇོམས་མཛད་པའི། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏོར་མ་ལག་ཏུ་ཐོགས་ལ་བཟུང་བཅོལ་ལ། དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ་སོགས་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་མཐུ་སྟོབས་ཅན་ཁྱེད་རྣམས་ཀྱིས། བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ།
བསྲུང་བྱ་ཆྒེའམ། འདི་ཉིད་དུས་དང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་ཐར་བའི་ཕྲིན་ལས་མཛད་དུ་གསོལ། ཅེས་སྟེང་གཙང་སར་ཕུལ་ལོ། །འདིར་ཆོས་སྐྱོང་གཞན་ལ་ཕུལ་ཡང་དེ་ལྟར་བྱའི་བླ་མེད་ལྟར་མི་རུང་གསུངས་སོ།། ༈ དེ་ནས་རྒྱལ་ཆེན་བཞིའི་གཏོར་མ་བྲན་ལ། བསངས་སྦྱངས། ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁཾ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་ཡོན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། དཀྱིལ་འཁོར་གྱི་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་གཡས་གཞུ་དང་གཡོན་པི་ཝཾ་འཛིན་པ། དུང་ཁྲབ་དང་བསེ་ཤམ་ཅན། གཡུ་ཡི་རྨོག་ཞུ་གསོལ་བ། ལྷོར་འཕགས་སྐྱེས་པོ་མཐིང་ཁ། གཡས་རལ་གྲི་དང་གཡོན་བེ་ཅོན་འཛིན་པ། གཡུ་ཡི་ཁྲབ་དང་བསེ་ཤམ་ཅན། གསེར་གྱི་རྨོག་ཞུ་གསོལ་བ། ནུབ་སྒོར་སྤྱན་མི་བཟང་དམར་པོ། གཡས་སྦྲུལ་ཞགས་དང་གཡོན་མཆོད་རྟེན་འཛིན་པ། བསེ་ཁྲབ་དང་སྦྲུལ་ཤམ་ཅན། གསེར་གྱི་རྨོག་ཞུ་གསོལ་བ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་གཡས་དབྱུག་པ་དང་གཡོན་ནེའུ་ལེ་བསྣམས་པ། བསེ་ཁྲབ་དང་སྟག་ཤམ་ཅན། གསེར་གྱི་རྨོག་ཞུ་གསོལ་བ། དེ་
རྣམས་རང་རང་གི་འཁོར་དང་བཅས་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། མགོན་མཛད་ཤཱཀྱའི་བསྟན་པ་ལ། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །བསྟན་པ་སྲུང་བར་ཞལ་བཞེས་པ། །རི་རབ་ལྷུན་པོའི་ཕྱོགས་བཞི་ནས། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །མཐུ་ཆེན་རྒྱལ་པོ་ཆེན་པོ་བཞི། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ཙ་ཏུར་མ་ཧཱ་རཱ་ཛ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་ཐཾ་ཧོ༔ པདྨ་ཀ་མ་ལྱཱ་སིཾ༔ ས་མ་ཡ་ཧོ་ས་མ་ཙྰ་ཙ་ཏུར་མ་ཧཱ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ནས་ཤབྡའི་བར་མཆོད། དེ་ནས་གཏོར་མ་སོ་སོར་བསྔོ་སྟེ། ཨོཾ་དྷིཥྛ་རཥཱ་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་སོགས་ཚར་གསུམ་གྱིས་ཕུལ། རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །དུང་གི་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་པོར་བཅས། །
གཡོག་འཁོར་བྱེ་བ་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་གཞན་གྱི་དཔུང་འཇོམས་པ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འཆི་བ་བཟློག་པའི་ལས་མཛོད་ཅིག །གཏོར་མ་ལག་གིས་བཟུང་། ཤར་ཕྱོགས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བསྲུང་བྱ་སྒེའམ། འདི་ཉིད་དུས་དང་དུས་མིན་འཆི་བའི་འཇིགས་པ་ལས་ཐར་བའི་ཕྲིན་ལས་མཛད་དུ་གསོལ། འདི་ལ་ཤར་ཕྱོགས་དྲི་ཟའི་གནོད་པ་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་ནད་པའི་ལུས་ལ་བསྐོར་ཚུལ་བྱས་ནས་ཤར་ཕྱོགས་སུ་ཕུལ་བཅུག་གོ །དེ་བཞིན་དུ། ཨོཾ་བེ་རུ་ཌྷ་ཀཱ་ཡེ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བ་སོགས་ཚར་གསུམ་གྱིས་ཕུལ། དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་བསྟོད། །རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་བཻཌཱུརྱ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་
