Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
སྤྱི་ཚོགས་བསྒྲལ་བའི་ལུང་།
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱི་ཚོགས་བསྒྲལ་བའི་ལུང་། next

སྤྱི་ཚོགས་བསྒྲལ་བའི་ལུང་།


DNG003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏིསྟ་སརྦ་ཀ་ཡ་ནཱ་མ། བོད་སྐད་དུ། སྤྱི་ཚོགས་བསྒྲལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་དབང་ཆེན་འདུས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཁོར་ཉེ་བའི་སྲས་མཆོག་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་ལྷ། །འདས་པའི་འཁོར་རྣམས་ཁྲོ་གཉེར་ལ། །སྤྱི་ཚོགས་བསྒྲལ་བ་བསྟན་དུ་གསོལ། །དེ་སྐད་ཞུ་བ་ཕུལ་གྱུར་ནས། །རང་རང་སྟན་ལ་ཉེ་བར་འདུག །དེ་ནས་ཉིད་ཀྱིས་རབ་ཏུ་བཤད། །ཀྱེ་མ་འདུས་པ་ཆེན་པོ་ཉོན། །ཚོགས་ཀྱི་ལུང་འདིར་བསྒྲལ་འདོད་པས། །བསྒྲལ་དང་སྤྱན་འདྲེན་མཆོད་རྫོགས་བྱ། །དཔའ་བོ་སྡེ་ང་བཤགས་པ་དང་། །བསྟབ་པ་གསུམ་གྱིས་མཆོད་པ་བྱ། །དེ་ནས་གིང་ཆེན་རྒྱན་ལྡན་དེས། །སྔགས་དང་ཕྱག་


DNG003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱིན་བརླབས་པས། །ཏིང་འཛིན་རྟ་མཆོག་སྐུར་ལྡན་པས། །མཆོད་པའི་ཕྱག་རྒྱས་ཉེར་མཆོད་དེ། །ལྷ་མོ་བཞི་ཡིས་ཉེར་མཆོད་དེ། །འདི་སྐད་བརྗོད་ཅིང་གླུ་ཆེན་བླང་། །ཧཱུཾ། མཆོད་པའི་གླུ་ཚིག་དབྱངས་ལྡན་པའི། །ཞི་ཁྲོའི་ཚོགས་དང་སེམས་དཔའ་ལ། །གཉིས་མེད་གར་གྱིས་མཆོད་པ་འབུལ། །ཆོས་དང་སེམས་དང་ཡིད་ཀྱིས་མཆོད། །ཨེ་མ་སངས་རྒྱས་ཀུན་སྦྱོར་བའི། །མཉམ་པའི་མཆོད་པ་ཆེན་པོས་མཆོད། །སྤྱན་ལས་མཆོད་པའི་ལྷ་འཕྲོས་པས། །གཟུགས་ཀྱི་མཆོད་པ་སྣ་ཚོགས་འབྱུང་། །ལག་གཉིས་གར་བསྒྱུར་བུམ་འཛིན་མས། །རྒྱལ་བ་མཉེས་ནས་སྤྱན་ལ་ཐིམ། །སྒྲ་ལས་མཆོད་པའི་ལྷར་གྱུར་པས། །སྒྲ་ཡི་མཆོད་པ་སྣ་ཚོགས་འབྱུང་། །ལག་གཉིས་གར་བསྒྱུར་རོལ་མོ་མས། །རྒྱལ་བ་མཆོད་བྱས་སྙན་ལ་ཐིམ། །ཤངས་ལས་མཆོད་པའི་ལྷར་གྱུར་ནས། །དྲི་ཡི་མཆོད་པ་སྣ་ཚོགས་འབྱུང་། །སྤྲོས་པས་རྒྱལ་བའི་སྐུ་མཆོད་ནས། །ལག་གཉིས་གར་བསྒྱུར་དྷཱུ་པེ་མས། །རྒྱལ་བ་མཉེས་བྱས་ཤངས་ལ་ཐིམ། །ལྗགས་ལས་མཆོད་པའི་ལྷར་གྱུར་པས། །རོ་ཡི་མཆོད་པ་སྣ་ཚོགས་བྱུང་། །སྤྲོས་པས་རྒྱལ་བའི་སྐུ་མཆོད་ནས། །ལག་གཉིས་གར་བསྒྱུར་ནི་ཝི་ཏེས། །རྒྱལ་བའི་སྐུ་མཆོད་ལྗགས་ལ་ཐིམ། །མཆོད་པའི་ལྷ་མོ་དེ་དག་ཀྱང་། །ལག་པས་གར་བསྒྱུར་རྐང་པས་སྟབས། །གཉིས་མེད་མཆོད་པ་རོལ་མོ་དང་། །པི་ཝང་འཛིན་དང་སྤོས་ཕོར་འཛིན། །ཞལ་ཟས་སྣ་ཚོགས་འཛིན་བྱེད་ཅིང་། །མཆོད་པའི་གླུ་དང་སྟབས་དང་ནི། །གར་གྱིས་ཐམས་ཅད་ཚིམ་པར་མཆོད། །ཡང་དག་སྐུ་དང་ཆོས་ཀྱི་སྐུ། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །ལྷ་མོ་བཞི་ཡིས་ཁེངས་གྱུར་ཏེ། །ཐམས་ཅད་མཆོད་པས་མཉེས་བྱས་ལ། །ཁྲོ་རྒྱལ་ཁྲག་འཐུང་ཐམས་ཅད་དང་། །ཞིབ་རྣམས་ལ་ཡང་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ཨོཾ་བཛྲ་གྷནྡྷེ་གྷན། བཛྲ་དྷཱུ་པེ་དྷཱུ། པུཥ྇་པུ། ཨོཾ་བཛྲ་ནཻ་ཝི་ཏེ་ཛ།


