Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
ས་བཞི་པ་འོད་འཕྲོ་བ་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousས་བཞི་པ་འོད་འཕྲོ་བ་བཤད་པ།next

ས་བཞི་པ་འོད་འཕྲོ་བ་བཤད་པ།


GLG012_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཞི་པ་འོད་འཕྲོ་བ་བཤད་པ།རྣམ་འདྲེན་མཁྱེན་པའི་ཆུ་འཛིན་ཕྲེང་བ་ལས། །ལེགས་བཤད་གྲུ་ཆར་གཡོ་བའི་བླ་མ་རྗེའི། །གསུང་རྒྱུན་སེམས་བསྐྱེད་བཞི་པའི་དབྱར་གྱི་རྔ། །དལ་གྱིས་རྒོད་དོ་ཤེས་ལྡན་རྣ་བ་ཉོན། །བཞི་པ་ས་བཞི་པ་འོད་འཕྲོ་བ་བཤད་པ་ལ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་ཚིག་བསྟན་པ། སྤངས་པའི་ཁྱད་པར་བསྟན་པ་དང་གསུམ། དང་པོ་ལ་ཚིག་གི་དོན་དང་། སྤྱིའི་དོན་གཉིས། དང་པོ་ནི། བརྩོན་འགྲུས་ཆོས་ཅན། བསོད་ནམས་དང་བློ་གྲོས་ཏེ་ཚོགས་ནི་གཉིས་ཀྱི་རྒྱུ་ཡིན་ཏེ། ཡོན་ཏན་མ་ལུས་པ་ཐོབ་ཅིང་འཕེལ་བ་ཁྱོད་ཀྱི་རྗེས་སུ་འགྲོ་བའི་ཕྱིར། ས་དེ་བཞི་པ་འོད་ནི་འཕྲོ་བ་ཆོས་ཅན། བརྩོན་འགྲུས་


GLG012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་གྱུར་པ་ཡིན་ཏེ། ཚོགས་གཉིས་ཀྱི་རྒྱུར་གྱུར་པའི་བརྩོན་འགྲུས་གང་དུ་ཆེས་འབར་བར་གྱུར་པའི་ས་ཡིན་པའི་ཕྱིར། ཤུ་ར་དང་ཝཱིར་རྣམ་པར་གནོན་པའི་བྱིངས་ཕྱི་མ་ལ། པྲྀཉ྄། ཌི་ཛུ་ཥི་ཨིནྲ་ཤཱ་སུ་སྟུ་བུ་གུ་ཧ་རྣམས་ཀྱི་ཀྱཔྲ་འོས་ཀྱཔྲ་ཀྱི་རྐྱེན་བྱིན། རྗེས་འབྲེལ་ཕྱིས་མཚམས་སྦྱར་བས་བཱིཪྱ་ཞེས་པ་བརྩོན་འགྲུས་སོ། །གཉིས་པ་ནི། སེམས་བསྐྱེད་འདིར་ས་བཞི་པ་གཙོ་བོར་བཏོན་ནས་འཆད་ན། དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཡོད་དེ། ས་བཞི་པར་ཡོན་ཏན་བྱེ་བ་ཕྲག་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་བ་ཐོབ་ཚུལ་ཡོད་དེ། རྗེས་ཐོབ་ཏུ་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆུང་ངུ་སྤང་ཕྱིར་ཚོགས་གསོག །མཚན་མ་མཐོང་ནས་སྟོང་ཉིད་ལ་མཉམ་པར་བཞག་པས་དེའི་དངོས་གཉེན་དུ་སོང་བ་ན་ལྔ་པར་འཕོ་ནུས་པ་སོགས་ཡོད་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་འཕེལ་ཚུལ་ཡོད་དེ། འདིར་སད་རྨི་གཉིས་ཀའི་གནས་སྐབས་སུ་རྣམ་གཡེང་གི་གོ་སྐབས་བཅོམ་སྟེ། བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པར་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། འཐབ་བྲལ་གྱི་བདག་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། འོད་འཕྲོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདིར་མཉམ་གཞག་ཏུ་བྱང་ཕྱོགས་སོ་བདུན་ཕྲ་རགས་མངོན་སུམ་དུ་བསྒོམས་པ་ལ་བརྟེན་ནས། རྗེས་ཐོབ་ཏུ་ས་སྔ་མ་ལས་ཀྱང་འོད་ལྷག་པའི་སྣང་བ་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྟེར་