སྟོབས་པོ་ཆེ། །ཕ་རོལ་གཞན་གྱི་དཔུང་འཇོམས་པ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འཆི་བ་བཟློག་པའི་ལས་མཛོད་ཅིག །ལྷོ་ཕྱོགས་ཀྱི་རྒྱལ་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བསྲུང་བྱ་འདི་ལ་ལྷོ་ཕྱོགས་གྲུལ་བུམ་གྱི་གནོད་པ་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་ལྷོ་ཕྱོགས་སུ་ཕུལ་ལོ། །ཨོཾ་བི་རུ་པཱཀྵ་ཡན་མསརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་སོགས་ཚར་གསུམ་གྱིས་ཕུལ། མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། །སྤྱན་མི་བཟང་ལ་ཕྱག་འཚལ་བསྟོད། །རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་སོ། ༈ །ངོགས། །རྒྱལ་པོ་ཆེན་པོ་སྤྱན་མི་མཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་གཞན་གྱི་དཔུང་འཇོམས་པ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འཆི་བ་བཟློག་པའི་ལས་མཛོད་ཅིག་།ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པས། མཆོད་
སྦྱིན་གྱི་གཏོར་མ་འདི་བཞེས་ལ། བསྲུང་བྱ་འདི་ནུབ་ཕྱོགས་ཀླུ་ཡི་གདོན་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་ནུབ་ཕྱོགས་སུ་ཕུལ་ལོ། །ཨོཾ་བཻ་ཤྲ་མ་ཎཱ་ཡེ། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཚར་གསུམ་གྱིས་ཕུལ། སྡེ་དཔོན་ཆེན་པོ་གསེར་གྱི་མདོག །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད། །རི་རབ་ཆེན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་གཡོག་བྱེ་བ་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་གཞན་གྱི་དཔུང་འཇོམས་པ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འཆི་བ་བཟློག་པའི་ལས་མཛོད་ཅིག །བྱང་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བསྲུང་བྱ་འདི་ལ་བྱང་ཕྱོགས་གནོད་སྦྱིན་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་བྱང་དུ་ཕུལ་ལོ། །དེ་ནས་མདུན་དུ་ཆ་གསུམ་བཤམས་ལ་གཞུང་ལྟར་བཏང་སྟེ་དེ་ཡང་སོ་
སོར། དང་པོ་ཕྱོགས་སྐྱོང་ཚར་སྐབས་གཏོར་མ་བཟུང་ལ་བསྲུང་བྱའམ་ནད་པ་ལ་བསྐོར་བའི་ཚུལ་གྱིས། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བའི་རྒྱལ་པོ་བཅུ་འཁོར་དང་བཅས་པས། མཆོད་སྦྱིན་གྱི་གཏེམ་རྒྱ་ཆེན་པོ་འདི་བཞེས་ལ། བསྲུང་བྱ་འདི་ལ་དྲི་ཟ་དང་གཤིན་རྗེ་དང་ཀླུ་དང་གནོད་སྦྱིན་དང་། དྲང་སྲོང་དང་སྲིན་པོ་དང་རིག་འཛིན་དང་འབྱུང་པོ་དང་། གཟའ་དང་རྒྱུ་སྐར་དང་ས་བདག་གི་གདོན་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྱོགས་གཙང་སའམ་ལོ་བདུད་ཀྱི་ཕྱོགས་སུ་ཕུལ་ལོ། །ཆ་གཉིས་པ་ལ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱི་མཆོད་སྦྱིན་གྱི་འི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བསྲུང་བྱ་འདི་ལ་སྡེ་བརྒྱད་དང་འབྱུང་པོའི་གདོན་ལས་གྱུར་པའི། ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་དེར་ཕུལ། དེ་ནས་གསུམ་པ་ལ། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་དང་། ཁམས་གསུམ་བདག་པོ་དང་། སྤྲིན་གྱི་སྒྲོན་མེ་དང་། རྡོ་རྗེ་མཆུ་འཁོར་དང་བཅས་པས། མཆོད་སྦྱིན་
གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བསྲུང་བྱ་འདི་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན་ལས་གྱུར་པའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་དེར་ཕུལ་ལོ། །དེ་གཤིན་རྗེའི་གཟུགས་ཀྱི་ཞལ་དར་བཀབ་པ་བླངས། ཆུ་གིས་གཙང་བྲན། མདུན་གྱི་ཡོ་བྱད་ཐམས་ཅད་བྲན། གཤིན་རྗེའི་མདུན་དུའང་མཆོད་པ་རྣམ་ལྔ་ལེགས་པར་བཤམས་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པར་བཤད་པས། བསངས་སྦྱངས། ཨོཾ་སྭ་བྷ་ཝ་སོགས། བདག་དང་དངོས་འཛིན་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བློ་སེར་པོ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འདོད་པའི་ཡོན་ཏན་རྣམ་པ་སྣ་ཚོགས་མ་ཚང་བ་མེད་པ་དང་། གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨཱཐདཀར་འོད་འཕྲོས་དངོས་འཛིན་སྦྱངས། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོཉཧཾ། བཅོམ་ལྡན་རྣམ་སྣང་བྱིན་རླབས་ཀྱིས། །ཐལ་མོ་ཚིག་བཅག་ཕྱག་རྒྱའི་ནང་། །ཁཾ་ལྗང་འོད་འཕྲོས་ཟག་མེད་