DNG003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏིང་ཧཱུཾ་ཛ། ཧཱུཾ། རྒྱལ་བ་ཞི་ཁྲོ་ཀུན་ལ་མཆོད་པ་ནི། །རང་བཞིན་མ་བསྐྱེད་རྫོགས་པ་ཡི། །ཡེ་ཤེས་ལྷ་ཚོགས་རོལ་ཅིག་དགོངས་སུ་གསོལ། །རྔ་དང་གླིང་བུ་དང་ནི་དུང་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཆ་ལང་དང་ནི་པི་ཝང་སྒྲ་མཆོག་དང་། །མཆོག་ཆེན་ལ་སོགས་སྒྲ་ཡི་རོལ་མོ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ། བུ་རམ་དང་ནི་ཀ་ར་སྦྲང་རྩི་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཆང་དང་མཱཾ་ས་ཀེའུ་འབྲས་ལ་སོགས། །རོ་ལྡན་བྲོ་མཆོག་ཡེ་ཤེས་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རཀྟ་དང་ནི་བདུད་རྩི་ཆེན་པོ་དང་། །དྲི་ཆུ་དྲི་ཆེན་བྱང་སེམས་དཀར་དམར་གྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཛ་གད་ལ་སོགས་རོ་མཆོག་བརྒྱ་རྣམས་ནི། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ་སྤོས་དང་རྒྱ་སྤོས་དང་དང་ནི་ཙནྡན་དང་། །དྲི་མཆོག་ལ་སོགས་དྲི་སྣ་ཚོགས་རྣམས་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ་རས་མཆོག་དང་ནི་དར་མཆོག་དམ་པ་དང་། །འཇམ་ཞིང་དྲོ་བའི་རེག་བྱ་སྣ་ཚོགས་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །སེམས་མཆོག་དང་ནི་ཡིད་ཀྱི་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རྣམ་ཤེས་ལ་སོགས་ཚོགས་ཀྱི་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རྟ་དང་གླང་ཆེན་ལ་སོགས་གསེར་དང་དངུལ། །བཻ་ཌཱུརྱ་དང་མན་ཤེལ་བྱེ་རུ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །དུང་དང་རྡོ་ཡི་དབྱིག་དང་ཟངས་ལྕགས་དང་། །གཡུ་དང་ནོར་དང་འབྲུ་དང་བང་མཛོད་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །གོས་དང་སྟན་དང་མལ་ཆ་ལ་སོགས་ཏེ། །སྣ་ཚོགས་གཟུགས་ཀྱི་མཆོད་པ་དམ་པ་བཞེས། །ཧཱུཾ། བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ། །རྣལ་འབྱོར་
ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཡོ་བྱད་སྣ་ཚོགས་པ་ཡི་མཆོད་པ་འདིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་གྱིས། །ཚེ་རབས་སྔ་ཕྱི་མེད་པའི་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྲོ་ཞིང་། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རིན་པོ་ཆེ་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ལོངས་སྤྱོད་ལྡན་པའི་སྐྱེས་བུར་འགྱུར། །དེ་བས་ལྷག་པའི་ཡོན་ཏན་འདི་ལྟར་འཐོབ། །ཡེ་ཤེས་བར་དོར་རང་སྣང་དག་པ་མཐོང་། །དེ་ལ་གོམས་ནས་མི་འགྱུར་ས་ལ་གནས། །སྤྲུལ་པ་སྟོང་གསུམ་གང་བར་འགྱེད་པར་འགྱུར། །དེ་ལྟར་བུ་ཡི་ཡོན་ཏན་ཐོབ་པར་འགྱུར། །ཡོན་ཏན་ཚོགས་ཀྱི་མཆོད་པ་དམ་པ་འདིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ཨ་ལ་ལ་ཧོ་ཐུགས་རྗེས་དགོངས་སུ་གསོལ། །ཨ་ལ་ལ་སྟེ་ཐུགས་རྗེས་དགྱེས་པས་བཞེས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩལ་དུ་གསོལ། །བདག་ལ་དབང་བསྐུར་ཚོགས་མཆོད་དགྱེས་པར་རོལ། །ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི། ཁཱ་ཧི་ཁཱ་ཧི། མཱང་ས། རཀྟ། ཙིཏྟ། མ་ཧཱ་བ་སུ་ཏ། གོ་རོ་ཙ་ན་བ་ལིངྟ་ཁཱ་ཧི། དེས་ནི་ཚོགས་ཀྱི་ལས་ཐམས་ཅད་ཤེས་པར་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། སྤྱི་ཚོགས་བསྒྲལ་བའི་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །རྫོགས་སོའོ།། །།


previousསྤྱི་ཚོགས་བསྒྲལ་བའི་ལུང་། next