GLG012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་གསུངས་པའི་ཕྱིར། འོ་ན་བྱང་ཕྱོགས་སོ་བདུན་དེ་ཇི་ལྟ་བུ་ཞེ་ན། གཞག་ཏུ་ཡོད་དེ། ལུས། ཚོར། སེམས།ཆོས་དྲན་པ་ཉེར་གཞག་བཞི། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་སྤེལ་བ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་བའི་ཡང་དག་སྤོང་བ་བཞི། འདུན་པ། བརྩོན་འགྲུས། སེམས་པ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་སྟེ་དབང་པོ་ལྔ། དད་པ་ལ་སོགས་པའི་སྟོབས་ལྔ། དྲན་པ། ཆོས་རབ་ཏུ་རྣམ་པར་འབྱེད་པ། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ཡང་དག་པའི་ལྟ་བ། རྟོག་པ། ངག །ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་རྣམས་ཡོད་པའི་ཕྱིར། ཕྲ་རགས་ཀྱི་ཁྱད་པར་ཡོད་དེ། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་མེད་པར་དམིགས་པའི་དྲན་པ་ཉེར་གཞག་ནི་རགས་པ་དང་། རང་བཞིན་མེད་པར་རྟོགས་པ་དེ་ཕྲ་བ་ཡིན་པའི་ཕྱིར། འདིར་བྱང་ཆུབ་ཕྱོགས་མཐུན་ཤེས་པའི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་རྒྱུ་མཚན་ཡོད་དེ། ས་འོག་མ་གསུམ་དུ་བསླབ་པ་གསུམ་ལ་སློབ་པའི་རྟེན་དང་། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ་རྣམས་རིམ་བཞིན་ཐོབ་ནས། འདིར་བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་བཞི་པ་ལ་འོད་འཕྲོ་བ་ཞེས་བྱ་སྟེ། ས་དེར་ནི་བདེ་
གཤེགས་སྲས་པོ་ལ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཆོས་སོ་བདུན་ལྷག་པར་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་སྣང་བ་ས་གསུམ་པར་ཐོབ་པའི་ཟངས་འོད་ལྟ་བུ་ལས་ལྷག་པ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལྟར་ཡིན་པའི་ཕྱིར། གསུམ་པ་ནི། ས་བཞི་པ་ཆོས་ཅན། སྤངས་པ་ཁྱད་པར་ཅན་དང་ལྡན་ཏེ། ས་བཞི་པའི་ངོ་སྐལ་གྱི་རང་སྟེ་བདག་ཏུ་ལྟ་བ་དང་། དེར་འབྲེལ་བ་སྟེ་དེས་དྲངས་པའི་ཉོན་མོངས་ཀྱི་ས་བོན་ཡོངས་སུ་ཟད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཞི་པ་གཏན་ལ་ཕབ་པ་ཡིན་ཏེ། ས་བཞི་པའི་ཡོན་ཏན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། བྱང་ཕྱོགས་སོ་བདུན་ཤིང་རྟ་གང་། །ངེས་ལེགས་ལམ་དུ་འདྲེན་པ་ལ། །བླ་མེད་བརྩོན་པའི་འཁོར་ལོ་འདིས། །ཤེས་ལྡན་རྣམས་ཀྱི་ཡིད་རབ་འཕྲོག །རྒྱལ་བའི་སྲས་པོ་སྙིང་སྟོབས་ཅན། །འོད་འཕྲོའི་ལམ་གྱི་རིམ་པ་རྣམས། །རྒྱལ་བའི་གསུང་བཞིན་བཤད་པ་ན། །འོད་ཀྱིས་མུན་སེལ་ཇི་བཞིན་ནོ། །བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས། སེམས་བསྐྱེད་པ་བཞི་པའི་ཚིག་དོན་སྤྱི་དོན་རྣམས་བཤད་ཟིན་ཏོ། །


previousས་བཞི་པ་འོད་འཕྲོ་བ་བཤད་པ།next