སྤེལ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཐ་ཁཾ་ཨུཏྟ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་བའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་། །ཛདམར་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཏྲི་སེར་ལས། །འོད་འཕྲོས་ཀུན་གྱི་འཛད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་མགྲོན་ཀུན་ཚིམས། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ། མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུྃ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །སོར་བསྣོལ་ཕྱག་རྒྱ་ཛདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་འདུས་གྱུར། །ན་མཿས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་དྷ་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། ཞེས་གཏོར་མཆོད་བྱིན་བརླབས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་ཉིད་ནམ་མཁའ་ལྟ་བུ་ལས། །ཨེ་ལས་ལྕགས་མཁར་གྲུ་གསུམ་ནང་། །མི་རོ་རྟ་
རོའི་གདན་སྟེང་དུ། །རུ་ལས་འཆི་བདག་གཤིན་རྗེ་ནི། །མ་ཧེའི་གདོང་ཅན་འཇིགས་སུ་རུང་། །ནག་པོ་ཁྲོ་གཉེར་མཆེ་བ་ཅན། །མིག་གསུམ་རལ་པ་སྤྱི་བོར་བཅིངས། །གཡས་པས་ཐོད་དབྱུག་ཁྲམ་ཤིང་ཕྱར། །གཡོན་པས་ཞགས་པ་གྲི་སོ་གཅིག །རོ་སྨད་སྟག་གི་ཤམ་ཐབས་དཀྲིས། །ཡན་ལག་སེན་མོ་ལྕགས་ཀྱུར་བྱས། །སྲིད་གསུམ་ལྟོ་བའི་ནང་ན་གསལ། །དུག་གསུམ་ལས་གྲུབ་གཤིན་རྗེ་ནི། །ཕག་སྦྲུལ་གླང་གི་མགོ་ཅན་དང་། །གཤིན་རྗེ་བདུན་བརྒྱ་ཉི་ཤཱུ་དང་། །འཆི་བདག་བྱེ་བ་དགུ་ཁྲི་དང་། །བདུད་བཞི་སྡེ་བརྒྱད་བགེགས་རིགས་ནི། །མ་ལུས་གྲངས་ལས་འདས་པས་བསྐོར།། །བདག་ཉིད་ལྷ་ཡི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། །འཆི་བདག་འཁོར་བཅས་བཀུག་ལ་བསྟིམ། །ཛཿཧཱུྃ་བཾ་ཧོ༔ས་མ་ཡཱ་ཛ་ཛཿ རྗེ་བཙུན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་ཀྱི་བདེན་པ་དང་། སྙིང་པོ་
དང་ཕྱག་རྒྱ་ཏིང་ངེ་འཛིན་དང་གསང་སྔགས་རིག་སྔགས་དང་གཟུངས་སྔགས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསླུ་བ་མེད་པ་རྣམས་ཀྱི་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྒུའམ། བསྲུང་བྱ་འདི་རྣམས་ཀྱི་ཚེ་སྲོག་ལ་བར་དུ་གཅོད་པའི་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ང་ནི་པདྨ་ཧེ་རུ་ཀ །ང་ནི་གསང་བདག་རྡོ་རྗེ་འཛིན། །ཁམས་གསུམ་འདི་ན་སུ་ཡང་རུང་། །ང་ཡི་བཀའ་ལ་མ་འདའ་ཞིག །གལ་ཏེ་བཀའ་ལས་འདའ་བྱེད་ན། །མ་ལུས་རྡུལ་དུ་རླག་པར་བྱེད། རྨེའམ། །བསྲུང་བྱར་གྱུར་པ་འདི་རྣམས་ལ། །གནོད་ཅིང་འཚེ་བར་བྱེད་པའི་བགེགས། །འཆི་བདག་ཨ་ཝ་གླང་མགོ་དང་། །ཚེ་བདག་རཀྵ་ཕག་མགོ་དང་། །སྲོག་བདག་ཞེ་སྡང་སྦྲུལ་མགོ་དང་། །ལོ་བདུད་ལོ་གཤེད་བཅུ་གཉིས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །
གནོད་པར་བྱེད་པ་གང་ཡང་རུང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །ཁྲོ་བོ་ཁྲོ་མོའི་མཐུ་རྩལ་དང་། །སྔགས་དང་ཕྱག་རྒྱའི་བདེན་པ་ཡིས། །རང་དབང་མེད་པར་འདིར་ཁུག་ཅིག །གནོད་བྱེད་སརྦ་སུ་ཏྲི་པྲ་ཏ་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོ༔ ཧཱུྃ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་དེད་དཔོན་ནི། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་ཀུན་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤེད་བུ་ཆེ། །དགེ་བ་ཀུན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ཨཱ་ཀར་ཡ་ཛཿཧཱུྃ་བཾ་ཧོ༔ ཅེས་གཟུགས་ལ་དབྱེར་མེད་དུ་བསྟིམ། དབང་ལྷ་རིགས་ལྔ་བཛྲ་ས་མཱ༔ ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་དབང་རྟགས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པས་
དབུ་བརྒྱན་པར་གྱུར། ལག་གཡས་སྡིགས་མཛུབ་གཉིས་སྦྲེང་བ་བེ་ཅོན་གྱི་ཕྱག་རྒྱས། ཨོཾ་ཧྲཱིལླི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ༔ ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ས་མ་ཡ་སྟེ། ཞེས་དམ་ལ་བཞག །རྡོ་རྗེ་བསྣམས་པའི་སྡིགས་མཛུབ་གཉིས་བསྟན་ནས། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་རྣམས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །ཕྲིན་ལས་མཛད་ཅིང་དེ་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧོ༔ ཧཱུྃ་ལས་གྲུབ་པའི་སྟོབས་པོ་ཆེ། །རྫུ་འཕྲུལ་དབང་ལྡན་དྲེགས་པའི་གཙོ། །འབྱུང་བའི་འཁོར་ལོས་ཐམས་ཅད་འཇོམས། །སྐྱེ་འགྲོའི་ཤ་ཁྲག་དབུགས་ལ་ཟ། །སྲིད་གསུམ་མ་ལུས་ཞལ་དུ་གསོལ། །སྲོག་འཕྲོག་གཤིན་རྗེར་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་མུན་རུམ་འཁྱིལ། །མ་ཧེ་ཤིན་ཏུ་ཁྲོས་པའི་གདོང་། །སྤྱན་གསུམ་ཁྲོ་གཉེར་གློག་ལྟར་འཁྱུགས། །ལྕགས་ཀྱི་རལ་པས་མགོ་བོ་བརྒྱན། །ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས། །དུས་གསུམ་སངས་རྒྱས་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་ཟ་བའི་སྟོབས་པོ་ཆེ། །སྲོག་བདག་གཤིན་རྗེར་ཕྱག་འཚལ་
བསྟོད། །གཡས་པས་ཁྲམ་ཤིང་དབྱུག་པ་ཡིས། །སྐྱེ་འགྲོ་སྲོག་ཆགས་ཁྲམ་ལ་འདེབས། །བདུད་ཞགས་ནག་པོ་མདའ་ལྟར་འཕེན། །རླུང་བས་མགྱོགས་ཏེ་སྐྱེ་འགྲོ་འཆིང་། །ཕྱག་གཡོན་གྲི་ནག་སོ་གཅིག་གིས། །དགྲ་བགེགས་སྲོག་རྩ་མྱལ་མྱལ་གཅོད། །སེན་མོ་མཚོན་ཆ་ལྕགས་ཀྱུ་ཡིས། །འགྲོ་དྲུག་རོ་ཡི་ལུས་ཀུན་གཏུབས། །རྔམ་པའི་སྟབས་ཀྱིས་ཕྱོགས་བཅུར་རྒྱུག །སངས་རྒྱས་ཀུན་བས་སྟོབས་ཆེན་དཔལ། །ཀུན་གྱི་རྫུ་འཕྲུལ་སྟོབས་ཟ་བ། །དྲག་ཤུལ་ཅན་ལ་ཕྱག་འཚལ་བསྟོད། །དེ་ནས་མཆོད་པ་རྣམ་ལྔ་དེ་རེ་རེ་ནས་བཟུང་ལ་མཆོད་གཡོག་པས་སྐུ་གཟུགས་ཀྱི་མདུན་དུ་བླུགས་བཅུག་ཅིང་། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །གཤིན་རྗེ་འཁོར་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །དུས་དང་དུས་མིན་འཆི་བ་ཟློག །ཨོཾ་ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞབས་བསིལ་ནས་རོལ་མོའི་བར་འགྲེས་སོ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་
པ། །མོས་བློའི་གཤིན་རྗེའི་ཚོགས་ལ་བདག་འབུལ་ན། །བཞེས་ནས་དུས་དང་དུས་མིན་འཆི་བ་ཟློག །ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཀཱ་མ་གུ་ཎ་བཛྲ་པུ་ཛི་ཏེ་ཨཱཿཧཱུྃ༔ སྤངྒེའི་བར་འགྲེས་སོ།། ༈ དེ་ནས་ཤ་ཁྲག་བརྒྱན་པའི་གཏོར་མ་བྲན། ཨོཾ་སྭ་བྷ་ཝ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་ཀ་ལ་རུ་པ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་དུ་སི་ཛ་ཧཱུྃ་ཐ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ གསུམ། ཧཱུྃ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་ཀུས་ལ་འདེབས་པ་པོ། །ཤི་བ་ཀུན་ལ་གྱི་གཤིན་བུ་རྗེ། །དགེ་བ་ཀུན་གྱི་སྟངས་འཛིན་པ། །སྡིག་པ་ཀུན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །ཕྱོགས་སྐྱོང་མཛད་དུས་ཙཱ་རི་ཏྲར། །ཁྲག་གི་རྒྱ་མཚོ་རུལ་བའི་མདོག །ཤིན་ཏུ་བརྗིད་ཅིང་སྒེག་པའི་གཟུགས། །མ་ཧེ་རབ་ཏུ་ཁྲོས་པའི་གདོང་། །
རལ་གྲི་ཕྱར་ཞིང་ཐོད་ཁྲག་འཐུང་། །གཅེར་བུ་རྒྱན་མེད་རྟགས་བསྒྲེང་ནས། །ཙ་མུན་ཧྲཱི་དང་ལྷན་ཅིག་ཏུ། །བརྐྱང་བསྐུམ་རོལ་པའི་གར་སྟབས་ཀྱིས། །སྲིན་གྱི་མ་ཧེ་ཆེན་པོ་བརྫིས། །ས་གསུམ་ཐམས་ཅད་སྤྲུལ་པས་གང་། །སྲོག་བདག་འཆི་བདག་ཕོ་ཉར་འགྱེད། །གཤིན་རྗེའི་ཕོ་ཉ་གཤེད་དུ་འབེབས། །དྲེགས་པའི་སྡེ་དཔོན་ལས་ལ་ཁོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །དུས་དང་དུས་མིན་འཆི་བ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མདུན་དུ་ཕུལ། ཀྱཻ། འཆི་བདག་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །འཆི་བདག་འཁོར་བཅས་ཁྱེད་རྣམས་ཀྱིས། །ཐོག་མཐའ་མེད་ནས་ད་ལྟའི་བར། །བུ་ལོན་ཤ་འཁོན་ལན་ཆགས་དང་། །སྟོང་རིན་གང་ཡང་ཀུན་འཇལ་གྱིས། །ཚེ་སྲོག་བར་ཆད་ཞི་བར་མཛོད། །ལུས་ངག་ཡིད་གསུམ་བར་ཆད་དང་། །འགལ་རྐྱེན་ཅི་ཡང་མ་མཛད་ཅིག །ཅེས་པས་འཆི་བདག་འཁོར་བཅས་ཀྱིས། །མཚོན་ཆ་སྣ་ཚོགས་ཐོགས་པ་དང་། །བཅོས་ནས་བུ་ལོན་ལེན་བསམ་ལ། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་འཕྲོས་པས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་བསྲུང་བྱ་
མདུན་བསྐྱེད་ཀྱི་གཙོ་བོའི་ཕྱག་གི་བུམ་པར་གནས། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བར་བསྒོམས་ལ། གཟུངས་ཅུང་ཟད་བཟླས། དེ་ནས་མཆོད་གཡོག་པས་མདུན་དུ་གཏོར་ཁྲི་ཁར་ཐེབ་ཙེར་ཆངས་བུ་ཏིང་ལོ་མཐེབ་སྐྱུ་རྣམས་བཤམ། འདོན་རོགས་ཡོད་ན་མགོ་གྲངས་བཞག་པ་དང་། གཅིག་གིས་ནས་སོགས་འབྲུ་རྣམས་བྲེ་ཕུལ་ལ་འཇལ་བ་དང་། མར་ཐུད་སོགས་རྒྱ་མ་དང་། གསེར་དངུལ་སོགས་སྲང་ལ་འཇལ་བ་རྣམས་ཟངས་སྡེར་སོགས་སུ་བཤམས་པ་བྲན་ལ། ལྷོ་ངོས་སུ་གཅིག་གིས་ཚེ་གཟུངས་འདོན་པ་དང་། དཀྱིལ་འཁོར་བྱང་ངོས་སུ་གཅིག་གིས་རྔ་སྒྲའི་གཟུངས་སམ། མ་གྲུབ་ན་སྙིང་པོ་བཟླ་ཞིང་། སློབ་དཔོན་ནས། ཨོཾ་སྭ་བྷ་ཝས། ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་། རྒྱ་ཆེ་བར་ཚེ་སྐྱིན་སྲོག་གླུད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གསུམ་མམ་བདུན། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འཆི་བདག་ཨ་ཝ་གླང་མགོ །ཚེ་བདག་རཀཱ་ཕག་མགོ །སྲོག་བདག་ཞེ་སྡང་སྦྲུལ་མགོ །ལོ་བདུད་ལོ་གཤེད་བཅུ་གཉིས། གཤེད་ཆེན་བདུན་བརྒྱ་ཉི་ཤུ། འཆི་བདག་བྱེ་བ་དགུ་འབུམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་
འབུལ་ལོ། །ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་དང་། གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས། དེ་རིང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས། བདག་ཅག་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་བསྲུང་བྱ་རྒེ་ལ། དུས་འདི་ནས་བཟུང་སྟེ། ནམ་ཞིག་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་། གདོན་གྱི་རིགས་སུ་གྱུར་པ་དང་། རྨི་ལམ་ངན་པ་དང་མཚན་མ་ངན་པ་དང་། ལྟས་ངན་པ་དང་། དུས་མ་ཡིན་པའི་འཆི་བ་ལ་སོགས་ཏེ། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་ཞིང་དགེ་བའི་རིགས་སུ་གྱུར་པ་དང་། ཚེ་རིང་བ་དང་ནད་མེད་པ་དང་། བཀྲ་ཤིས་བདེ་ལེགས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཅེས་རོལ་མོ་དང་བཅས་པས་གཤིན་རྗེའི་མདུན་དུ་བླུགས། དེ་དང་མཉམ་དུ་འབྲུ་སྣ་སོགས་འཇལ་ནས་བཞག་པ་
དེ་བླུགས། དེ་དང་དུས་མཉམ་དུ་དཀྱིལ་འཁོར་བྱང་དུ་ཚོན་སྐུད་ཀྱིས་བཅིངས་པའི་གོས་དུམ་དེ་ཉ་ཤའི་དུད་པས་བདུག་པ་མེ་རུམ་འདྲ་བ་བྱ། དེ་ལྟ་བུ་བརྒྱ་རྩ་བརྒྱད། འབྲིང་ལོ་གྲངས། ཐ་མ་ཉེར་གཅིག་བྱས་ཏེ་མི་གྲངས་བརྩི། མི་གྲངས་དང་མཉམ་པའི་རྫས་བླུགས་སོ། །དེ་ནས་ལྷག་མའི་འབྲུ་སྣ་སོགས་ཐམས་ཅད་འཇལ་ཞིང་བླུགས་ཏེ། སོ་འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལྷ་སྲིན་བགེགས་རིགས་ཐམས་ཅད་ལ། རྗེ། ཞེས་བྱ་བའི་ཚེ་སྐྱིན་སྲོག་གླུད་དུ་གསེར་སྲང་གཅིག་འཇལ། བརྒྱ་འཇལ། སྟོང་འཇལ། ཁྲི་འཇལ། འབུམ་འཇལ། བྱེ་བ་འཇལ། ས་ཡ་འཇལ། དུང་། ཕྱུར་འཇལ། གྲངས་མེད་འཇལ། དེ་བཞིན་དུ། དངུལ་འཇལ། བཻཌཱུརྱ་འཇལ། པདྨ་རཱ་ག་འཇལ། ཤེལ་འཇལ། མུ་ཏིག་འཇལ། བྱི་རུ་འཇལ། གཡུ་འཇལ། ཡ་འཇལ་འཇལ་ནས་སྲང་ཆག་སོང་། ཞེས་གཏིབ་ལ་ཕར་འཕང་ངོ་། །ཇ་ཉ་ག་གཅིག་ནས། བུ་རམ། ཀ་ར། སྦྲང་རྩི། མར་རྒྱ་མ་གཅིག །སོགས་གོང་བཞིན་དང་། ཐུད། ཤ །ཚིལ། ཚོས། ཡུངས་ཀར་ཕུལ་གང་སོགས། ཏིལ། ཁྲེ། འབྲས་བྲེ་གང་སོགས། སོ་བ། ཡུངས་ནག །ནས་ཁལ་གཅིག་སོགས། སྲད་མ། རྒྱ་སྲན། གྲོ། ཆུར་
བ། ཚྭ། དར་དོས་གཅིག་སོགས། གོས་ཡུག །སྣམ་ཕྲུག་གཅིག་ནས། སྐབས་འདིར་རྒྱས་པར་ན་སྤྱི་ལྟར་གསེར་སྐྱེམས་འབུལ། དཀར་གཏོར་གཅིག་བསྔོས་ལ་སྡུན་དུ་བཞག །དེ་ནས་དབྱངས་སྙན་རོལ་མོ་དང་བཅས་པས་འདོན་ཏེ། གཞི་སོགས་ཀྱང་བསྡུས་ལ། རང་ཉིད་ཚེ་དཔག་མེད་ཀྱི་ང་རྒྱལ་གྱིས་འདོན་ཏེ། དེ་ཡང་སྔར་གྱི་ཁྲུས་ཆུ་ཁམ་ཕོར་བླུགས་པ་དེ་གཤིན་རྗེའི་མདུན་དུ་བཞག །འབྲང་རྒྱས་ཕྱེད་གཤག་ནག་པོའི་ངོས་མེ་རུ་སླར་ཡང་གཤིན་རྗེའི་མདུན་དུ་བཞག་ལ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་ཀུས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་བདག་ལ་ཉོན། །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བ་བཟང་པོ་འདི་འབུལ་གྱིས། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཆེ་བར་ནི་གཞན་དུ་
དེངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཀུན་འགྲུབ་མཛོད། །ཀྱི་བར་དང་། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་ནས། རང་གིས་གནས་སུ་དེང་། །གི་བར་བརྗོད། དེ་ནས་མདུན་དུ་དཀར་གཏོར་དང་། འབྲུ་སྣ་སོགས་སྣོད་གཞན་དུ་ཡོད་ན་དང་། གཤིན་རྗེའི་ཁ་མར་བསྒྱུར་ལ། ཡོད་ན་དར་ནག་ཀྱང་རྗེས་སུ་ཁྱེར་བ་དང་མཉམ་དུ་ཆོས་སྐྱོང་གཏོར་མ་གཏིང་ཕུལ་དུ་ཁྱེར་རྒྱུ་ཡོད་ན་བསྔོ། དེ་ནས་ཁྱེར་བའི་གྲབས་བྱས་ལྷོ་ཡི་སྟོད་སྨད་ལྷོ་ནུབ་སོགས་ཕྱོགས་གཙང་སར་ཁྱེར་གྲབས་བྱས་ལ། རང་ཉིད་ཁྲོ་བོ་གང་རུང་ངམ་གཤིན་རྗེའི་གཤེད་དམ་བདུད་རྩིའི་འཁྱིལ་པའི་ང་རྒྱལ་བྱས་ལ། ཧཱུྃ། ཉོན་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན། །འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད། །མ་རུངས་གཤིན་རྗེའི་འཁོར་གྱིས་བསྐོར། །བགེགས་ཀྱི་རྒྱལ་པོ་འཁོར་བཅས་ལ། །མཆོད་སྦྱིན་གླུད་གཏོར་བཟང་པོ་དང་། །བུ་ལོན་ལན་ཆགས་འཇལ་ཟིན་གྱི། །བདག་དང་དེ་རིང་མི་འདི་ལ། །མ་གནོད་བདུད་ཀྱི་ཁྲམ་ཁ་ཕྱེས། །མ་བཅིངས་འཆི་བདག་ཞགས་པ་ཁྲོལ། །མ་བསད་བདུད་ཀྱི་ཁྲམ་ཁ་སྒྱུར། །མ་འཚེ་འཁོར་བཅས་གཞན་དུ་དེངས། །ལན་ཆགས་སྟོང་དྲིན་འཇལ་
ཟིན་གྱི། །གླུད་དང་མཆོད་གཏོར་འདི་སྣོམས་ལ། །བགེགས་ཀྱི་རྒྱལ་པོ་ད་སོང་ཞིག །ཅེས་སྒྱུར། སྤྲོ་ན་དེ་རྒྱབ་གཏོར་མ་དར་ནག་རོལ་མོས་བསྐྱལ་ཀྱང་ལེགས། སློབ་དཔོན་གྱིས་མཚམས་བཅད་དྲག་སྔགས་བརྗོད། བསྲུང་བྱ་ལ་ནས་བྲབ་རོལ་མོ་བྱ་སྲུང་འཁོར་བྷེ། གཟུགས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཚམས་སུ་བསྐྱལ་བར་གསུངས་ལ། སྦྲའམ་ཁང་པ་དེ་མི་མཐོང་སར་བསྐྱལ་ལོ། །ཕྱི་མིག་མི་ལྟ་བར་གལ་ཆེའོ།། ༈ །དེ་ནས་གླུད་གོས་ཀྱི་ཚོན་སྐུད་བཀྲོལ་ལ་བསྒྲུབ་བྱའི་ཡན་ལག་ལྔ་བཅིངས། བུམ་པ་དགུ་སོགས་ཡོད་ན་ཅུང་ཟད་ལས་བུམ་དུ་བསྡུ། གཉིས་ལས་མེད་ན་གཙོ་བུམ་ནས་ལས་བུམ་དུ་ཅུང་ཟད་བླུགས་ལ་ཁྲུས་བྱ་སྟེ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །སོགས་དང་། སྙིང་པོ་དང་ལས་བུམ་སྔགས་ཀྱི་རྗེས་སུ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། ནད་གདོན་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཡམས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཉེ་བར་འཚེ་བ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འཁོན་བྱེད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། བྱུར་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། སྐལ་པ་ངན་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལྟས་ངན་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། རྨི་ལམ་ངན་པ་ཐམས་ཅད་
ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །མཚན་མོ་ནག་མོའི་གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བདུད་ཀྱི་ཞགས་པ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕོ་ཉ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡན་ལག་ལྔ་ཁྲུས་བྱས་ནས་ནད་གདོན་དག་པར་བསམ། ༈ དེ་ནས་གྲི་སོགས་ཐོགས་ལ། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་ཆེ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་རྣམས་༈ ཀྱིས། །སྒྲེ་ཞེས་བྱའི་སློབ་མ་འདི། །བྱད་སྟེམས་ནད་རྣམས་ཆད་གྱུར་ཅིག །ཨོཾ་སརྦ་བྷན་ཀ་ཀ་ར་ཏ་ཙྪེ་ད་ན་ཡེ་སྭཱ་ཧཱ། ཞེས་བཅིངས་བ་རྣམས་དུམ་བུར་བཅད་ཅིང་གཏུབ་ལ་བཞག་ནས། །ཁམ་ཕོར་གསར་པ་འོ་ཆབ་བླུགས་པའི་ནང་དུ་སྐུད་པ་བཅད་དུམ་བུ་རེ་དང་ལས་བུམ་ཆུ་ཐིགས་རེ་བླུགས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །སངས་རྒྱས་ཆོས༴ དགེ་འདུན་༴ ས་ནི་དུག་
གི་ཕ་སོགས་དུག་བཅོམ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །ཆོས་དགེ་འདུན་གྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །དགྲ་བཅོམ་པའི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །ཕྱིར་མི་འོང་བའི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །ལན་གཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །རྒྱུན་དུ་ཞུགས་པའི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །ཚངས་པའི་བེ་ཅོན་གྱིས་དུག་ངེས་པར་བཅོམ་མོ། །དབང་པོའི་སྡེས་དུག་ངེས་པར་བཅོམ་མོ། །ཁྱབ་འཇུག་གི་འཁོར་ལོས་དུག་ངེས་པར་བཅོམ་མོ། །མེ་ལྷའི་དབལ་གྱིས་དུག་ངེས་པར་བཅོམ་མོ། །ཆུ་ལྷའི་ཞགས་པས་དུག་ངེས་པར་བཅོམ་མོ། །ལྷ་མ་ཡིན་གྱི་རྒྱུས་དུག་ངེས་པར་བཅོམ་མོ། །ཀླུ་ཡི་སྔགས་ཀྱིས་དུག་ངེས་པར་བཅོམ་མོ། །དྲག་པོའི་མདུང་རྩེས་དུག་ངེས་པར་བཅོམ་མོ། །སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་ངེས་པར་བཅོམ་མོ། །དུག་ས་ཡི་ནང་དུ་སོང་ཞིག །ཆུ་ཡི་ནང་དུ་སོང་
ཞིག མེའི་ནང་དུ་སོང་ཞིག །རླུང་གི་ནང་དུ་སོང་ཞིག །གླུད་གོས་དང་ཁམ་ཕོར་གྱི་ཆུ་ཚོན་སྐུད་ཅན་བྱང་ཕྱོགས་ཀྱི་གྲོང་ཟད་སར་བསྐྱལ་ཏེ་ཕྱི་མིག་མི་བལྟ། དེ་ནས་ཁྲུས་བུམ་ཆུ་ཐིགས་གཅིག་བསྒྲུབ་བྱའི་ཁ་རུ་བཟུང་བཅུག །རྨ་བྱའི་མདོངས་རང་གིས་བཟུང་ལ། ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྨ་བྱའི་སྒོ་འདིས་བླངས་ནས་ཁྲུས་ཆུའི་ནང་དུ་འཕང་བར་བྷེ་ཤིག་།གོང་ལྟར་སྙིང་པོ་དང་ལས་བུམ་སྔགས་ལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་སོགས་གོང་ལྟར་ཁའི་བུམ་ཆུ་ཁྲུས་ཆུ་ནང་དུ་བླུགས་བཅུག་ལ། ཨོཾ་སུམྦྷ་ནི་སོགས་བགེགས་བསྐྲད་ནས་བྲབ་ཅིང་རོལ་མོ་བྱ། ཁྲུས་ཆུ་ཆུ་བོ་རྒྱུན་འབབས་སུ་བསྐྱལ། གཞུང་ལས། དེ་ནས་ཆུ་དེ་མ་བོ་བར། །ཆུ་བོ་ཆེའམ་ལྡིང་ཀ་མཚོ་ཆུ་ཆེན་རྣམས་ལ་དོར་བཅུག་ན། ངེས་པར་འཆི་བ་བཟློག་པ་ཡིན། ཅེས་གསུངས་སོ། །དེ་ལྟར་ཁྲུས་དང་བྱད་ཁྲོལ་བྱབ་ཆོག་བྱབ་པས་དེ་སྔ་ཕན་འཁོར་བ་མྱ་ངན་གྱི་གདན་ནག་པོ་ལ་གནས་པ། ད་ནི་ཐར་པ་དང་ཞི་བའི་རང་བཞིན་གདན་དཀར་པོའི་སྟེང་དུ་བསླེབས་ནས་ཚེ་དཔག་དངོས་ཀྱི་དྲུང་དུ་སླེབས་པའི་མོས་པ་མཛོད། ཅེས་གདན་དཀར་ནག་བརྗེ། དེ་ནས་ལྷ་ཚོགས་རྣམས་ཀྱིས་ཁྱེད་རང་རྣམས་ལ་རྡོ་རྗེས་གོ་ཁྲབ་ཞུ་ལུབས་སུ་བཀོན་པས་ཕྱིན་ཆད་གང་གིས་ཀྱང་མི་ཚུགས་པར་བྷཻཾ་
ཤིག །ཅེས་སྔགས་གཉིས་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། །སོགས་གོང་ལྟར་སྤྱི་བོའི་གནས་ལྔར་ཡན་ལག་བཞི་མདུན་རྒྱབ་སླར་ཡང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག སྔགས་བྲིས་པ་དེ་བཟུང་ལ། བདེན་ཚིག་བརྗོད་པ་ནི། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །ལྷ་མིན་ཟླ་ཆ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ཡང་མེ་ལས་རྒྱལ་བར་འགྱུར། །རླུང་གིས་སྤྲིན་ནི་རྣམ་པར་གཏོར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུགས། །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས། སྒྲེ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར་ཅིག་།ཛ་ཡ་ཛ་ཡ། །སྲུང་བ་བཏགས། དེ་ནས་འབྲང་རྒྱས་དཀར་པོ་ལ་མེ་རུ་སྦར་ལ་ལག་ཏུ་བཞག་སྟེ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡི་ཟ་གྱུར་གྱིས། །འདི་
ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་བཟང་བསྟན་ནས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཨོཾ་ཏདྱ་ཐཱ་ཨ་པ་ར་མི་ཏ་ཨ་ཡུཛྙཱ་ན་དྷཱིཧཱུྃ་ཧཱུྃ་སྭཱ་ཧཱ༔ ཅུང་ཟད་ཟའོ། །དེ་ནས་མེ་ཏོག་འཐོར་ཞིང་། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་རྣམས། །སྦྱིན་པའི་སྟོབས་ཀྱིས་ཚེ་ཡང་འཕེལ་བར་ཤོག །སོགས། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སོགས། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །སོགས། མཎྜལ་ཕུལ། དེ་ཡང་འཆི་བསླུ་རྐྱང་པ་ལ་དེས་ཆོག་ལ། དབང་དང་སྦྲེལ་ན། བྱད་ཁྲོལ་བྱས། འབྲང་རྒྱས་བྱིན་ནས་དབང་བསྐུར། དབང་གི་ནང་དུ་བྱབ་ཁྲུས་ཡོད་ལྟར་བསྲུང་བའི་སྐབས་སུ་དར་སྔགས་བྲིས་པ་བཏགས། འདི་ནི་གསར་མའི་ཚེ་དཔག་ལྷ་དགུའི་འཆི་བསླུ་དཀོན་མཆོག་ཡན་ལག་གིས་མཛད་པ་ལ་གཞི་བྱས། གྲགས་པའི་ལུགས་དང་། ངོར་ལུགས་དང་ཡང་བསྟུན། ཁ་སབ་དགོས་པ་འགའ་རེ་རྙིང་མའི་འཆི་བསླུ་ནས་སབ་སྟེ། འཁྱེར་བདེ་བ་བལྟས་ཆོག་བྱས་པ་ཡིན་ལ། གསར་མའི་འཆི་བསླུ་ཐམས་ཅད་གཞན་ནས་སབ་དགོས་པ་མང་བས་འཕྲོད་དཀའ་ཞིང་ཕྱག་ལེན་མི་ཐེབ་པ་དང་། རྙིང་མའི་རྫ་ས་སོགས་དཀའ་ཞིང་གཞན་མི་བདེ་བ་དང་། འཇའ་ཚོན་པའི་ལུགས་ནི། ཧ་ཀྱང་གཉན་
དྲག་པས་འཁུ་ལྡོག་ཆེ་བར་འདུག །འདི་ནི་བཀའ་ཡང་ཤིང་འཇམ་ལ། དོན་ལ་གསར་རྙིང་གི་འཆི་བསླུ་རྣམས་དོན་གཅིག་པར་འདུག་པས། གསང་འདུས་སོགས་ཚེ་ཆོག་གང་ལའང་སྦྱར་ཡང་རུང་ལ། སོ་སོའི་དཀྱིལ་ཐང་ཡོད་དམ་མེད་ན་ཚོམ་བུ་སོགས་ལ་བརྟེན་ནས་རང་རང་གིས་ཚེ་ཆོག་གང་བྱེད་གཞུང་བསྲང་ནས་བྱ་སྟེ། གང་ལ་ཡང་ལས་བུམ་བདུད་རྩི་འཁྱིལ་བར་བསྐྱེད་ནས་སྔགས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དང་། རྣམ་རྒྱལ་བུམ་པར་རང་གིས་ཚེ་ཆོག་གང་ཡིན་དང་ཚེ་གཟུངས་འདོན་པས་འཐུས་སོ། །ཞེས་པ་འདི་ནི་གསར་རྙིང་གི་འཆི་བསླུ་རིགས་མི་གཅིག་པ་དུ་མ་ཞིག །རང་གཞན་གྱི་དོན་དུ་ལག་ལེན་ལ་བསྟར་ནས་ཕན་ཐོགས་པའི་རྟེན་འབྲེལ་ཡང་བྱུང་བས། རང་གི་ཉམས་མྱོང་དང་བསྟུན། སྟབས་བདེ་ལ་མཛེས་ཆ་ཆེ་བ། མང་ཉུང་འཚམས་པ། གཞན་ནས་སབ་མི་དགོས་པ། ཕྱག་ལེན་གསལ་བར་བལྟས་ཆོག་ཏུ། ༧ བདག་རཱ་ག་ཨ་སྱས་བཀོད་པའོ། །འདི་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་ཆོས་དང་མཐུན་པའི་མི་ཐམས་ཅད་དུས་མ་ཡིན་པའི་འཆི་བ་བསལ་ནས། ཚེ་དཔག་མེད་པའི་གོ་འཕང་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།